ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཐུབ་བསྟན་རྒྱ་མཚོ།
རིན་ཆེན་ཚོགས་ཟུང་བྱེ་བ་བརྒྱས་བསྐྲུན་གང་སྐུ་ལྷ་མིའི་མཆོད་སྡོང་ཉིད།།
དགེ་མཚན་སྟོང་གི་སྣང་བར་འགྲོགས་ནས་སྤོ་བོའི་ཡུལ་དུ་བལྟམས་པ་ན།།
དུས་གསུམ་མངོན་གཟིགས་ཆོས་ཀྱི་རྡོ་རྗེའི་བསླུ་མེད་ལུང་གི་བཀའ་རྟགས་བཞིན།།
བཀྲ་ཤིས་རོལ་མོ་འབུམ་གྱིས་བསུས་ཏེ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ།།
འཕོ་ཆེན་གཉུག་མ་རྡོ་རྗེའི་སྐུར་བཞེངས་རིམ་བགྲོད་ལམ་ལ་ལྟོས་མིན་ཡང་།།
རྨད་བྱུང་བསྟན་པའི་མིག་ལྟོས་ལ་དགོངས་ཟླ་བྲལ་མཁས་གྲུབ་རྒྱུ་སྐར་ཕྲེང་།།
བདེ་ཆེན་འཁོར་ལོའི་རྒྱན་དུ་ལེགས་བསྟེན་སྣ་ཚོགས་ཆོས་ཚུལ་ནམ་མཁའི་མཐའ།།
དྲི་བྲལ་མཁྱེན་པའི་མེ་ལོང་དྭངས་མར་ཡུད་ཙམ་ཞིག་གིས་གསལ་ཚུལ་མཛད།།
ཁྱད་པར་མཚུངས་མེད་རིགས་བདག་བླ་མ་ཐུབ་བསྟན་ཆོས་ཀྱི་ཟླ་བ་ལས།།
བསྟན་པའི་གཞི་མ་སོ་སོར་ཐར་ནས་ཐེག་རྩེ་ཡང་གསང་སྙིང་པོའི་བར།།
རྣམ་གྲོལ་གདམས་པ་ཚང་ལ་མ་ནོར་བུམ་པ་གང་བྱོའི་ཚུལ་མནོས་པས།།
བསླབ་གསུམ་རྣམ་དག་པད་དཀར་ཕྲེང་བའི་རང་མདངས་ཡོངས་སུ་རྫོགས་ཚུལ་ངོམས།།
བཅུ་ཕྲག་གཉིས་ཀྱི་ན་ཚོད་བརྒལ་རྗེས་གངས་ལྗོངས་རི་བོའི་སུལ་ཀུན་ཏུ།།
ཞབས་ཟུང་མི་ཤིགས་གསེར་གྱི་འཁོར་ལོ་ཅི་ཡང་མཛེས་པ་བཀོད་བྱས་ནས།།
མཐའ་ཡས་འགྲོ་བའི་སྐལ་བ་དང་འཚམས་རང་རང་ཡིད་ཀྱི་ཞིང་ས་རུ།།
སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་བསིལ་མོས་དོན་ལྡན་འབྲས་བུ་སྨིན་པར་མཛད།།
བརྩེ་བྲལ་དུས་ཀྱི་ཡོ་ལང་ནག་པོས་རྒྱལ་བསྟན་ཉི་མ་བསྒྲིབས་པ་ན།།
འཇིགས་མེད་བརྩོན་པའི་གོ་ཆ་བགོས་ཏེ་རྒྱུས་མེད་ལམ་འཕྲང་རི་ཆུ་སྟོང་།།
ཞབས་ཀྱི་ཆུ་སྐྱེས་འཁོར་ལོས་རེག་བཞིན་ཐུབ་བསྟན་ནོར་བུའི་བང་མཛོད་དེ།།
བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་སྙན་མོ་དབུས་གྱུར་ལྷོ་ཡི་ཕྱོགས་སུ་དྲངས།།
ཚང་ཚིང་ནགས་ཀྱིས་ཀུན་ཏུ་དཀྲིགས་ཤིང་གདུག་པའི་གཅན་གཟན་བར་མེད་རྒྱུ།།
ཚ་གདུང་དུས་མེའི་དབལ་ལ་འགྲན་ཞིང་མི་མིན་འབྱུང་པོས་གང་བའི་སར།།
ཕྱི་ཚུལ་འཚོ་བའི་མཐུན་རྐྱེན་དམན་ཡང་ཟླ་བྲལ་སྤོབས་པའི་ཤེད་མོང་གིས།།
གྲགས་པའི་མུ་ཁྱུད་དགུ་ཚིགས་བརྒལ་བའི་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཞེས།།
མཐོང་བ་བརྒྱུད་པའི་ཕྱག་བཞེས་དང་ནི་བཀའ་གཏེར་མན་ངག་རྒྱ་མཚོའི་མཛོད།།
གནའ་དེང་ཤེས་བྱའི་མཚོ་མོ་འབུམ་འཁྱིལ་མཁས་གྲུབ་བྱེ་བའི་རོལ་གནས་ཏེ།།
བཟང་དགུའི་ཕུན་ཚོགས་ཐང་མར་བརྡལ་བ་བརྗོད་ན་གྲངས་ཀྱིས་མི་མཚོན་པ།།
རྨད་བྱུང་ཐེག་པའི་སྡེ་འདི་བསྐྲུན་པས་རྒྱལ་བསྟན་སྣང་བ་ཕྱོགས་ཀུན་ཁྱབ།།
བགྲོད་བདེའི་ལམ་བུ་ཕྱོགས་ཕྱོགས་དྲངས་ཤིང་ཆུ་བོ་དག་ལ་ཟམ་པ་དང་།།
མཁོ་དགུའི་ལོངས་སྤྱོད་ཅི་ཡང་འཛོམས་པ་རྒས་གསོ་ཁང་དང་སྨན་ཁང་སོགས།།
ཡུལ་མིའི་འགྲོ་ལ་ཐུགས་རྗེའི་སྤྱན་རས་ལྷག་པར་རྗེས་སུ་ཆགས་པ་ཡིས།།
མངའ་སྡེ་གཞུང་གིས་ཆེ་མཐོང་རྟགས་མ་མགོན་པོ་གང་ལ་སྐྱེས་སུ་བཏེག །
མི་སྡུག་གཟུགས་ཀྱིས་ཁྲོ་གཉེར་ངོམས་ཀྱང་ཡིད་འོང་འཛུམ་པའི་མདངས་ཀྱིས་བསུས།།
སྒྲོ་སྐུར་ཚིག་གིས་མཚོན་ཆར་ཕབ་ཚེ་གཡོ་མེད་བྱམས་པའི་ངང་དུ་བཞུགས།།
སྲོག་ལ་རྒོལ་བའི་དུག་ཆུའི་ལན་དུ་མཛོ་མོ་གནང་བའི་ངང་ཚུལ་སོགས།།
ཚེ་ལོ་བརྒྱ་པའི་དྲང་སྲོང་རྒན་པོར་བསམ་བཞིན་ཅོ་འདྲི་མ་ཡིན་ནམ།།
སྲ་མཁྲེགས་རྡོ་དང་དཀར་ཟླུམ་དུང་ལ་ལྗགས་དང་ཞབས་ཀྱིས་རི་མོ་བྲིས།།
རྟེན་མེད་མཁའ་རུ་བུམ་སྒྲོ་བཞག་ཅིང་སྨྱུག་མའི་ཚེ་མདའ་རིང་བྱས་ལ།།
གདུག་པའི་འབྱུང་པོ་བྲན་དུ་བཀོལ་ཅིང་ཕྱི་མཐའ་གཟིགས་པའི་ལུང་བསྟན་སོགས།།
