ཡང་གསང་རྫོགས་པ་ཆེན་པོའི་གཤིས་གཞིའི་རྣམ་གཞག་མདོ་ཙམ་གླེང་བ།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། པདྨ་དབང་འདུས།

བླ་མ་དང་གཉིས་སུ་མེད་པའི་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།
བདག་གི་རྒྱུད་བྱིན་གྱིས་རློབ་པར་མཛད་དུ་གསོལ།

སྤྱིར་རྫོགས་པ་ཆེན་པོའི་གཞི་འདོད་ལུགས་བདུན་ངོས་བཟུང་བ།

དེ་ཡང་གང་ཟག་རྣམ་པ་གཉིས་ཀྱི་དབང་དུ་བྱས་ཏེ་ཕྱོགས་རེ་བར་ཞེན་པས་གཞི་བདུན་དུ་འདོད་པ་སྟེ། གཞི་ལྷུན་གྲུབ་ཏུ་འདོད་པ། གཞི་མ་ངེས་པར་འདོད་པ། གཞི་ངེས་པ་དོན་གྱི་དངོས་གཞི་བར་འདོད་པ། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ། གཞི་སྣ་ཚོགས་སུ་འདོད་པ། གཞི་ཀ་དག་ཏུ་འདོད་པའོ།།

ཡོན་ཏན་རིན་པོ་ཆེ་མཛོད་ལས།1 རེ་ཞིག་གཞི་ཡི་བཞུགས་ཚུལ་གྲུབ་པའི་མཐའ། །ཀ་དག་ལྷུན་གྲུབ་མ་ངེས་ངེས་པ་དོན། །ཅིར་ཡང་བཏུབ་དང་ཅིར་ཡང་ཁས་བླང་བཏུབ། །སྣ་ཚོགས་འདོད་པའི་གཞི་བདུན་ཐམས་ཅད་ཀྱང་། །ངོ་བོ་ཀ་དག་གཅིག་པུའི་ཕྱོགས་རེ་ལ། །སོ་སོར་བཏགས་པའི་རང་གཞུང་འཛིན་པ་གཞན།། ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆེད་དང་། །ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །ཞེས་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས།2 བབས་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལས་ཀྱང་། །སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ། །འགྱུ་ཚད་ཆ་ནས་ངེས་མེད་པ། །མི་འགྱུར་བ་ལས་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་ཐ་དད་ཁྲ་བོར་འདོད། །ཅེས་དང། ཀློང་དྲུག་པ་ལས།3 ཐོག་མ་བབས་ཀྱིས་གྲུབ་པའི་གཞི། །ཡོད་པ་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །རྟོགས་པ་རྣམས་ཀྱིས་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་སྣང་།  །རིམ་པ་བདུན་གྱི་སྣང་བ་ཡང་། །ངོ་བོ་གཅིག་གིས་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་།། འོན་ཀྱང་དེ་དོན་འདི་ལྟར་ཏེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་བསྡུས་པ་སྙིང་པོར་སྣང་། །ངེས་པ་མེད་པར་གནས་པ་ལ།། འགྱུར་བྱེད་ཡིད་བཅས་རྣམ་པར་སྣང་། །ངེས་པར་རང་ངོ་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །བསྒྱུར་དུ་བཏུབ་པར་སྣང་བ་ལ། །འབད་དེ་བློ་ཡི་རྣམ་པར་སྣང་། །སྤྱི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །ཀ་ནས་དག་པར་འདོད་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །འདི་ཀུན་བློ་ཡི་རིམ་པ་ལས། །རང་ངོ་ཀ་ནས་དག་པའོ། །ཞེས་གསུངས་པ་ལྟར་དེ་བདུན་དུ་མ་འདུས་པའི་གཞི་གཞན་པ་ཞིག་རྫོགས་པ་ཆེན་པོའི་ལུགས་ལ་ཡོད་པར་མི་འདོད་དེ། ༸ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་གི་རྫོགས་ཆེན་གྱི་གཞི་ལ་དཔྱད་པ་ལས།4 དེ་ལ་རྫོགས་ཆེན་གྱི་གཞི་ངོས་འཛིན་སྐབས། གྲུབ་མཐའ་རྗེས་འཛིན་གྱི་གཞི་དྲུག་སྐྱོན་ཅན། ལམ་རྗེས་འཛིན་པའི་ཀ་དག་སྐྱོན་མེད་དུ་བཀྲལ་བ་རྒྱུད་དང་མན་ངག་རྣམས་སུ་གསལ་བ་དེ་བདུན་དུ་མ་འདུས་པའི་གཞི་མེད་པར་ཁས་ལེན་དགོས་སོ། །ཞེས་གསུངས་པ་བཞིན་ནོ།།

