ལོ་རིམ་ལྔ་པའི་སློབ་གཉེར་བ། སྤྲུལ་སྐུ་འཆི་མེད་ཚེ་དབང་།
གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ནས།།
རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོའི་ཞབས།།
རིག་འཛིན་དགུ་དང་རྗེ་འབངས་གྲོགས་གསུམ་སོགས།།
རིགས་བདག་བླ་མའི་བར་དུ་སྤྱི་བོས་བསྙེན།།
དེ་ཡང་སྔ་འགྱུར་རྙིང་མའི་ཕ་ཆོས་དྲི་མ་མེད་པ་མདོ་སྒྱུ་སེམས་གསུམ་ཞེས་བསྐྱེད་རིམ་གཙོ་བོར་སྟོན་པ་བསྐྱེད་པ་མ་ཧཱ་ཡོ་ག རྫོགས་རིམ་གཙོ་བོར་སྟོན་པ་རྫོགས་པ་ཨ་ནུ་ཡོ་ག བསྐྱེད་རྫོགས་ཟུང་འཇུག་ཏུ་བསྟན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་སུ་གྲགས། སྤྱིར་མདོ་ཞེས་པ་ནི་ཨ་ནུ་ཡོ་གའི་ཆོས་ཚན་སྤྱི་མདོ་དགོངས་པ་འདུས་པ་སོགས་དང་། སྒྱུ་ནི་མ་ཧཱ་ཡོ་གའི་ཆོས་ཚན་སྒྱུ་འཕྲུལ་དྲ་བའི་སྐོར། སེམས་ནི་ཨ་ཏི་ཡོ་གའི་བཻ་རོས་བསྒྱུར་པའི་སེམས་སྡེ་སྔ་འགྱུར་ལྔ་དང་། སློབ་དཔོན་བི་མ་ལས་བརྒྱུད་པའི་ཕྱི་འགྱུར་བཅུ་གསུམ་བཅས་སེམས་སྡེ་མ་བུ་བཅོ་བརྒྱད་ལ་ཟེར་ཡང་བྱེ་བྲག་གི་མིང་སྤྱི་ལ་ཐོགས་ནས་མདོ་སྒྱུ་སེམས་གསུམ་ནི་ནང་རྒྱུད་ཡོ་ག་གསུམ་གྱི་སྤྱི་མིང་དུ་འབོད་དོ། །ནང་གསེས་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་སྒྲུབ་སྡེ་གཉིས་ཡོད་པ་ལས། རྒྱུད་སྡེ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དང་། སྒྲུབ་སྡེ་ལ་སྒྲུབ་པ་བཀའ་བརྒྱད་ཅེས་གྲགས་པའི་ནང་ནས་སྐབས་འདིར་སྒྲུབ་པ་བཀའ་བརྒྱད་ཀྱི་བརྒྱུད་ཚུལ་མདོ་ཙམ་ཞིག་ཞུ་བར་བྱ་བ་ལ།
དེ་ཡང་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་གསང་སྔགས་རྙིང་མའི་ནང་རྒྱུད་སྡེ་གསུམ་ག་ལ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ། ཞེས་བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་དང་། དེའི་སྟེང་བཀའ་བབ་ལུང་གི་བརྒྱུད་པ། སྨོན་ལམ་དབང་སྐུར་གྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཞེས་ལས་འཕྲོ་གཏེར་གྱི་སྒོས་བརྒྱུད་གསུམ་བཅས་བརྒྱུད་པ་དྲུག་ལྡན་དུ་གསུངས་པ་དང་། གཞན་ཡང་བརྒྱུད་པ་བདུན་ལྡན་དང་དགུ་ལྡན་སོགས་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་འདིར་མ་འདུས་པ་མེད་དོ།།
དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི།