བགྲང་ཡས་གྲུབ་པའི་རྟགས་མཚན་དག་ཀྱང་མཐུན་སྣང་ཉིད་དུ་གྲུབ་པར་བྱས།།
རང་བྱུང་པདྨའི་རྒྱལ་ཚབ་མཛད་དེ་ཐུབ་བསྟན་སྤྱི་དང་སྙིང་པོའི་ཆོས།།
མཚོ་ལྔ་གླིང་བཞིའི་ཁོར་ཡུག་ཀུན་ཏུ་ཉི་ཟླའི་འོད་བཞིན་གསལ་བྱས་པས།།
སྙིང་རྗེའི་རང་གཟུགས་པད་དཀར་འཆང་སོགས་གཟུར་གནས་ཆེ་དགུ་དུ་མ་ཡིས།།
བསྟོད་པའི་མཐེ་བོང་གནམ་དུ་བསྒྲེངས་ཤིང་གྲགས་སྙན་རོལ་མོ་ཕྱོགས་ཀུན་བསྒྲགས།།
རྣམ་འདྲེན་སྟོང་རྩ་མངོན་པར་བྱང་ཆུབ་ཡུལ་དབུས་གནས་མཆོག་མ་གྷ་དྷར།།
མཚན་དཔེའི་ཉི་མ་ཞིང་འདིར་གཟིགས་པར་ཁྲི་ཕྲག་འཁོར་གྱི་རྗེར་བཞུགས་ཏེ།།
བསྟན་འགྲོར་སྨན་པའི་མཛད་པ་རྒྱ་མཚོས་ས་ཆེན་ཡོངས་སུ་འགེངས་བཞིན་དུ།།
རྟག་འཛིན་ཨ་འཐས་ཞགས་པ་གློད་ཕྱིར་ཕྱི་གསལ་གཟུགས་སྐུའི་བཀོད་པ་བསྡུས།།
དེ་ལྟ་ན་ཡང་རྒྱ་མཚོ་དུས་ལས་ནམ་ཡང་མི་ཡོལ་ཆུ་རླབས་བཞིན།།
རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་ཉིད་གྱུར་གདུལ་བྱའི་འགྲོ་ལ་རྗེས་ཆགས་པས།།
སྔོན་བྱོན་རིག་འཛིན་དུ་མའི་གཤེགས་ཤུལ་གནས་མཆོག་དྭགས་པོའི་ཕང་པ་རུ།།
ལྟ་བས་མི་ངོམས་མཚན་དཔེའི་ལང་ཚོ་སླར་ཡང་གདུལ་བྱའི་དཔྱིད་དུ་འཕོས།།
བགྲང་བྱའི་ཕུང་པོ་ཁུར་དུ་མ་བསགས་ན་ཚོད་འདབ་མ་ཕྲ་ན་ཡང་།།
རང་བཞིན་གཤིས་ཀྱི་མཛད་སྤྱོད་རེ་རེས་དད་བརྒྱའི་སྒོ་མོ་འབྱེད་མཁས་པ།།
མ་འོངས་སངས་རྒྱས་སྟོང་གི་རྒྱལ་ཚབ་བི་མ་ལ་ཡི་ཐུགས་བཅུད་དེ།།
དད་ལྡན་ཁྲི་མ་འབུམ་གྱིས་མཆོད་ས་འཁོར་སློབ་ཡོངས་ཀྱི་ཡོད་ཚད་ཡིན།།
མཆོག་ཏུ་མི༵་འགྱུ༵ར་བདེ༵་བ་ཆེ༵ན་པོ་རང་བྱུང་གཉུག་མའི་དགོངས་ཀློང་དུ།།
གསང་གསུམ་མཛད་པ་གཅིག་ཏུ་རྫོགས་ཤིང་ཕྲིན་ལས་རོལ་ག༵ར་འོད་སྣང་གིས།།
ཁམས་གསུམ་དབ༵ང་སྡུད་ཕྱོགས་ལས་རྣམ་རྒྱལ་མི་མཐུན་ཚོགས་ཀུན་ཟི༵ལ་གནོ༵ན་པ།།
ཞབས་པད་མི་ཤིགས་རྡོ༵་རྗེ༵འི་ཁྲིར་བཞུགས་སྐྱེ་དགུའི་ཡིད་ཀྱི་མགོན་གྱུར་ཅིག །