ངག་དབང་མཐུ་སྟོབས། འཛིན་རིམ་གསུམ་པ།
རྟ་བདུན་དབང་པོའི་ལང་ཚོ་རྒས་པའི་དུས།།
མཛེས་སྡུག་ལྡན་པའི་ས་གཞི་ཡངས་མོའི་མདོག།
འཇབ་ཁྱི་མུན་པ་ནག་པོས་བཙན་གྱིས་ཕྲོགས།།
རྣམ་ཤེས་འཁྱམ་པོ་ནུབ་རིའི་ཕྱོགས་ལ་གཏད།།
མཚམས་སྤྲིན་གཞོན་ནུ་ལྷུན་པོའི་སྤོ་ན་མཚར།།
བན་ཆུང་ཀ་མེད་ཁང་ཆུང་ནང་ན་མཛེས།།
ཁྲ་ཆེམ་གློག་འོད་མི་རྟག་གཤེད་མས་བཅོམ།།
ཚོར་བའི་མེ་ལོང་སྨག་རུམ་སྟུག་པོས་བསྒྲིབས།།
ས་སྲོད་ཆུ་འཛིན་རྦ་རླབས་ལང་ལོང་གཡོ།།
དྲན་པའི་ངོགས་ནས་མ་ལོའི་ཞལ་རས་འཛུམ།།
གདུང་བའི་དབྱངས་རྟ་ཟླ་བའི་འོད་ལ་ཅེར།།
མཆི་མའི་ཕྲེང་བ་མཁུར་ཚོས་ཐང་ན་བཞུད།།
མུན་པའི་ཁྲོད་ཀྱི་ཁང་སྟོང་གྲུ་བཞི་རུ།།
ལ་ལུང་རྡོག་པས་བརྫིས་པའི་ངལ་དུབ་དང་།།
ཕ་སར་བཞག་པའི་གྱེས་ཁའི་མིག་ཆུ་ཞིག །
འདྲེན་བྱེད་ཀོང་དུ་སྣང་ཞིང་ཡིད་རེ་སྐྱོ།།
སྒེའུ་ཁུང་གསེབ་ན་འཇོལ་མོའི་གླུ་དབྱངས་གྲག།
གཟུགས་མེད་རླུང་བུའི་རེག་བྱ་ལུས་ལ་སིམ།།
ཡིད་ཀྱི་གྲུ་ཆུང་རྒྱ་མཚོའི་ཁ་རུ་ཆས།།
སྡུག་གི་སྨྲེང་གླུ་རླབས་ཀྱི་འགྲོས་དང་བསྡོངས།།
གནའ་རབས་ལོ་རྒྱུས་གྲོག་རོང་རིང་མོ་དང་།།
ཆག་གྲུམ་ཤོར་བའི་སྐད་ཡིག་བསྲེས་མ་གཉིས།།
བསམ་གཞིག་ཅིག་གིས་སེམས་ཀྱི་ཁང་པ་རུ།།
ཕམ་ཁའི་ན་ཟུག་ལྕི་མོས་གཙེས་ནས་འོང་།།
ཐོག་ཏུ་བབས་པའི་འགན་འཁྲི་མེད་ན་ཡང་།།
གཞན་ཡུལ་ལུས་པའི་སྣང་བ་སྙིང་ལ་འཚེར།།
གྲོགས་རྫུས་མགོ་གཉིས་ཅན་གྱི་གར་སྟབས་རེས།།
སྟོད་ཀྱི་བྲང་གཞུང་འཚང་ཞིང་སྙིང་ཁམས་གཙགས།།
བསམ་པའི་གཏམ་རྒྱུད་རྒྱུ་སྐར་ཚོམས་ལ་གླེང་།།
སེམས་ཀྱི་གདུང་ཚོར་ཀ་ཁའི་གཟུགས་སུ་ཕབ།།
ཅ་ཅོ་དབེན་པའི་དོ་ནུབ་རང་ཤག་ཏུ།།
སྙན་ཆ་དབེན་པའི་རོལ་ཆ་ལན་གཅིག་དཀྲོལ།།