ཐེག་མཆོག་མཛོད་ལས།5 མཐར་འཛིན་གྱི་གཞི་བདུན་སྐྱོན་ཅན་དུ་བསྟན་པ་ནི། ལོང་བ་བདུན་གྱིས་གླང་པོ་ཆེ་བརྗོད་པ་ལྟར་རིག་པའི་ཕྱོགས་རེ་རྟོགས་པའི་ཆ་ལ་ཞེན་པའི་ཁས་ལེན་གཏིང་ཚུགས་པ་རེ་བཅས་ནས་འདོད་པས་དེ་དགག་པ་ལ་སོགས་ཀྱིས་གཞི་བདུན་དུ་འདོད་པ་བཀག་ནས། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་རང་གཞུང་དུ་འགོད་པ་སོགས་གསུངས་པས་གཞི་བརྒྱད་དུ་འདོད་དགོས་སོ་ཞེ་ན། གཞི་བརྒྱད་དུ་ཡོད་པའི་སྐྱོན་རྣམ་པ་ཀུན་ཏུ་མེད་དེ། བདུན་པོ་དེ་རུ་མ་འདུས་པའི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་ཡན་གར་བ་ཞིག་མེད་པས་སོ།། དེ་ཉིད་ལས།6 གཞི་བརྒྱད་དུ་ཐལ་ཅེས་པའི་ལན་ནི་ཀ་དག་དང་ལྷུན་གྲུབ་དབྱེར་མེད་དུ་འདོད་ཀྱི། དེ་ནི་གཞི་བདུན་དུ་འདུ་བས་དེ་ལས་ལོགས་པ་མི་འདོད་པའི་ཕྱིར། གཞི་བརྒྱད་དུ་ཐལ་བའི་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་རོ། །མདོར་ན་གང་ཟག་གྲུབ་མཐའ་རྗེས་སུ་འཛིན་པའི་དབང་དུ་བཏང་ནས་གཞི་དྲུག་སྐྱོན་ཅན་དང་། གང་ཟག་ལམ་རྗེས་འཛིན་གྱི་དབང་དུ་བྱས་ཏེ་སྐྱོན་མེད་ཀ་དག་གི་གཞི་རང་གཞུང་དུ་འདོད་པ་བཅས་བདུན་ལས་ལོགས་ན་མེད་པར་འདོད་པའོ།།

ཡེ་གཞི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་འདུག་ཚུལ་བརྗོད་པ།

དེ་ནི་སེམས་ཅན་དང་སངས་རྒྱས་མ་བྱུང་བའི་ཡེ་ཐོག་དང་པོར་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་གཞི་ཀ་དག་གི་ཀློང་ལས་མ་གཡོས་པར་མ་འཁྲུལ་པའི་སངས་རྒྱས། མི་གཡོ་བའི་ཏིང་འཛིན། མི་འགྱུར་བའི་ཡེ་ཤེས་ཆེན་པོར་བཞུགས་པ་སྟེ། བཀྲ་ཤིས་མཛེས་ལྡན་རིན་པོ་ཆེའི་རྒྱུད་ལས།7རྟོགས་ཏེ་སངས་རྒྱས་མ་བྱུང་༔ མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན༔ རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཞི་ལས་མ་གཡོས་ཏེ༔ མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ༔ མི་གཡོ་བའི་ཏིང་འཛིན་ཆེན་པོར་བཞུགས་སོ༔ མི་འགྱུར་བའི་ཡེ་ཤེས་ཆེན་པོར་བཞུགས་སོ༔ ཞེས་དང་། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས།8 རྟོགས་པའི་སངས་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་དང་།

སྤྲོས་བྲལ་དོན་གསལ་གྱི་རྒྱུད་ལས།9 དང་པོ་གཞི་ཡི་གནས་ལུགས་བསྟན་པ་ནི། །འཁོར་འདས་རྟོགས་འཁྲུལ་མེད་པའི་གོང་རོལ་ན། །རྒྱུ་རྐྱེན་གཉིས་ལས་འདས་པས་རང་བྱུང་སྟེ།། བདེ་གཤེགས་ཐུགས་རྗེ་དག་ལས་མ་བྱུང་དང་། །སེམས་ཅན་རྣམས་ཀྱི་ལས་ཀྱིས་མ་བསྐྱེད་དང་། །ཕྱི་རོལ་འབྱུང་བ་ལྔ་ཡིས་མ་བསྐྱེད་དང་། །ནང་གི་རྣམ་རྟོག་དག་ལས་མ་གྲུབ་དང་། །གང་ཟག་ལམ་པའི་བློ་ཡིས་མ་བཅོས་པའོ། །མིང་དང་མཚན་མ་གང་ཡང་བརྟགས་པ་མེད། །ཤེས་མེད་རྟོགས་མེད་མ་རིག་འཁྲུལ་པ་མེད།། འཁྲུལ་དང་བག་ཆགས་རྟོག་པ་སྣ་ཚོགས་དང་། །ཡེ་ཤེས་རྩལ་སྣང་འབྲས་བུའི་ཆོས་རྣམས་ནི། །རང་བྱུང་གནས་ལུགས་གཞི་ལ་དབྱེ་བ་མེད། །ཐོག་མཐའི་དུས་དང་སྔ་ཕྱི་གྲུབ་པ་མེད། །བཟང་ངན་བླང་དོར་བསྒྲུབ་བྱ་གང་ཡང་མེད། །སོ་མ་རང་ལུགས་མ་བྱུང་མ་སྐྱེས་སོ། །ཞེས་པ་དང་།