དེ་ཡང་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཀུན་ཏུ་བཟང་པོས་རང་སྣང་གི་དབྱིངས་ཤིན་ཏུ་དག་པ་རྡོ་རྗེའི་ཞིང་ཁམས་འོག་མིན་ཆེན་པོར་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པས་འཁོར་རང་དང་ཐ་མི་དད་པ་སྟོན་པ་རྒྱལ་བ་རིགས་ལྔ་དང་རང་སྣང་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའི་རྣམ་པ་དང་བཅས་པར་སྣང་བ་རྣམས་ལ་སྨྲ་བསམ་བརྗོད་བྲལ་དེ་ཁོ་ན་ཉིད་སྒྲ་རྟོག་གི་ཡུལ་ལས་བརྒལ་བའི་ཆོས་ཉིད་མཉམ་པ་ཆེན་པོར་རོ་གཅིག་པའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ལས་ས་བཅུའི་རྒྱུན་མཐའི་འཕགས་པ་ཁོ་ན་ལ་སྣང་བའི་གཞན་སྣང་གི་ལོངས་སྐུ་ཆེན་པོ་རིགས་དྲུག་དང་རིགས་ལྔའི་རྣམ་པས་ཞིང་ཁམས་ཁྱད་པར་ཅན་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས། འཇམ་དཔལ་དབྱངས་སོགས་དབང་པོ་དང་ཡུལ་སྣང་དག་པའི་སེམས་དཔའ་རྣམས་ལ་ཐེག་པ་བླ་ན་མེད་པའི་ཆོས་དགོངས་པ་བརྡ་ཡིས་རྟག་པ་རྒྱུན་གྱི་ཆོས་འཁོར་བསྐོར་ཅིང་། གཞན་ཡང་བྱང་སེམས་ས་བརྒྱད་པ་དགུ་པ་ལ་སྣང་བའི་གནས་གཙང་མའི་རིས་ཀྱི་འོག་མིན་ན་བཞུགས་པའི་ལོངས་སྐུ་ཙམ་པོ་བ་སོགས་ལ་གསུངས་ནས། བླ་མེད་ཀྱི་རྒྱུད་རྣམས་ཕལ་ཆེ་བ་སྡུད་པ་པོ་སོ་སོར་བསྟན་ཀྱང་སྟོན་འཁོར་དགོངས་པ་ཐ་མི་དད་པ་སྟེ། འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་རྫོགས་ཆེན་ལ་སོགས་པ་རྒྱུད་ཕལ་མོ་ཆེ་རྡོ་རྗེ་ཆོས། རྡོ་རྗེ་སྙིང་པོ། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་བསྡུས་པར་གསུངས་པ་ལྟར། མ་ཧཱ་ཡོ་གའི་སྒྲུབ་སྡེ་རྣམས་ཀྱང་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་པར་སྣང་སྟེ། མི་ཕམ་བླ་མའི་བཀའ་བརྒྱད་རྣམ་བཤད་ལས། སྡུད་པ་པོ་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ཤིང་། ཞེས་དང་། ཀུན་མཁྱེན་ཆེན་པོའི་སྔགས་ཀྱི་སྤྱི་དོན་དུ། སྡུད་པ་པོ་ནི་རིག་འཛིན་རྡོ་རྗེ་ཆོས་ཏེ། མིའི་ཐོད་པ་ཅན་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བས་བསྡུས་ནས་ཡི་གེར་བཀོད་པའོ། །ཞེས་གསུངས་སོ། །དེ་དག་ནི་སྟོན་པ་སྐུ་གསུམ་གྱི་གླེང་གཞི་དང་འབྲེལ་བ་དགོངས་པ་རོ་གཅིག་ཏུ་མཉམ་པས་ཆོས་བསྟན་བྱ་སྟོན་བྱེད་མེད་ཀྱང་ཡེ་ཤེས་ཀྱི་རྩལ་ལས་ཚུལ་ཙམ་དུ་སྣང་བས་རྒྱལ་བ་དགོངས་པའི་བརྒྱུད་པའོ།།
གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ནི།
སྤྱིར་མ་ཧཱ་ཡོ་གའི་རྒྱུད་སྡེ་དང་ཨ་ནུ་ཡོ་ག་སོགས་ཀྱི་རིག་འཛིན་བརྡ་བརྒྱུད་འདིར་འཆད་མི་དགོས་ཀྱང་འགའ་ཞིག་ལ་གོ་བདེ་བར་ཆགས་ན་སྙམ་ནས་ཅུང་ཙམ་བཀོད་ན། དེ་ནས་སྟོན་པ་རང་ཉིད་རིགས་གསུམ་གྱི་སྐུར་སྣང་ནས་འཕགས་པ་འཇམ་དཔལ་ནི་ཤེས་རབ་ཀྱི་རང་གཟུགས་ཡིན་པས་གཙོ་བོ་ཟབ་མོ་ལྟ་བའི་ཕྱོགས་དང་། སྤྱན་རས་གཟིགས་སྙིང་རྗེའི་རང་གཟུགས་ཡིན་པས་བྱམས་དང་སྙིང་རྗེ་སོགས་སྒྲུབ་པའི་ཕྱོགས། ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱི་རང་གཟུགས་ཡིན་པས་སྤྱོད་པ་དྲག་ཤུལ་གྱི་ཕྱོགས་ནས་བསྟན་ཏེ། དེ་ཡང་འཕགས་པ་འཇམ་དཔལ་གྱིས་སྟེང་ཕྱོགས་ལྷ་ཡི་གནས་སུ་གྲགས་ལྡན་མཆོག་སྐྱོང་ལ་བཤད་ནས་རིམ་བཞིན་དར་ནས་ལྷ་ཚོམ་བུ་འབུམ་དང་བཅས་པ་སངས་རྒྱས་སོ། །སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བསྟན་ནས་རིམ་བཞིན་བརྒྱུད་དེ་ཀླུ་ཚོམ་བུ་འབུམ་དང་བཅས་པ་མངོན་པར་སངས་རྒྱས་སོ། །ཕྱག་ན་རྡོ་རྗེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བསྟན་ནས་གནོད་སྦྱིན་འབུམ་དང་བཅས་པ་མངོན་སངས་རྒྱས་པ་ནི་རིག་འཛིན་བརྡ་བརྒྱུད་ལས་མི་མ་ཡིན་ཁོ་ནར་བརྒྱུད་ཚུལ་ལོ།།
དེ་ནས་སྟོན་པ་འདས་ནས་ལོ་ཉེར་བརྒྱད་ཀྱི་མཚམས་སུ་དམ་པའི་རིགས་ཅན་དྲ་མ་ལྔའི་མངོན་པར་ཤེས་པས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་རྔ་ཡབ་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེ་མོར་འཛོམས་ཏེ་གདུང་ཚིག་ཉེར་གསུམ་འདོན་ཞིང་བཤུམས་པས། དེའི་ཚེ་གསང་བའི་བདག་པོ་ལག་ན་རྡོ་རྗེས་སངས་རྒྱས་ཀྱིས་གསང་སྔགས་ཀྱི་སྟོན་པར་དབང་བསྐུར་བའི་ཕྱིར་མངོན་སུམ་དུ་སྣང་བར་བྱས་ནས་རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེར་ལྷ་གནས་གསུམ་ཞེས་འོག་མིན་དང་། དགའ་ལྡན། རི་རབ་ཀྱི་རྩེ་མོ་སོགས་སུ་གསང་སྔགས་བླ་ན་མེད་པའི་ཆོས་བསྟན་ནས་དེ་རྣམས་དམ་པའི་རིགས་ཅན་དྲ་མ་ལྔའི་ཡ་གྱལ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་བོ།།
དེ་ཡང་དགོངས་པའི་རྩལ་བདུན་ནི། གསེར་གྱི་བྱང་བུ་འབྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻ་ཌཱུརྱའི་ཞུན་མས་བྲིས་པས་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་རྒྱུད་འཛིན་དར་རྒྱས་སུ་འབྱུང་བར་དགོངས་པ་དང་བཅས་བདུན་ནོ།།
འདིར་སྐབས་སུ་བབ་པའི་སྒྲུབ་པ་བཀའ་བརྒྱད་ཀྱི་རིག་འཛིན་བརྡ་བརྒྱུད་བྱེ་བྲག་ཏུ་བཤད་ན། ཆོས་འབྱུང་གྲགས་ཆེན་ཕལ་ཆེ་བར་བཀའ་བརྒྱད་འདི་ལ་རྒྱ་གར་རང་ན་བཀའ་མ་དང་གཏེར་མའི་བརྒྱུད་ཚུལ་ཞེས་གཉིས་སུ་ཕྱེ་བ་ལས་རིག་འཛིན་བརྡ་ཡི་བརྒྱུད་པ་གསལ་པོ་གསུངས་མི་འདུག་པས་མང་པོ་ཞིག་གིས་རྒྱུད་སྡེ་དང་སྒྲུབ་སྡེ་སོ་སོར་མ་ཕྱེ་བར་རིག་འཛིན་བརྡ་ཡི་བརྒྱུད་ཚུལ་གཅིག་ཏུ་རྩི་བ་ནི་བརྟག་པར་བྱ་བའི་གནས་ཏེ། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་རྒྱུད་འབུམ་དཀར་ཆག་ཏུ། བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་དང་པོ་ནི།
