ཐ་སྙད་ཀྱི་རྣམ་གཞག་ཐེག་པའི་རྩེ་མོར་གྱུར་པ་གྲུབ་མཐའི་སེམས་ཙམ་པ་ཡིན་མིན་རོབ་ཙམ་བརྟག་པ།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཆོས་འཕེལ།

གནས་བཅུ་རིག་པའི་དབང་པོ་ཀུན་མཁྱེན་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བདག་གི་བློ་གྲོས་ཀྱི་གཏེར་སྒོ་རང་དགར་འབྱེད་པར་མཛད་དུ་གསོལ།

དེ་ཡང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།1 ཐ་སྙད་སྣང་བའི་ངང་ཚུལ་འདི་ལ་གནས་ན་ནི། ཕྱི་དོན་ཡོད་པ་ལ་རིགས་པས་གནོད་ཅིང༌། སེམས་ཙམ་ཡིན་པ་ལ་རིགས་པའི་སྒྲུབ་བྱེད་ཡོད་པས་ཚུར་མཐོང་གི་ས་ལས་མ་བརྒལ་བར་ཐ་སྙད་ཅིག་ཁས་ལེན་ན་འདི་ལས་གོང་དུ་གྱུར་པ་མེད་དེ། རྟོག་པའི་དབང་གིས་བཞག་པ་ཙམ་གྱི་ཆོས་རྣམས་དཔྱད་ན་གང་དུའང་མ་གྲུབ་ཀྱང༌། རང་ངོར་མྱོང་བའི་ཚུལ་གྱིས་བསླུ་མེད་དུ་སྣང་བ་འགོག་ཏུ་མེད་པ་འདི་སེམས་ཀྱི་སྣང་བའམ་རང་སྣང་ཙམ་དུ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་ནོ།། དེ་ལས་བརྒལ་ན་ཐ་སྙད་ལས་འདས་པའི་དོན་དམ་པའི་ས་ཡིན་གྱི། འདིའི་གོང་དུ་གྱུར་པའི་ཐ་སྙད་ཀྱི་རྣམ་གཞག་ཅིག་མི་སྲིད་པར་ཤེས་པར་བྱའོ། །དེས་ན་དཔལ་ཆོས་ཀྱི་གྲགས་པས་ཀྱང༌། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོའི་གནས་ཚུལ་ཇི་ལྟ་བར་གཟིགས་པའི་དགོངས་དོན་ཐ་སྙད་ཀྱི་རྣམ་གཞག་གསལ་བར་མཛད་པའི་སྙིང་པོ་ནི་དེ་ཙམ་ཡིན་ནོ།།