ཚིག་དོན་མཛོད་ལས།10 རིག་པ་རང་བྱུང་གི་ཡེ་ཤེས། ཡེ་སྟོང་ཐོག་མའི་ཆོས་སྐུ། དབྱིངས་དོན་དམ་པའི་བདེན་པ། ཆོས་ཉིད་འོད་གསལ་བའི་གནས་ལུགས་ཏེ། འཁོར་འདས་བདེ་སྡུག ཡོད་མེད། ཡིན་མིན། གྲོལ་འཁྲུལ། རིག་མ་རིག་ལ་སོགས་པ་གང་དུའང་མ་གྲུབ་སྟེ། ཞེས་དང་། སྒྲོན་མ་བརྩེགས་པའི་རྒྱུད་ལས།11 གནས་ལུགས་གཤིས་ཀྱི་འདུག་ཚུལ་ནི། །ཡོད་མེད་སྟོང་དང་མི་སྟོང་དང་། །མཚོན་བྱེད་ཚིག་གིས་མཚོན་ལས་འདས།། སྐྱེ་འགག་གཉིས་མེད་ཐ་སྙད་གྲོལ། །སངས་མེད་རྒྱས་མེད་སྐུ་དངོས་མེད། །བྱང་ཆུབ་སེམས་མེད་རིགས་ལྔ་མེད། །བདེ་སྡུག་འཁོར་དང་མྱང་འདས་མེད། །རིག་འགྱུ་སེམས་མེད་དྲན་རྟོགས་མེད། ང་གཞན་ཕྱོགས་མེད་དགྲ་གཉེན་མེད། །ཡུལ་སེམས་བཟང་ངན་སྤོང་ལེན་མེད། །ཡིན་མིན་དབྱེ་གསལ་ཕྱོགས་མཚམས་མེད། །ཤེས་འཁྲུལ་སྒོ་གཉིས་རང་བཞིན་མེད། །གཞི་ཡི་རང་བཞིན་ཡོད་མེད་མཉམ། །ཞེས་སོ།།

དེ་ལྟ་བུའི་གཤིས་ཀྱི་གནས་ལུགས་ལ་འཁྲུལ་པ་ཡོད་དམ་མེད། ཡོད་ན་གྲོལ་བ་གཏན་ནས་མི་སྲིད་པའི་སྐྱོན་ཡོད་པར་འགྱུར་ཏེ། དཔེར་ན་སོལ་བ་ནག་པོ་ཇི་ཙམ་བཀྲུས་ཀྱང་དཀར་པོར་མི་འགྱུར་བ་བཞིན་ནོ། །མེད་ན་སེམས་ཅན་ཐམས་ཅད་ཡེ་ནས་གྲོལ་བར་རིགས་ཏེ། གཞི་ལ་འཁྲུལ་པ་གདོད་ནས་མེད་པས་སོ་ཞེ་ན། གཤིས་གཞི་ལ་མ་དག་འཁྲུལ་པས་ཡེ་ནས་གོས་མ་མྱོང་བས་དང་པོའི་སྐྱོན་མེད་ལ། རང་བཞིན་རྣམ་དག་གམ་གནས་ཚུལ་གྱི་ངོས་ནས་ཡིན་ན་སེམས་ཡེ་ནས་དག་པ་ཡིན་པས་སེམས་ཅན་ཐམས་ཅད་གྲོལ་བར་རིགས་ཀྱང་། སྣང་ཚུལ་ལ་གློ་བུར་གྱི་དྲི་མས་བསླད་ནས་གནས་ལུགས་མཐོང་བ་མེད་པས་གྲོལ་བ་ག་ལ་ཡིན། དཔེར་ན་ཉི་མའི་རང་བཞིན་ཡེ་ནས་འོད་གསལ་བ་ཡིན་ཀྱང་གློ་བུར་སྤྲིན་གྱིས་སྒྲིབ་དུས་མི་སྣང་བ་བཞིན་ཡིན་པས་གཉིས་པའི་སྐྱོན་ཡང་མེད་དོ།།

