ཀློང་ཆེན་པ་འདས་ནས་མི་ལོ་ ༦༥༠ འཁོར་བའི་འདས་མཆོད་དུ།
འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན།
ཐབས་ལམ་ཉི་མའི་འོད་སྣང་དཀར་པོ་ཞིག །
བྱང་ཕྱོགས་ཁ་བ་ཅན་དུ་ཕོག་པ་ན།།
གངས་ལ་སེང་གེ་འགྱིང་འདྲའི་བླ་མ་དེ།།
མདོ་རྒྱུད་བསྟན་པའི་བདག་པོ་ཀློང་ཆེན་པ།།
གཅིག་གསུམ་ཀླད་ཀོར་བརྒྱད་པའི་ཕྱི་ཉིན་མ།།
(༡༣༠༨) གཡོ་རུའི་སྟོད་དུ་དུང་གི་ཟླ་བ་བཞིན།།
ལྷ་མིའི་མངག་གཞུག་མཚར་མོའི་ཆོ་འཕྲུལ་འོག །
བསོད་ནམས་རྒྱན་གྱིས་བསྐྱེད་པ་ལུང་མང་བ།།
སྐྱེས་པའི་ལོ་གྲངས་ཉུང་བའི་ནམ་དུས་ནས།།
མཁྱེན་པའི་ཤེས་བྱ་མོད་པོས་མ་ཚིམས་པར།།
སྒྱེ་སྣོད་ཅིག་དང་དངུལ་ཆུའི་རིལ་བུ་ཡིས།།
ནམ་ཟླ་བཅད་དེ་སྣ་ཚོགས་རང་སར་གྲོལ།།
མཐོན་པོ་བོད་ཀྱི་རིས་མེད་བསྟན་འཛིན་ཞབས།།
བརྩོན་པ་གསུམ་གྱིས་བཏུད་པའི་ཐོས་བསམ་པ།།
ཕྱོགས་མེད་གྲུབ་པའི་མཐའ་ལ་མངའ་བརྙེས་ནས།།
གངས་ལྗོངས་འཇམ་པའི་དབྱངས་ཀྱི་ཁྲི་ལ་འགྱིངས།།
སྟོང་ཆེན་ནམ་མཁའི་དབྱིངས་ན་ཤར་བ་ཡི།།
འོད་ཀྱི་བདག་པོ་ཀུ་མཱ་ར་ཛཱའི་ཞབས།།
མཉེས་པ་གསུམ་གྱིས་སྙིང་སྟོབས་ངོམ་པའི་ཁྲོད།།
སྣང་སེམས་དབང་དུ་འབྱོར་བའི་ཀུན་མཁྱེན་པ།།
རླབས་ཆེན་མཁའ་དང་མཉམ་པའི་ཐུགས་བསྐྱེད་འོག །
གངས་རི་ཐོད་དཀར་མགུལ་དུ་གཡུ་འབྲུག་བཞིན།།
གྲགས་པའི་མོད་ལ་གྲགས་པ་དོན་ལྡན་པའི།།
སྙིང་ཐིག་སྙིང་ལ་གདམས་པའི་ཀློང་ཆེན་པ།།
བཤད་དང་སྒྲུབ་པའི་རླུང་གི་གཤོག་པ་ཅན།།
དྲི་མེད་འོད་ཟེར་བྱང་གི་བྱ་རྒྱལ་ཁྱུང་།།
ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཆོས་ཚན་ཁྲོད།།
ནམ་མཁའི་དབྱིངས་ན་ལྡིང་བ་ཀློང་ཆེན་པ།།
ཚང་ཚིང་སྣ་མང་འཁྲིགས་པའི་ལུང་ཁ་ན།།
ལུང་རིགས་མཆེ་སྡེར་རྫོགས་པའི་དམར་ཡག་སྟག།
ལྟ་གྲུབ་གསེར་ནག་བརྩེགས་པའི་བ་གམ་སྟེང་།།
རྒྱ་རྫོང་ནགས་ན་འགྱིང་བ་ཀློང་ཆེན་པ།།
དགུན་གྱི་གྲང་ངར་མུན་པའི་ནང་ཐིམ་ནས།།
རྨི་ལམ་མིག་ཆུས་དེད་པའི་དགོང་ཁ་ཞིག།
(༡༣༦༣/༡༢/༡༨) གངས་ཀྱི་ཀ་བ་ཆག་པའི་ན་ཟུག་དེ།།
དུས་ཀྱི་མཐའ་ནས་ཁོ་བོའི་སེམས་ལ་ལྡང་།།
མེ་ཏོག་བཞིན་དུ་ཁྱེད་རང་ཡལ་བ་ན།།
ས་ཡི་སྒལ་ཚིགས་ཆད་པའི་འོ་དོད་དེ།།
སྔོན་པོ་གནམ་ལ་ཕོག་པའི་སྙིང་རྗེའི་འོག།
ཤི་མ་གསོན་དུ་ལུས་པ་ངེད་ཅག་གཟིགས།།
འདི་ནས་ཕ་རྗེས་བུ་ཡིས་མ་ཟིན་ཅིང་།།
བུ་ངན་འཆོལ་ཉོག་སྤྱོད་པས་འཁྱམ་པ་ན།།
སྙིང་རྗེའི་ཞགས་པ་དམར་པོས་བསྡམ་གནོངས་དང་།།
ནང་གི་སེམས་པ་དཀར་པོ་དཀར་རྐྱང་ཡིན།།
༢༠༡༣/༠༡/༣༠ བོད་ ༢༡༣༩ /༡༢/༡༨