ཞེས་པས་མདོ་སྡེ་པ་སོགས་ཀྱིས་སྣང་བ་སེམས་ལས་ལོགས་སུ་གྱུར་པའི་ཕྱི་དོན་བེམ་པོ་སོགས་ཡོད་པར་ཁས་བླངས་པ་ལ་རིགས་པས་གནོད་བྱེད་འཇུག་པ་དང་། སྣང་བ་སྣ་ཚོགས་པ་ཐམས་ཅད་རང་གི་བག་ཆགས་སད་སྟོབས་ཀྱིིས་ཕྱིའི་གནས་དོན་ལུས་སུ་སྣང་བ་ལས། རིགས་པས་དེད་ན་སེམས་ཉིད་ལས་ལོགས་སུ་མེད་པར་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གཏན་ལ་ཕབ་པ་འདི་ཐ་སྙད་ཀྱི་ཡིན་ལུགས་དང་མཐུན་པར་རྒྱུ་མཚན་དུ་དྲངས་པ་སོགས་ལ་བརྟེན་ནས།  མཛའ་གཅུགས་ཀྱི་བརྩེ་སེམས་ཟབ་པའི་ཆོས་ཀྱི་གྲོགས་པོ་དག་གིས། གྲུབ་མཐའ་བཞིའི་ནང་ནས་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་མཆོག་ཏུ་གྱུར་པ་ནི་སེམས་ཙམ་པ་ཡིན་ནོ་ཞེས་གྲགས་པར། རང་གི་རྨོངས་འཆར་འགའ་ཞིག་དོགས་པ་ཁོང་སློང་གི་ཚུལ་དུ་གླེང་སྙིང་འདོད།  ཇི་ལྟར་ན་སྤྱིར་ཐ་སྙད་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་དུ་འདོད་པ་ཁོ་ནས་ཐ་སྙད་རྣམ་འཇོག་གི་ཚུལ་དབུ་མ་པ་ལས་ཁྱད་དུ་འཕགས་པར་སྒྲུབ་བྱེད་འགྲོ་དཀའ་བར་སེམས་ཏེ། རིགས་པའི་གནད་གསང་འདི་ནི་དབུ་མའི་གཞུང་ལུགས་རྣམས་སུའང་གསལ་རྒྱས་སུ་བསྟན་ཚུལ་འོག་ཏུ་འཆད་འགྱུར་ལྟར་ཡིན་པས་སྒྲུབ་བྱེད་མ་ངེས་ལ། ལྷག་པར་དུ་སེམས་ཙམ་པས་ཐ་སྙད་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བའི་གྲུབ་གཞི་འམ་སྣང་གཞིའི་ཀུན་གཞི་རྣམ་ཤེས་དང་སྣང་བ་སྣ་ཚོགས་པ་གཉིས་ནི། དབུ་མ་འཇུག་པ་ལས།2 ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། །ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་བྱུང་། །ཞེས་འབྱུང་བ་ལྟར་དཔེ་རྒྱ་མཚོ་དང་རྦ་རླབས་ལྟ་བུར་རྟེན་དང་བརྟེན་པར་བཞག་ཅིང་། དེ་ལྟའི་སེམས་སམ་གཞན་དབང་མཐར་ཐུག་གི་རྣམ་ཤེས་དེའང་ངོ་བོ་བདེན་གྲུབ་ཏུ་འདོད་པ་ཡིན་པས། རིགས་པས་ཞིབ་མོར་བརྟགས་ཤིང་དཔྱད་ན་གྲངས་ཅན་པས་རྣམ་འགྱུར་སྣ་ཚོགས་ཀྱི་སྣང་གཞི་སྤྱི་གཙོ་བོ་བཞག་པའི་སྤུན་མཆེད་ལས་མ་འདས་ལ། དེ་ལྟ་བུའི་བདེན་པར་གྲུབ་པའི་ཀུན་གཞི་རྣམ་ཤེས་དེ་ཐ་སྙད་ཚད་མའི་ངོ་ལའང་གྲུབ་པར་འཇོག་མི་ཤེས་སྟབས། གཏན་མེད་དུ་དོན་གྱིས་ཁས་ལེན་སོང་ཞིང་། དེ་མ་གྲུབ་ན་དེ་ལ་བརྟེན་པའི་ཐ་སྙད་ཀྱི་སྣང་བ་སྣ་ཚོགས་པ་འདིའང་རྩ་བ་མེད་པའི་ཡལ་གའི་ངང་ཚུལ་ལས་ཐ་སྙད་རིགས་པའི་རྣམ་གཞག་དང་མཐུན་པར་ཇི་ལྟར་འཇོག  དཔེར་ན་རྨང་གཞི་མེད་པའི་ཁང་པ་ཞིག་གྱང་དང་ཐོག་བཟོ་བཀོད་སོགས་ཅི་འདྲའི་ལེགས་ཀྱང་སྤུས་ཚད་ལྡན་པའི་ཁང་པར་མི་འཇོག་པ་བཞིན་ནོ།།