དེས་ན་གཞི་ནི་ཡེ་ནས་དག་པ་ཁོ་ན་སྟེ། ནམ་མཁའ་འཁོར་ལོ་འབར་བའི་རྒྱུད་ལས།12 སེམས་ཀྱི་གཞི་ལ་འཁྲུལ་པ་མེད། །རྩལ་ལ་འཁྲུལ་སྣང་ལྟར་སྣང་ཡང་། །སེམས་ཀྱི་གཞི་ལ་གོས་པ་མེད། །དཔེར་ན་མེ་ཤེལ་དག་པའི་ནང་། །དཀར་དམར་སྨན་དུག་བཟང་ངན་གང་སྣང་ཡང་། །ཤེལ་གྱི་གཞི་ལ་གང་ཡང་གྲུབ་པ་མེད། །སྨན་དུག་སྣང་ལ་གྲུབ་པ་མེད། །སྨན་མི་སྒྲུབ་ལ་དུག་མི་སྤོང་། །ཤེལ་གོང་ནང་དུ་གཉིས་ཀ་དག །དེ་བཞིན་སེམས་ཀྱི་གཞི་མ་ཡང་། །འཁྲུལ་སྣང་ཅིར་ཡང་སྣང་མེད་ཀྱང་། །བཟང་པོ་མི་སྒྲུབ་ངན་མི་སྤོང་། །སེམས་ཉིད་ཀ་དག་ནང་དུ་འཁྲུལ་པ་དག ། འཁྲུལ་སྣང་རང་བཞིན་མེད་དེ་སེམས་སུ་དག །ཅེས་སོ། །དེ་ཡང་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་སེམས་ཅན་དང་སངས་རྒྱས་ཀྱི་འཆར་གཞི་རུ་གནས་པ་སྟེ། ཐེག་མཆོག་མཛོད་ལས།13 དེ་ལྟར་མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུའང་མ་གྲུབ། རང་བཞིན་གསལ་བར་སྣང་ཚུལ་མ་འགགས། ཐུགས་རྗེ་གོ་མ་འགགས་པས་གང་ལྟར་ཡང་འཆར་བའི་གཞི་བྱེད་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

ཀ་དག་གི་ཀློང་ལས་གཞི་སྣང་འཆར་ཚུལ་བསྟན་པ།

ནང་དབྱིངས་ཀ་དག་གི་ཀློང་ལས་གཞོན་ནུ་བུམ་སྐུའི་རྒྱ་ཁ་རལ་ཏེ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་བ་སྟེ། གཡུ་ཁོག་བླ་མ་བྱ་བྲལ་གྱི་གཞི་ལས་གཞི་སྣང་འཆར་ཚུལ་གྱི་སྐོར་ལས།14 གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་འཁོར་འདས་གཉིས་ཀྱི་སྣང་བ་འཆར་རུང་གི་གདངས་མ་འགགས་པར་ཡོད། གཞི་སྣང་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི་འཁོར་འདས་སུ་སྣང་བའི་འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀ་ཡིན། གཞི་ལ་དག་མ་དག་གཉིས་ཀ་མི་སྲིད་ཀྱང་གཞི་སྣང་ལྷུན་གྲུབ་ལ་འཁོར་འདས་གཉིས་སུ་འཆར་བའི་སྒོ་ཡོད་པ་ལ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཞེས་བྱ་སྟེ། ཐུགས་རྗེ་ལྟར་ཤར་བ་མེད་ན་གདུལ་བྱ་འདུལ་བྱེད་དུ་མི་འབྲེལ། འོད་ལྟར་ཤར་བ་མེད་ན་རིག་པ་ནང་དུ་ཆད། འབྱུང་བ་ཕྱིར་རྒྱ་ཆད་པས་སྣོད་བཅུད་ཀྱི་སྣང་བའང་མི་འབྱུང་ལ། གཉིས་མེད་ལྟར་ཤར་བ་མེད་ན་སེམས་ཅན་གྱི་སྒོ་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འབྲེལ་མི་ཤེས་པས་སེམས་ཅན་སངས་རྒྱས་སུ་མི་འགྱུར། སྐུ་ལྟར་ཤར་བ་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བའང་མི་རིགས། ཡེ་ཤེས་ལྟར་ཤར་བ་མེད་ན་ཤེས་བྱ་རང་མཚན་པར་གྱུར་པས་གཞི་ལམ་འབྲེལ་མཚམས་མི་སྦྱོར། མཐའ་གྲོལ་ལྟར་ཤར་བ་མེད་ན་འབྲས་བུ་རྒྱུར་ལྡོག་པས་ངེས་པའི་ས་ཟིན་མི་ཐོབ། མ་དག་འཁོར་བའི་སྒོ་མེད་ན་སེམས་ཅན་དུ་འཁྲུལ་མི་ཤེས་པས་འཁོར་འདས་ཀྱི་བསྟི་གནས་སུ་མི་རུང་། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་རིག་ངོ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་འབྱུང་ངོ་། །ཞེས་དང་།

