ལོ་རིམ་བཞི་པའི་སློབ་གཉེར་བ། བསྟན་འཛིན་ཆོས་འཕེལ།
སྨག་མུན་རབ་རིབ་ཁྲོད་ཀྱི་ཚེ་འབར་རྐང་གཅིག།
སྲོད་ཁའི་འཐོར་རླུང་དྲག་པོའི་བརྡབ་གསིག་འོག་ནས།།
ལྷབ་ལྷབ་གཡོ་བའི་གར་སྟབས་ཁ་བའི་ལྗོངས་སུ།།
སྣང་བའི་འོད་གོར་ཟླུམ་པོའི་གཟུགས་སུ་བྱས་བྱུང་།།
འཁོར་བའི་ཟས་གོས་མངར་སྐྱུར་རིང་དུ་དོར་ནས།།
ཐར་པའི་རྨུ་ཐག་སེར་པོའི་སྣེ་མོར་འཇུས་ཏེ།།
དབེན་གནས་བཙན་སའི་སྒོ་མོ་ཤུགས་ཀྱིས་རྡུང་གིན།།
ངུར་སྨྲིག་འདུ་རའི་སྐས་གདང་རྡོག་པས་བསྣན་འདུག།
སེམས་ཁུར་འཕར་མ་ཞིག་གི་ལྷན་པ་གླན་ཞིང་།།
གོང་མའི་རྣམ་ཐར་བརྗིད་པོ་ཤུགས་ཀྱིས་བཏེག་སྟེ།།
ཁ་བའི་ཉིན་སྲིབ་ཡོངས་ལ་རྐང་རྗེས་འཇོག་དུས།།
རྒྱལ་རྔའི་སྙན་པ་གངས་རིའི་སུལ་ནས་ཤོར་སོང་།།
དུས་འགྱུར་གྲིབ་སོ་ནག་པོས་ངོ་རྒོལ་བྱེད་དུས།།
ཁེར་རྒྱུག་དཔའ་བོ་ལྕགས་ཀྱི་སྒྲོག་ལས་ཤོར་ཏེ།།
གོམ་གསུམ་རྐང་རྗེས་གངས་རིའི་གཉའ་ནས་ཕབ་ཅིང་།།
འགྲེངས་པའི་གྲིབ་གཟུགས་འཕགས་ཡུལ་ལྷོ་ནས་མངོན་བྱུང་།།
ཕུགས་བསམ་རིང་མོ་ཞིག་གི་རྗེས་ཤུལ་བསྙེགས་ཏེ།།
ཞུམ་མེད་གོམ་འགྲོས་བརྟན་ལྷིང་མཐར་སྐྱེལ་བྱས་མཐར།།
བདེན་པའི་སྙིང་སྟོབས་རི་མོ་དགའ་བས་འཛུམ་དུས།།
མཐོངས་ཀྱི་སྐར་ཆེན་དག་ཀྱང་ཡ་མཚན་འཛིན་གྱི།།
དུས་ཀྱི་ཁུག་པ་རིང་མོའི་རྗེས་ཤུལ་ཞིག་ནས།།
གནའ་གྲོང་ཕ་མཁར་དྲུག་གི་འདབས་རོལ་དེ་ནས།།
སེར་མདོག་རླབས་ཀྱི་འཕྱོ་ལྡིང་བསྐྱར་དུ་རྩེན་པས།།
མེས་པོ་དགེ་སྦྱོང་ཆེན་པོ་འཛུམ་བག་གྲོལ་སོང་།།
རེ་བའི་མིག་ཟུང་སྙོམ་པོས་ལག་པ་རྐྱོང་དུས།།
གཞན་ཕན་སེེམས་ཀྱི་མིང་བྱང་རྟག་ཏུ་ཐོགས་ཏེ།།
གོ་ལའི་ཉིན་སྲིབ་ངོས་ཀྱི་འདུ་ཚོགས་དག་ནས།།
རྣམ་ཤེས་འཁྱག་པོ་བརྩེ་འཛུམ་དྲོན་མོས་གསོས་འདུག།
ལྗིད་ཀྱིས་གཏམས་པའི་སེམས་པ་ཆེན་པོ་ཞིག་གིས།།
མར་ངོའི་ཟླ་གཟུགས་འཛད་མཐའི་ཞིང་ས་བཏུལ་ནས།།