ཁོ་ན་རེ། གནོད་འགལ་འདི་སྤོང་བར་སེམས་ཙམ་པས་ཀུན་གཞི་བདེན་གྲུབ་མི་འདོད་དོ་ཟེར་སྲིད་ཀྱང་། དེ་ནི་མ་བརྟགས་པའི་གཏམ་སྟེ། དབུ་མ་འཇུག་པ་ལས།3 དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང་། །ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་སོགས་ཀྱིས་གཟུང་འཛིན་གྱི་སྤྲོས་པ་སྣ་ཚོགས་སུ་སྣང་བྱེད་ཀྱི་རྒྱུ་གཞན་དབང་གི་རྣམ་ཤེས་མཐར་ཐུག་པའམ་ཀུན་གཞི་རྣམ་ཤེས་དེ་ཉིད་བདེན་གྲུབ་ཏུ་འདོད་པ་གསལ་བར་བསྟན་པས་ཀྱང་དོགས་གནད་གསེད་བཀྲོལ་ཐུབ་ཅིང་། མ་ཟད་སེམས་ཙམ་པས་ཀུན་གཞི་བདེན་གྲུབ་ཏུ་མི་འདོད་ན་དབུ་མ་འཇུག་པ་སོགས་ཐལ་འགྱུར་བའི་གཞུང་རྣམས་ལས་ཀུན་གཞི་འགོག་པའི་རིགས་པ་རྣམས་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་རང་བཞིན་གྱིས་གྲུབ་པའམ་བདེན་པར་གྲུབ་པའིི་ཀུན་གཞི་འགོག་བྱེད་དུ་བསྟན་པར་གསུངས་པའི་རིགས་པའི་སྔ་རྒོལ་སུ་ཡིན་ད་གཟོད་འཚོལ་དགོས་པར་འགྱུར་བ་སོགས་གནོད་འགལ་གྱི་མཐའ་མི་ཁེགས་སོ།།

དེ་བས་ན་སེམས་ཙམ་པས་ཐ་སྙད་ཐམས་ཅད་ཀྱི་སྣང་གཞི་ཀུན་གཞི་བདེན་གྲུབ་ཏུ་འདོད་པ་རྣམས་དབུ་མ་འཇུག་པ་སོགས་ཀྱིས་བདེན་པ་གཉིས་ཆར་མ་གྲུབ་པར་རྒྱ་ཆེར་བཀག་ཀྱང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ཉིད་ཀྱིས་དབུ་མ་ཐལ་འགྱུར་བའི་ལུགས་ལའང་ཀུན་གཞི་ངེས་པར་ཁས་ལེན་དགོས་ཚུལ་ཀེ་ཏ་ཀ་སོགས་ལས་ནན་གྱིས་གསུངས་པ་རྣམས་ལ་ལེགས་པར་བརྟགས་ན་དབུ་མ་པས་ཐ་སྙད་གཟུང་འཛིན་གྱི་སྣང་གཞི་ཀུན་གཞི་འཇོག་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རྗེས་སུ་དཔག་སླ་ཞིང་། དེ་ཡོད་ན་དེ་དག་ལ་བརྟེན་པའི་ཐ་སྙད་རྣམ་འཇོག་གི་ཚུལ་ལུགས་རྣམས་ཀྱང་སེམས་ཙམ་པ་ལས་ཁྱད་དུ་འཕགས་པའང་དངོས་སྟོབས་ཀྱིས་རིགས་པས་གྲུབ་པ་མ་ཡིན་ནམ།

གལ་ཏེ་དེ་ལྟར་མིན་པར་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་དབུ་མ་པ་ལས་སེམས་ཙམ་པ་ཁྱད་དུ་འཕགས་པར་འཇོག་དགོས་ན། རྒྱུ་འབྲས་ཀྱི་རིམ་པ་གོ་ལྡོག་ཏུ་ཐལ་བ་སོགས་ཀྱིིས་གནོད་པར་དོགས་ཏེ། ཇི་ལྟར་ན་སེམས་ཙམ་པས་རྒྱུའམ་ཐབས་ཐ་སྙད་བདེན་པའི་རྣམ་གཞག་ཚུལ་བཞིན་དུ་ཤེས་ཀྱང་ཐབས་བྱུང་དོན་དམ་ཚད་མ་ཚུལ་བཞིན་རྒྱུད་ལ་མི་སྐྱེ་བ་དང་། དབུ་མ་པས་ཐབས་ཐ་སྙད་བདེན་པའི་རྣམ་གཞག་ཚུལ་བཞིན་འཇོག་མ་ཤེས་ཀྱང་། ཐབས་བྱུང་དོན་དམ་རྟོགས་པའི་ཚད་མ་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་བ་སོགས་རྒྱུ་འབྲས་གནས་མི་མཐུན་པའི་རྟེན་འབྲེལ་ཞིག་འོས་མེད་དོན་གྱིས་ཁས་བླངས་པར་མ་སོང་ངམ། དངོས་གནས་བྱས་ན་གྲུབ་མཐའ་གང་གིས་ཐབས་ཐ་སྙད་བདེན་པའི་འཇོག་སྟངས་ཡང་དག་པའམ་མཆོག་ཏུ་གྱུར་པ་ལ་བརྟེན་ནས་འབྲས་བུ་ཐབས་བྱུང་དོན་དམ་དེ་ཉིད་ཀྱི་ཚུལ་ཡང་ཁྱད་དུ་འཕགས་པ་ཞིག་དགོས་ཏེ། དཔེར་ན་རྒྱུ་བཟང་པོ་ལ་བརྟེན་ནས་འབྲས་བུ་བཟང་པོ་འབྱུང་བ་ལྟར་ཐབས་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་ཡང་དག་པ་ལས་དེ་ལ་བརྟེན་པའི་ཐབས་བྱུང་དོན་དམ་གྱི་འཇོག་སྟངས་ཀྱང་ཡང་དག་པ་ཞིག་འབྱུང་དགོས་པའང་རྒྱུ་འབྲས་ཀྱི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཞིང་། རྩ་ཤེས་ལས།4ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། འཇུག་པ་ལས།5 ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པའི་སྙིང་པོའི་བསྟན་དོན་ཡང་འདི་ལས་མ་འདས་སོ།།