ཚིག་དོན་མཛོད་ལས།15 ནང་དབྱིངས་ཀ་དག་གི་ཡེ་གཞི་གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ཏེ་ཡེ་ཤེས་ཀྱི་རླུང་གཡོས་པས་རིག་པ་གཞི་ནས་འཕགས་པའི་རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་དུས་སྟེང་དུ་ཀ་དག་ཆོས་སྐུའི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུ། ཐད་ཀར་ལོངས་སྐུ་འོད་གསལ་གྱི་ཞིང་སྣང་ནམ་མཁའི་དབྱིངས་ཁྱབ་པ། དེའི་རྩལ་ལས་འོག་ན་གཞི་སྣང་ཆེན་པོ་དང་དེའི་རྩལ་ལས་འོག་ན་ལོངས་སྐུའི་སྣང་བ་དང་། ཕྱོགས་མཚམས་ན་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། མར་འོག་ན་འཁོར་བའི་སྒོ་ལས་འགྲོ་དྲུག་རང་སྣང་གི་ཞིང་ཁམས་ཚད་མེད་པ་སྟེ། དེ་ཐམས་ཅད་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལས་རང་ཤར་བས་འཁོར་འདས་ཀྱི་སྣང་བ་ཆེན་པོ་དུས་གཅིག་ལ་ཤར་བ་ཞེས་བྱ་སྟེ། ཞེས་དང་།

ཐེག་མཆོག་མཛོད་ལས།16 ཐོག་མའི་དབྱིངས་གཞོན་ནུ་བུམ་པ་སྐུའི་ནང་ན་ངོ་བོ་སྐུར་གནས་པ། རང་བཞིན་གསུང་དུ་གནས་པ། ཐུགས་རྗེ་ཐུགས་སུ་གནས་པ་དེའང་སྲོག་རླུང་ཡན་ལག་བཞི་ལྡན་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་རིག་པར་གནས་པའི་གདངས་ཕྱིར་ཤར་བས། གཞོན་ནུ་བུམ་པ་སྐུའི་རྒྱ་རལ་ཏེ། ལྷུན་གྲུབ་ཀྱི་གདངས་ལས་འོོད་ལྔའི་སྣང་བ་མེ་རེ་རེ་ཤར་བ་དང་མཉམ་དུ། ཐུགས་རྗེ་རིག་པའི་གདངས་རྣམ་པ་ལ་དཔྱོད་པའི་ཤེས་པ་ཤར་བ་དེ་ཡང་། ཞེས་དང་། དེའི་ཚེ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་ངང་ལས། ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་རང་སྣང་དུ་ཤར་ཏེ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པས་སེམས་ཅན་ལ་སྙིང་རྗེ་འབྱུང་བ། འོད་ལྟར་འཆར་བའི་གོ་མ་འགགས་པས་ཡེ་ཤེས་ལྔའི་རང་འོད་འཇའ་ཚོན་ལྟ་བུས་སྣང་བ་ཁེངས་པ། ཡེ་ཤེས་ལྟར་འཆར་བའི་གོ་མ་འགགས་པས་མི་རྟོག་པའི་ངང་ལ་གནས་པ། སྐུ་ལྟར་འཆར་བའི་གོ་མ་འགགས་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེངས་པ། གཉིས་མེད་ལྟར་འཆར་བའི་གོ་མ་འགགས་པས་གཅིག་དང་དུ་མར་མི་དཔྱོད་པ། མཐའ་གྲོལ་ལྟར་འཆར་བའི་གོ་མ་འགགས་པས་ལྷུན་གྲུབ་རང་དོན་གསལ་བ། དག་པ་ཡེ་ཤེས་ལྟར་འཆར་བའི་གོ་མ་འགགས་པས་ངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་སྣང་བ་གོང་ན་མཐོང་བ། མ་དག་པ་འཁོར་བའི་སྒོ་ལྟར་འཆར་བའི་གོ་མ་འགགས་པས་འོག་ན་རིགས་དྲུག་གི་སྣང་ཆ་སྣང་བ་སྟེ། ཞེས་གསུངས་པ་ལྟར་མདོར་ན་ནང་དབྱིངས་ཀ་དག་གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ནས་ལྷུན་གྲུབ་ཀྱི་སྣང་བ་ཕྱི་གསལ་དུ་ཤར་བའོ།།

གཞི་སྣང་རང་སྣང་དུ་ངོ་ཤེས་པས་ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ།

གཞི་ལས་གཞི་སྣང་འཕགས་ཏེ་ཕྱི་གསལ་དུ་འཆར་བ་ན་ཀུན་ཏུ་བཟང་པོས་གཞི་སྣང་ལ་རང་སྣང་དུ་ངོ་ཤེས་པས་སྐད་ཅིག་གཅིག་ལ་བྱེ་བྲག་ཕྱེད་ནས་སྐད་ཅིག་གཅིག་ལ་རྫོགས་པའི་སངས་རྒྱས་སུ་གྲོལ་བ་སྟེ། ཡོན་ཏན་རིན་པོ་ཆེ་མཛོད་ལས། 17དེ་ཚེ་གཞི་སྣང་མཐོང་བའི་སྐད་ཅིག་མར། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །སྣང་བ་འཁྲུལ་པར་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུར་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ།། གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ། །སྐད་ཅིག་གཅིག་ལ་མངོན་པར་སངས་རྒྱས་སོ། །ཞེས་དང་།