ངུར་སྨྲིག་མེ་ཏོག་སྣ་བརྒྱའི་འགྲེམས་སྟོན་ཁང་ཞིག།
མུན་པའི་མལ་གོས་འོག་ནས་ལྷང་ལ་ཕུད་བྱུང་།།
གསོག་གསོབ་གཡོ་རྫུན་འཕྲུལ་གྱི་ཚོང་ར་འདི་ནས།།
བདེན་པའི་ན་ཟུག་གོ་བའི་སེམས་པ་མེད་དམ།།
མཇུག་མཐའི་ཟེར་འོད་སྣུམ་པོ་འུབ་ཀྱིས་བསྡུས་པ།།
སྔོན་མའི་ཁ་ཆད་དུས་ལས་ཡོལ་བ་ཡིན་ནམ།།
ས་ཆེན་སྨག་གིས་ཟིན་པའི་སྤྲིན་རུམ་འདི་ནས།།
སྣང་བའི་སྐར་མདའ་གཏན་དུ་འཁྱུག་ཐེངས་ཤིག་གིས།།
དགོད་པའི་འཛུམ་བག་མིག་ཆུའི་རླན་གྱིས་གོས་ཤིང་།།
ཤུགས་རིང་དབུགས་ཀྱིས་མགྲིན་པ་ལན་གཅིག་བརྣངས་སོང་།།
ལྷགས་རླུང་འུར་གྱིས་གཡུག་པའི་དགུན་གཞུང་དག་ཏུ།།
འདྲེ་བྱ་ནག་པོའི་ཧབ་དགོད་རྒྱབ་ནས་བྱས་རུང་།།
ཡིད་ཆེས་སེམས་ཀྱི་མེ་དཔུང་གཅིག་ཏུ་བསྒྲིལ་བས།།
དཔྱིད་ཀྱི་དཔལ་ལ་རོལ་པའི་ཡུན་ཐག་མ་བསྟུངས།།
བསླུ་མེད་ཤོག་བྱང་ཞིག་གིས་ལམ་སྣ་དྲངས་ཏེ།།
བྱང་ཕྱོགས་ཁ་བའི་ཞིང་དེར་བསྐྱར་དུ་བཞད་པའི།།
བཅོས་མིན་གངས་ལྷ་མེ་ཏོག་འོད་ཀྱིས་འཛུམས་པས།།
ངང་སྒུག་ལོ་ཟླ་རིང་མོའི་རྔུལ་ཆུ་བཀྲུས་སོང་།།
རྩལ་གྱིས་བསྙེམས་པའི་སེང་ཕྲུག་ངར་མ་ཁྱོད་ཀྱིས།།
མི་འཇིགས་ཁྲི་འཕང་མཐོན་པོའི་བཙན་ས་བཟུང་བས།།
ཕྲག་དོག་མིག་ཟུང་མང་པོ་གཏན་དུ་ཟུམ་ཞིང་།།
དད་ཕྱག་བརྩེགས་མའི་མགོ་བོ་འདུད་ལ་བྲེལ་འདུག།
དུས་མཐའི་ན་བུན་འཐིབས་པའི་ས་ཆེན་ཁྱོན་ནས།།
དམར་སེར་རས་རྐྱང་ཐུ་བོའི་གཤོག་པ་བརྐྱངས་ཏེ།།
མེས་པོའི་འཚོལ་སྙེག་ལམ་བུ་བསྐྱར་དུ་བཀླགས་ཤིང་།།
སྔོན་མེད་རང་མདངས་བཀྲ་བའི་སྣང་བས་ཀླུབས་ཤོག།
འདི་ཕྱིའི་རྒྱབ་མདུན་གཉིས་ཀྱི་རྣམ་ཤེས་ཁྱུ་ཡིས།།
རེ་བའི་དད་སེམས་བརྩེགས་མ་ཐེར་ཟུག་ཅིག་གིས།།
རྟག་བརྟན་འོད་སྣང་སྣུམ་པོའི་འགྲེང་གཟུགས་ཁྱོད་རང་།།
དམར་ཆུང་སྙིང་དབུས་ཟབ་སར་དྲོད་ཀྱིས་འཚོས་ཡོད།།
8/15/2015