མ་ཟད་གཞུང་གི་སྤྱི་ཁོག་མཁྱེན་མཁན་ཞིག་ཡིན་ན་དབུ་མའི་གཞུང་ལུགས་རྣམས་སུ་ཆོས་ཅན་ཐ་སྙད་ཀུན་རྫོབ་བདེན་པའི་ཡིན་ལུགས་ཚུལ་བཞིན་དུ་རྟོགས་པ་སྔོན་དུ་མ་སོང་བར་ཆོས་ཉིད་དོན་དམ་གྱི་ལྟ་བ་རྣལ་མ་ཞིག་རྒྱུད་ལ་སྐྱེད་དུ་མེད་པར་བསྟན་པའི་རྒྱུ་མཚན་ཙམ་ལ་བསམས་ནའང་དབུ་མ་པས་ཐ་སྙད་རྣམ་འཇོག་གི་ཚུལ་ཡང་དག་པའི་སྒྲུབ་བྱེད་མངོན་གསལ་དུ་གྲུབ་ཅིང་། ཐ་སྙད་ཀྱི་རང་བཞིན་ཆེས་ཕྲ་བ་ཡིད་ཆེས་ལུང་ལས་དངོས་སྟོབས་རིགས་པས་འཚོལ་སྒྲུབ་མི་ནུས་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་ཚུལ་འདི་ཡིན་ལ། དེ་ཡང་དབུ་མ་པ་ལས་ཐེག་པ་འོག་མ་པ་དག་གིས་ཚུལ་བཞིན་འཇོག་མ་ཤེས་པའང་ཆེས་གསལ་ཁའི་མཐུན་དཔེ་དུ་མ་ཞིག་གཞག་ཏུ་ཡོད་དེ།  མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དང་། རིགས་ཆད་པའི་གང་ཟག་ཡོད་པར་འདོད་པ་དང་།  རྒྱུ་འབྲས་རྟེན་འབྲེལ་གྱི་སྣང་གཞི་རྫས་གྲུབ་ཏུ་འདོད་པ་སོགས་ཐམས་ཅད་ཀྱང་ཐ་སྙད་རྒྱུ་འབྲས་རྟེན་འབྲེལ་གྱི་རང་བཞིན་ཡང་དག་པ་ཞིག་མ་ཤེས་པའི་དབང་གིས་བྱུང་བའི་གཏན་ཚིགས་སུ་ཅི་སྟེ་འདྲེན་མི་རིགས། དེ་བཞིན་ཐེག་པ་འོག་མ་དག་གིས་ཐ་སྙད་དུ་སྣང་བ་སྣ་ཚོགས་སུ་འཆར་རུང་བའང་རྩ་བའི་སྣང་གཞིའི་རྫས་རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་ཡོད་པའི་དབང་གིས་བྱུང་བར་ཁས་བླངས་པ་དང་། དབུ་མ་པས་ནི་རྩ་ཤེས་ལས།6 གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་དང་། དབུ་མ་འཇུག་པ་ལས།7 དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་པ་ལྟར་ཐ་སྙད་ཀྱི་སྣང་བ་ཇི་སྙེད་པ་ཐམས་ཅད་ཀྱང་སྣང་གཞི་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ཡིན་པའི་རྒྱུ་མཚན་གྱིས་སྣང་བ་འགོག་མེད་དུ་འཆར་བར་གསུངས་པས། འདི་གཉིས་ཀྱི་ཐ་སྙད་རྟེན་འབྲེལ་གྱི་རྣམ་གཞག་འཇོག་སྟངས་ལ་རིགས་པའི་རྩལ་འཕང་མཐོ་དམན་གནམ་སའི་ཁྱད་ལྟར་ཤོར་ཅིང་། དབུ་མ་པས་ཐ་སྙད་རིགས་པས་དཔྱད་ནས་འཇོག་པའི་ཚེ་ནའང་སྣང་གཞིའི་སེམས་ཤིག་རང་བཞིན་གྱིས་གྲུབ་པ་མི་བཞེད་པར། རྐྱེན་ཉིད་འདི་པ་ཙམ་མམ་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་པ་མཐའ་དག་སེམས་ཀྱི་རང་སྣང་ལས་གཞན་དུ་མ་གྲུབ་པར་སེམས་གསལ་རིག་ཙམ་གྱི་བདག་ཉིད་དུ་བཞེད་པ་འདི་ཐ་སྙད་ཀྱི་ཡིན་ལུགས་ཡང་དག་པར་གནས་པ་ཡིན་སྙམ།