གཉིས་ཀའི་ཡང་ཡིག་གི་རྣམ་བཤད་ཉི་མའི་སྣང་བ་ལས།18 གདོད་མའི་གཞི་དེ་ཉིད་ཀྱི་ངང་ལས་ལྷུན་གྲུབ་འོད་ལྔའི་སྣང་བ་རིག་པ་ཡེ་ཤེས་ཀྱི་རླུང་གིས་ཕྱིར་ཤར་དུས་འོད་ལྔ་ལྷུན་གྲུབ་ཀྱི་གདངས་འཇའ་ཚོན་ལྟར་ཤར་བ་ན། ལོངས་སྐུ་ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་།  རང་བཞིན་སྤྲུལ་པའི་ཞིང་ལྔ་དང་། འགྲོ་བ་དྲུག་གི་འཇིག་རྟེན་ན། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་གཟུགས་བརྙན་ལྟར་རང་སྣང་རང་ཤར་དུ་སྣང་སྟེ། དེའི་ཚེ་ཀུན་ཏུ་བཟང་པོ་ཐུགས་རྗེའི་རྩལ་རིག་པར་འཕྲོས་ལ་རྟོག་པར་མ་འགྱུས་པ་དེས་གཞི་སྣང་ཤར་བ་རང་རིག་རང་ངོ་ཤེས་པའི་སྐད་ཅིག་ལ་རྣམ་པར་གྲོལ་བ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ནང་གསལ་ཆོས་ཉིད་ཀྱི་དགོངས་པར་བཞུགས། ཞེས་དང་། ཆོས་དྲུག་གི་ནི་དབྱིངས་སྣང་ཤར་དུས་རྒྱུའི་རྐྱེན་ལྷན་ཅིག་སྐྱེས་པའི་རིག་པ། ཡུལ་གྱི་རྐྱེན་འོད་དང་སྐུར་སྣང་བ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྣང་རིག་དུས་མཚུངས་པ་གསུམ་གྱི་ཚེ་སྐད་ཅིག་གཅིག་གིས་རང་སྣང་བྱེ་བྲག་ཕྱེད་ནས། ཕྱེད་ཐོག་ཏུ་གཞི་ཡེ་སངས་རྒྱས་པ་ལ་རྟོགས་པའི་ཡང་སངས་རྒྱས་པ་སྟེ། ཞེས་དང་།

གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་ལས། 19དེ་ལྟའི་དབྱིངས་ལས་རང་རིག་རྣམ་གྲོལ་ཞིང་། །སྐད་ཅིག་བྱེ་བྲག་ཕྱེད་པས་སངས་རྒྱས་ཏེ། །གདོད་མའི་མགོན་པོ་ཡོན་ཏན་ཕ་རོལ་ཕྱིན། །ནང་གི་ཇི་བཞིན་གཟིགས་པ་རྣམ་དག་པས། །དང་པོ་སངས་རྒྱས་ཆོས་ཚོགས་རྣམ་པར་བཞག །ཅེས་དང་། ཐོད་རྒལ་ཡང་ཡིག་ནམ་མཁའ་ཀློང་གསལ་ལས།20 དེ་ཚེ་རང་སྣང་རང་རིག་པས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོ་གྲོལ་ཚུལ་ལོ། །ཞེས་དང་། ཐེག་མཆོག་མཛོད་ལས།21 ཐོག་མའི་དབྱིངས་ལས་ནང་གདངས་ཕྱིར་ཤར་ཏེ། ཐུགས་རྗེ་རིག་པ་རང་མ་རིག་པའི་ཆར་སྐྱེས་ཙམ་དེ་གཞི་སྣང་ལ་ཁ་ཕར་བལྟས་པས། རང་གི་སྣང་བ་ཡིན་པར་ཚུར་རིག་པའི་སྐད་ཅིག་ལ། མ་རིག་པ་རང་དག་ནས་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ནང་ཐིམ་ཀ་དག་གི་ས་ལ་རང་སར་གནས་སོ། །དེ་ཡང་སྐད་ཅིག་ལ་རང་སྣང་དུ་བྱེ་བྲག་ཕྱེད་པས། སྐད་ཅིག་ལ་སངས་རྒྱས་ཏེ། ཞེས་དང་། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས།22 དེ་ལྟར་འཁོར་འདས་ཐོག་མཐའ་ལས།། སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ནས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་སྤྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུར་བ་རང་ཐག་ཆོད་པའོ། །ཞེས་གསུངས་པ་བཞིན་ནོ།།