དེས་ན་དབུ་མ་རྒྱན་འགྲེལ་ལས་ཐ་སྙད་རྣམ་འཇོག་གི་ཚུལ་སྣང་བ་ཐམས་ཅད་སེམས་ཙམ་དུ་འདོད་པ་འདི་ལས་གོང་དུ་མེད་པར་གསུངས་པ་ཡང་སེམས་ཙམ་པས་སྣང་བ་སེམས་ཀྱི་བདག་ཉིད་དུ་འདོད་ཚུལ་འདི་ལས་གོང་དུ་མེད་ཅེས་པའི་དོན་དུ་གཏན་ནས་གོ་བར་མི་བྱའོ།  །འོ་ན་གཞུང་དོན་ཇི་ལྟར་ཡིན་ཞེ་ན། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།8 འདི་ལྟར་ཀུན་རྫོབ་བདེན་པ་ཉན་ཐོས་ཀྱི་ཚུལ་དུ་སྨྲ་བ་ནི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ལ། དེ་ཉིད་རང་གི་སེམས་ཙམ་དུ་གནས་པ་ནང་གི་དབུ་མ་ཞེས་བྱ་ཕྲ་བ་ཡིན་ནོ།།

ཞེས་དབུ་མ་ལ་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་ལུགས་གཉིས་དྲངས་པ་བཞིན་ཕྲ་བ་ནང་གི་དབུ་མ་དང་། རགས་པ་ཕྱི་ཡི་དབུ་མ་པ་གཉིས་ལས་ཕྲ་བ་ནང་གི་དབུ་མ་པས་ཐ་སྙད་ཀྱི་སྣང་བ་སྣ་ཚོགས་པ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་འཇོག་ཚུལ་འདི་ལས་གོང་དུ་ཐེག་པ་གཞན་མེད་ཅེས་པའི་དོན་དུ་འགྲེལ་ཏེ། འདི་པས་ཐ་སྙད་བདེན་པ་རིགས་པས་གཏན་ལ་འབེབས་སྐབས་དང་རྣལ་འབྱོར་ཉམས་སུ་ལེན་པའི་ཚེ་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མའི་དཔེ་ལྟར་མ་རིག་བག་ཆགས་སྟོབས་ཀྱིས་ཕྱི་རོལ་དོན་གྱི་རྣམ་པར་འཁྲུལ་ནས་སྣང་བ་འབའ་ཞིག་ལས་ཕྱི་ཡུལ་གྱི་དོན་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་བསྟན་ཅིང་། དེ་ཡང་རྐྱེན་ཉིད་འདི་པ་ཙམ་ལས་སྣང་གཞི་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་པར་བཞེད་པས་སོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།9 འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་དགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཡེ་ཤེས་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སེམས་ལས་གཞན་མ་ཡིན།། ཞེས་དང་། སློབ་དཔོན་འཕགས་པ་ལྷས།10 ཕྱི་རོལ་དོན་ནི་ཡོད་མ་ཡིན། །རང་གི་སེམས་ནི་མཐོང་བར་འགྱུར། །དེ་ཡང་སྒྱུ་མར་བསྒོམ་བྱ་ཞིང་། །དེ་བཞིན་ཉིད་ཀྱང་རྗེས་དྲན་བྱ། །ཞེས་དང་། སློབ་དཔོན་ཟླ་བ་གྲགས་པས།11 དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང་། ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ནི་ཅི་ཡང་མེད་དོ། །ཞེས་དང་།12 རྒྱལ་སྲས་ཆེན་པོ་ཞི་བ་ལྷས།13 ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་ཀྱིས་གནས་དོན་ལུས་གསུམ་གྱི་སྣང་བ་ཐམས་ཅད་སེམས་སུ་བསྟན་པའི་ཕྱིར་རོ།།