གཞི་སྣང་ལ་རང་སྣང་དུ་མ་རྟོགས་པས་སེམས་ཅན་གྱི་འཁྲུལ་ཚུལ་དགོད་པ།

གཞི་སྣང་རང་སྣང་དུ་མ་ཤེས་པས་འཁྲུལ་པ་བྱུང་བ་སྟེ།  བཀྲ་ཤིས་མཛེས་ལྡན་རིན་པོ་ཆེའི་རྒྱུད་ལས།23 འཁྲུལ་གཞི་སྣ་ཚོགས་མང་བཤད་ཀྱང་༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ ཀྱེ་མ་ང་ལ་འཁྲུལ་མེད་ཀྱང་༔ ང་ཡི་རྩལ་ལས་འཁྲུལ་པ་བྱུང་༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དངོས་སུ་ཡོད་ཀྱང་མི་རིག་པས༔ རྒྱུ་རྐྱེན་འབྲས་བུ་ཅན་དུ་བྱུང་༔ ཡུལ་སྣང་ཆོས་ཉིད་ཡིན་པ་རུ༔ རང་ངོ་མ་ཤེས་རང་རྒྱུད་འཁྲུལ༔ རྒྱུ་གཅིག་བྱེད་མེད་རྩ་བ་སྟེ༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ནི་འཁོར་བའི་རྩ་བའོ༔ ཞེས་དང་།

ཡོན་ཏན་རིན་པོ་ཆེ་མཛོད་ལས།24 ཐོག་མའི་གཞི་ལ་འཁྲུལ་པ་མ་མཆིས་ཀྱང་། །གཞི་སྣང་ཤར་བའི་རྣམ་པ་མ་རིག་པའི། །གློ་བུར་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། །དེ་ཉིད་ཐུར་སོང་ལྷན་ཅིག་སྐྱེས་པ་ལ། །མིང་དོན་བདག་རྟོག་ཀུན་ཏུ་བརྟགས་པ་ཡི། །མ་རིག་གསུམ་ལས་འཁྲུལ་པའི་རྐྱེན་བཞི་མཆེད། །གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུ་ཡི་རྐྱེན། །དེ་ལ་རྟོག་དཔྱོད་ཤར་བ་བདག་པོའི་རྐྱེན། །དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན།། གསུམ་པོ་དུས་མཚུངས་དེ་མ་ཐག་པའི་རྐྱེན། །ཚོགས་ལས་རིམ་བཞིན་འཁྲུལ་པ་སྟོབས་གྱུར་ནས། །ཉོན་མོངས་ཚོགས་འཕེལ་འཁོར་བའི་གནས་རིགས་གྲུབ། །ཅེས་དང་། ཐེག་མཆོག་མཛོད་ལས།25 ཐོག་མའི་གཞི་ལ་འཁྲུལ་པ་མེད་ཀྱང་། གཞི་སྣང་དུ་ཤར་དུས་རང་ངོ་མ་ཤེས་པའི་ཤེས་པ་ལུང་མ་བསྟན་མ་རིག་པའི་རྩ་བ་ཅན་དེས། གཞི་སྣང་ལ་རིས་སུ་བཅད་པས་སེམས་ཅན་དུ་འཁྲུལ་ཏེ། ཞེས་དང། ཐོད་རྒལ་ཡང་ཡིག་ནམ་མཁའ་ཀློང་གསལ་ལས།26 མ་རིག་སེམས་ཅན་འཁྲུལ་ཚུལ་ནི། །གཞི་སྣང་ཤར་ཚེ་རང་སྣང་དུ། །རང་ལས་ཤར་བ་མ་རིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་བྱུང་། །འོད་ལྔས་ཡུལ་ལུས་འཁྲུལ་གཞིར་བྱས། །ཐུགས་རྗེས་སེམས་ཀྱི་འཁྲུལ་གཞི་ཤར། །ངོ་བོ་མ་རིག་འཁྲུལ་གཞི་བྱུང་། །དེ་ཚེ་འོད་ལྔའི་སྣང་བ་ལ། །གཞན་འཛིན་རྟོག་པར་འགྱུས་པ་ནི། །ཀུན་ཏུ་བརྟགས་པའི་མ་རིག་གོ །རྐྱེན་བཞིའི་དམིགས་པ་མ་དག་པས། །གཟུགས་མེད་གཟུགས་དང་འདོད་ཁམས་ཀྱི། །སྲིད་པར་འཁྲུལ་སྣང་སྣ་ཚོགས་མྱོང་། །ཞེས་དང་།

རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལས།27 གནས་ལུགས་མཉམ་པའི་ངང་ལས་འཁྲུལ་ཚུལ་ནི། །སྟོང་པའི་ངང་ལས་འགྱུ་བ་རླུང་གཡོས་པས། །དེ་ལས་རིག་པ་རང་སར་ཤར་བ་ལ། །ཡིན་ནམ་མ་ཡིན་སྙམ་པའི་ཡིད་དུ་མྱོང་། །སྙམ་བྱེད་འདོད་པས་སེམས་སུ་གསལ་བར་འགྱུས། །གསལ་བ་ཁ་དོག་ལྔ་རུ་སྣང་བ་ལ། །འོད་ཀྱི་དངོས་པོ་དེ་ཡི་རྐྱེན་བྱས་ནས། །མེད་ལས་ཡོད་བྱུང་རིགས་དྲུག་སེམས་ཅན་རྣམས། །སྙིང་པོ་མིང་མེད་རང་ངོ་མ་ཤེས་འཁྲུལ། །དཔེར་ན་དམུས་ལོང་མདུན་ན་གཟུགས་སྣང་འདྲ།། ཞེས་པ་དང་། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས།28 ཀྱེ་མ་ང་ལ་འཁྲུལ་པ་མེད་ཀྱང་། ངའི་རྩལ་ལས་འཁྲུལ་པ་བྱུང་སྟེ། གཞི་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ། གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པར་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། ཞེས་དང་།

སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས།29 ཆོས་ཉིད་རང་གདངས་སྣང་བ་ལ། །རྟོག་འཛིན་སྣང་བས་ཡིད་ཕྲོགས་ཏེ། །འཁྲུལ་ཆའི་ཡུལ་ནི་ཕྲ་མོ་ལས། །སྒྲིབ་ཅིང་རང་སྣང་མ་དག་འགྱུར། །ཞེས་དང་། བཀྲ་ཤིས་མཛེས་ལྡན་གྱི་རྩ་འགྲེལ་ལས།30 དེ་ལ་མ་རིག་པ་ནི་སྤྲིན་དང་ཁ་རླངས་ལྟ་བུར་གློ་བུར་དུ་བྱུང་བས༔ ལྷུན་གྲུབ་ལ་རྟོག་དཔྱོད་བཏང་བས་འཁྲུལ་པ་ཆེན་པོར་བྱུང་ངོ་༔ ཞེས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི༔ གཞི་ཅིར་ཡང་མ་ཡིན་པ་ལ་ཅིར་ཡང་འཁྲུལ་ལོ༔ གཞི་ལྷུན་གྲུབ་རིག་པའི་རང་མདངས་ལྔ་པོ་དེ་ནི༔ ངོ་བོ་སྟོང་ལ་རང་བཞིན་ནི་གསལ་བ༔ ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ༔ དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་བྲེང་ཙམ་གཅིག་འགྱུས་པ་ལས༔ ཤེས་པ་སྤུན་པ་ཕ་གི་ལས་ང་བྱུང་ངམ༔ ང་ལས་ཕ་གི་བྱུང་ངམ་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ༔ ཞེས་གསུངས་པ་ལྟར་རོ།།

དེ་ལྟར་རང་ཚིག་གིས་མ་བསླད་པར་རྒྱུད་ལུང་མན་ངག་གི་རྡོ་རྗེའི་ཚིག་རྣམས་བསྡུ་རུབ་ཀྱིས་རྫོགས་ཆེན་གྱི་གཞི་ཡི་སྐོར་ཅུང་ཟད་སྨྲས་པ་ལ་བརྟེན་ནས་གསང་སྒྲོག་གི་ཉེས་པ་རེ་བྱུང་ཡོད་ན་རྩ་གསུམ་གྱི་ལྷ་ལ་བཤགས་ཤིང་བཟོད་པར་གསོལ། འདིར་འབད་པ་ལས་བྱུང་བའི་དགེ་ཚོགས་ཀྱི་ཆ་མཆིས་ན་མ་རྒན་སེམས་ཅན་ཐམས་ཅད་ལ་བསྔོའོ།།


  1. འཇིགས་གླིང་གསུང་འབུམ་ཀ་པ། དཔེ་རིང་། ཤོག་གྲངས། ༡༣༢
  2. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༥༢
  3. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༤༣༧
  4. གསུང་འབུམ་ག་པ། ཁ་བ་དཀར་པོའི་པར་མ། དེབ་གཟུགས། ཤོག་གྲངས། ༡༥
  5. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༡༤
  6. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༢༡
  7. པད་གླིང་གཏེར་ཆོས། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༥༡
  8. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༧༤
  9. རྙིང་རྒྱུད་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༣
  10. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༡༣
  11. རྙིང་རྒྱུད་ཐ་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༨༧
  12. རྙིང་རྒྱུད་ཐ་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༤
  13. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༢༦
  14. གསུང་འབུམ་ཁ་པ། སི་ཁྲོན་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༣༢༤
  15. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༢༡
  16. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༣༥
  17. འཇིགས་གླིང་གསུང་འབུམ་ཀ་པ། དཔེ་རིང་། ཤོག་གྲངས། ༡༣༤
  18. རྣམ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༤༢
  19. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༡༡
  20. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༢
  21. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༥༤
  22. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ༨༩
  23. པད་གླིང་གཏེར་ཆོས། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༥༢
  24. འཇིགས་གླིང་གསུང་འབུམ་ཀ་པ། དཔེ་རིང་། ཤོག་གྲངས། ༡༣༥
  25. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༣༦༠
  26. ཐེ་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༢
  27. རྙིང་རྒྱུད་ཐ་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༧༢
  28. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༡༧༧
  29. རྙིང་རྒྱུད་ན་པ། འབྲུག་གི་པར་མ། དཔེ་རིང་། ༩༠ 
  30. པད་གླིང་གཏེར་ཆོས། འབྲུག་གི་པར་མ། དཔེ་རིང་། ཤོག་གྲངས། ༦༤
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།