དེས་བས་ན་དབུ་མ་རིན་ཆེན་སྒྲོན་མ་ལས།14 ཕ་རོལ་རྒོལ་བ་ཟློག་པ་དང་། །བསྟན་བཅོས་ཆེན་པོའི་གཞུང་དང་ནི།། རྩོད་པ་ཆེན་པོ་འབྱུང་དུས་སུ། །རགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ན་ཞལ་གྱི་གདམས་པ་ཡིན། །ཞེས་པ་ལྟར་ཟབ་མོ་དབུ་མའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་བཅས་པས་ཀུན་རྫོབ་ཐ་སྙད་ཀྱི་རྣམ་གཞག་འབྱེད་སྟངས་ལ་སྐབས་ཀྱི་དབྱེ་བ་གཉིས་སུ་གནས་པར་སེམས་ཏེ། དེ་ཡང་ཐ་སྙད་བདེན་པའི་ཚུལ་རིགས་པས་དཔྱད་ནས་འཇོག་པ་དང་རྣལ་འབྱོར་ཉམས་སུ་ལེན་པའི་སྐབས་རྣམས་སུ་ཐ་སྙད་ཀྱི་སྣང་བ་ཇི་སྙེད་པ་སེམས་ཀྱི་བདག་ཉིད་ལས་ལོགས་སུ་མ་ཡིན་པར་སེམས་ཉིད་དུ་འདོད་པ་ནི་གོང་དུ་དྲངས་མ་ཐག་པ་ལྟར་གྱི་ལུང་རྣམས་ཀྱིས་བསྒྲུབས་པ་ཡིན་ལ། གཞན་ཕ་རོལ་གྱི་རྒོལ་བར་རྩོད་པའི་སྐབས་དང་དོན་དམ་རྩལ་དུ་བཏོན་ནས་གཞུང་འཆད་པའི་སྐབས་རྣམས་སུ་ཐ་སྙད་ཀྱི་ཚུལ་ཉན་ཐོས་དང་མ་བརྟགས་འཇིག་རྟེན་པའི་ལུགས་ལྟར་དུ་འཆད་ཚུལ་ནི།

འཇིག་རྟེན་མཐུན་འཇུག་གི་མདོ་ལས། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ངས་ཀྱང་མེད་པར་བཞེད་དོ། །ཞེས་དང་། དབུ་མ་འཇུག་པ་ཉིད་ལས་ཀྱང་།15 འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་དང་། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཞེས་དང་།16 ཚིག་གསལ་ལས།17 འཇིག་རྟེན་གྱི་ཀུན་རྫོབ་ཏུ་ནི་བུམ་པ་ལ་སོགས་པ་རྣམས་མངོན་སུམ་ཉིད་དུ་ཁས་བླང་བར་བྱ་བ་ཁོ་ནའོ། །ཞེས་པ་ལྟར་འཇིག་རྟེན་རང་ག་བའི་སྣང་ཚུལ་དང་མཐུན་པར་སེམས་ལས་ལོགས་སུ་གྱུར་པའི་ཕྱིའི་ཡུལ་གཟུགས་སོགས་འཇིག་རྟེན་གྲགས་ཚོད་ལྟར་ཡོད་པར་ཁས་ལེན་པ་སོགས་གཞུང་སོ་སོའི་བསྟན་དོན་རྣམས་སྐབས་ཐོག་མ་འཛིངས་པར་སྤུ་རིས་འབྱེད་པའང་གལ་ཆེ་བ་ཡིན་སྙམ་སྟེ། དབུ་མའི་གཞུང་འགར་སྣང་བ་སེམས་ལས་ལོགས་སུ་གྱུར་པའི་གཟུགས་སོགས་ཕྱི་ཡུལ་གྱི་རྣམ་གཞག་ཞལ་གྱིས་བཞེད་པ་དང་། ཡང་སྐབས་འགར་གང་སྣང་ཐམས་ཅད་སེམས་ཀྱི་རང་སྣང་ཙམ་དུ་བསྒྲུབས་པའང་སྐབས་ཀྱི་དབྱེ་ཚུལ་འདི་གཉིས་ཀྱི་སྙིང་དོན་ཚུལ་བཞིན་དུ་གོ་བ་ལོན་ན་འགག་གནད་རྣམས་རང་གྲོལ་དུ་འགྱུར་བས་སོ།།

དེ་བཞིན་སློབ་དཔོན་གྱི་དབུ་མ་འཇུག་པའང་ཕ་རོལ་པོའི་ལོག་རྟོག་ཟློག་པའི་ཆེད་དང་།  གཙོ་བོ་དོན་དམ་རྩལ་བཏོན་བྱས་ནས་འཆད་པའི་གཞུང་ཡིན་པས། ཐ་སྙད་རྣམ་འཇོག་གི་ཚུལ་རྣམས་ཐེག་པ་འོག་མ་ཉན་ཐོས་དང་འཇིག་རྟེན་ཐ་མལ་པ་ལ་གྲགས་ཚོད་དང་མཐུན་པར་བཞེད་དགོས་པ་གོང་དུ་དྲངས་མ་ཐག་པའི་གཞུང་ཚིག་རྣམས་ཀྱིས་གསལ་བར་བྱས་ཡོད་ཀྱང་། དེ་ལྟར་མ་གོ་བར་ཡང་འགས་གཞུང་འདིའི་ཐ་སྙད་རྣམ་འཇོག་གི་ཚུལ་སེམས་ཙམ་དུ་བཞེད་དོ་ཞེས་འགྲེལ་བར་བྱེད་མོད། དེ་ཡང་རིགས་པར་མི་སེམས་ཏེ། གལ་ཏེ་གཞུང་འདིས་སེམས་ཙམ་པ་ལྟར་སྣང་᪠་ཐམས་ཅད་སེམས་ལས་ལོགས་སུ་མ་མཆིས་པར་འདོད་པ་ཡིན་ན། དབུ་མ་འཇུག་པ་ལས།18 དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར།། འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཞེས་དང་། དེའི་རང་འགྲེལ་ལས་ཀྱང་།19 སེམས་ཙམ་གཙོ་བོར་གྱུར་པ་ལ་ཡང་གཞན་གཙོ་བོ་ཡིན་པ་བཀག་ནས་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་བྱ་བར་ཤེས་པར་བྱའོ།།

དེའི་ཕྱིར་འདིས་ནི་གཟུགས་ལ་སོགས་པ་རྣམས་གཙོ་བོ་ཉིད་ཡིན་པ་སེལ་བར་སྟོན་པ་ཡིན་གྱི། སེམས་ཙམ་ཞིག་ཁོ་ན་ཡོད་ཀྱི་གཟུགས་ནི་མེད་དོ་ཞེས་ཡོད་པ་ཉིད་འགོག་པ་ནི་མ་ཡིན་ནོ། །ཞེས་སྣང་བ་སེམས་སུ་བསྟན་པའི་མདོ་ལུང་རྣམས་སྒྲ་ཇི་བཞིན་མིན་པར་ཐ་སྙད་ཀྱི་སྣང་བ་སྣ་ཚོགས་འདི་ཡང་། ཕྱི་རོལ་མུ་སྟེགས་པ་ལྟར་སེམས་ལས་གཞན་པའི་བྱེད་པ་པོ་དང་ཟ་བ་པོ་ཞིག་ཡོད་པར་བསལ་ནས་དེ་དག་ཐམས་ཅད་ཀྱི་བྱེད་པོ་གཙོ་བོ་སེམས་ཡིན་པར་བསྟན་པའི་དོན་དུ་དགོངས་པར་གསུངས་པ་དང་། གང་སྣང་ཐམས་ཅད་སེམས་ཡིན་པར་འདོད་པ་འདི་ཐ་སྙད་དུའང་མི་འཐད་པར་དགག་པ་རྒྱ་ཆེར་སྤྲོས་པ་རྣམས་ཀྱི་དགོངས་ཕུགས་གང་དུ་འགྲེལ། འདི་ལ་སྙིང་ཉེ་བའི་ཆོས་གྲོགས་འགས། དེ་ནི་ཐ་སྙད་སྣང་ཚུལ་དུ་བསྒྲུབས་པ་ཡིན་གྱི་ཐ་སྙད་གནས་ཚུལ་ལ་གཞུང་འདིས་ཀྱང་སྣང་བ་ཐམས་ཅད་སེམས་སུ་བཞེད་དོ་ཟེར་བའང་མི་འཐད་དེ། ཐ་སྙད་སྣང་ཚུལ་དུ་སེམས་ཙམ་པས་ཀྱང་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་མི་འདོད་པས་དེ་ལྟར་སྒྲུབ་དགོས་དོན་མེད་ལ། ཐ་སྙད་གནས་ཚུལ་དུ་འདི་པས་སྣང་བ་ཐམས་ཅད་སེམས་ལས་ལོགས་སུ་མ་གྲུབ་པར་བཞེད་ཅེས་པའང་ཤིན་ཏུ་ནས་མི་རིགས་ཏེ། ཇི་ལྟར་ན་ཐ་སྙད་གནས་ཚུལ་དུ་ཕྱི་ཡུལ་གྱི་སྟེང་དུ་མ་གྲུབ་པར་སྣང་བ་སྣ་ཚོགས་པ་ཐམས་ཅད་སེམས་ཡིན་ན་སེམས་ཙམ་པ་ལྟར་འདི་པའི་ལུགས་ལའང་ཐུན་མོང་བལྟ་བྱའི་ཡུལ་ཞིག་མི་སྲིད་པར་འགྱུར་ཏེ། གང་ཟག་སོ་སོ་ལ་སྣང་བའི་ཡུལ་ཐམས་ཅད་གང་ཟག་སོ་སོའི་སེམས་ཡིན་པས་དེ་ཉིད་རྒྱུད་ཐ་དད་པའི་གང་ཟག་གཞན་སུ་ལའང་སྣང་དུ་མི་རུང་ན། སེམས་ཙམ་པ་བཞིན་དབུ་མ་པས་ཀྱང་འགྲོ་བ་ཐུན་མོང་གི་བལྟ་བྱའི་གཞི་གཅིག་ཡུལ་གྱི་སྟེང་ན་འཇོག་མི་ཤེས་ཤིང་། དེ་ལྟར་འདོད་ན་དབུ་མ་པས་རིགས་དྲུག་ཐུན་མོང་གི་བལྟ་བྱ་ཞིག་ཡུལ་གྱི་སྟེང་ན་ཡོད་པར་བསྒྲུབས་པའང་ངལ་བ་འབྲས་མེད་དུ་འགྱུར་རོ།།

དམ་པ་གོང་མ་རྣམས་ཀྱི་ལད་ཟློས་ཙམ་གྱི་དགེ་རྩ་ཆུང་ངུ་འདིས་ཀྱང་མཐའ་ཡས་འགྲོ་བ་མ་ལུས་པའི་སྲིད་པའི་སྡུག་བསྔལ་གྱི་རྩ་བ་རྨང་མེད་ཧྲུལ་པོར་བྱེད་པའི་རྒྱུ་རུ་བསྔོའོ།།


  1. རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༤༩
  2. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༣༢
  3. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༣༢
  4. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༢༩ ཤོག་གྲངས། ༨༤
  5. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༣༩
  6. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༢༩ ཤོག་གྲངས། ༨༤
  7. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༣༠
  8. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༧
  9. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༧
  10. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༧
  11. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༨
  12. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༨
  13. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༡༩༠
  14. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༡ ཤོག་གྲངས། ༤༢༩
  15. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༥༧
  16. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༦༧
  17. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༢
  18. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༧ ཤོག་གྲངས། ༦༤༡
  19. ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིེའི་དེབ་གྲངས། ༡༣༨ ཤོག་གྲངས། ༡༥༦
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།