རྒྱལ་ཚབ་རྡོ་རྗེ་སེམས་དཔས་རིགས་གསུམ་སེམས་དཔའ་ལ་བཤད། དེ་ལས་འཇམ་དཔལ་གྱི་ལྷ་གྲགས་ལྡན་མཆོག་སྐྱོང་། ཞེས་པ་ནས་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ་སོགས་རིག་འཛིན་མི་མ་ཡིན་ལ་བརྒྱུད་ཚུལ་རྣམས་གསུངས་ཤིང་། དེ་ནས་མི་ཡུལ་དུ་དར་ཚུལ་ཡང་རྒྱལ་པོ་ཛཿཡི་རྣམ་ཐར་འཆད་སྐབས་རྒྱལ་པོས་ཕྱག་ན་རྡོ་རྗེ་ཟླ་བ་བདུན་བསྒྲུབས་ཏེ་དངོས་སུ་བྱོན་ནས་དབང་བསྐུར་བྱིིན་གྱིས་བརླབས། ཚིག་རྣམས་ལི་ཙ་བྱི་དྲི་མེད་གྲགས་པར་ཞུས་ཤིག་ཅེས་པའི་ལུང་བསྟན་ཐོབ་པ་ལྟར་མཉན་པས་ཏནྟྲ་སྡེ་བཅོ་བརྒྱད་བྱུང་ཞེས་རྒྱུད་སྡེ་གཞིར་བྱས་ནས་གསུངས་ཤིང་སྒྲུབ་སྡེའི་སྐབས་སུ་དེ་ལྟར་མ་གསུངས་པའི་ཕྱིར་དང་། སྒྲུབ་སྡེ་རྣམས་རྒྱལ་པོ་ཛཿལ་བབས་པའི་ལོ་རྒྱུས་མེད་པས་དམ་པའི་རིགས་ཅན་ལྔའི་དགོངས་པའི་རྩལ་བདུན་གྱི་ནང་གསེས་ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ་ཞེས་པའི་དོན་ཡང་མི་ལྡན་པར་སྙམ།
འོན་ཀྱང་སྒྲུབ་སྡེ་ལའང་རིག་འཛིན་མི་དང་མི་མ་ཡིན་གཉིས་ཀ་ལས་བརྒྱུད་ཚུལ་མེད་པའང་མིན་ཏེ། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས། ཞི་བའི་གདུལ་བྱར་མ་གྱུར་པ་རྣམས་ལ་(སྟོན་པ་ཀུན་ཏུ་བཟང་པོ།)ཁྲོ་བོ་ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ནས་ཁྲོ་བོའི་དཀྱིལ་འཁོར་བསྟན་ཏེ་དགོངས་པས་བརྒྱུད་པ་དག་རིག་འཛིན་རྣམས་ལ་བརྡ་ལས་བརྒྱུད་དེ་གཙོ་བོར་གྱུར་པ་སྟོན་པ་ཉིད་བྱང་ཆུབ་སེམས་དཔའི་ངང་ཚུལ་ཅན་རིག་འཛིན་རྡོ་རྗེ་ཆོས་ཀྱི་ཕྱོགས་སུ་བསྡེབས་ནས་གླེགས་བམ་དུ་སྣང་བར་མཛད་དོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་དང་། མཁའ་འགྲོ་མ་ལས་ཀྱི་དབང་མོ་སོགས་རིག་འཛིན་མི་མ་ཡིན་པ་རྣམས་དང་། དེ་ནས་རིག་འཛིན་མི་ལས་བརྒྱུད་པ་ལའང་བཀའ་གཏེར་གཉིས་སུ་གྲགས་པའི་དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྒྱུད་འཇམ་དཔལ་གཤེད་སྐོར་རྣམས་བབ་ཅིང་། གསུང་རྟ་མགྲིན་ལ་སོགས་པདྨ་རིགས་སྐོར་རྣམས་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ་བབ། རང་ཅག་རྣམས་ཀྱིས་སློབ་དཔོན་འདི་ཟབ་མོ་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་དེ་ཡིན་ཟེར་ཡང་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་སློབ་དཔོན་དེ་གཉིས་ཐ་དད་ཡིན་པར་འདོད། འགའ་ཞིག་གིས་དབུ་མའི་སློབ་དཔོན་ཀླུ་སྒྲུབ་ལ་ཀླུ་སྒྲུབ་སྙིང་པོ་མི་ཞུ་ཡང་ཟེར། ཐུགས་རྒྱུད་དཔལ་ཡང་དག་ཧེ་རུ་ཀའི་སྐོར་རྣམས་སློབ་དཔོན་ཧཱུྃ་ཀ་ར་ལ་བབ་ཅིང་འདི་བལ་པོ་ཧཱུྃ་ཀ་ར་ཟེར་བ་དེ་དང་གཅིག་པ་ཡིན་ཟེར་བ་དང་། འགའ་ཞིག་གིས་བལ་པོ་ཧཱུྃ་ཀ་ར་དེ་སློབ་དཔོོན་འདིའི་སློབ་མ་ཡིན་ཡང་ཟེར་སྲོལ་འདུག བདུད་རྩི་ཡོན་ཏན་གྱི་ཆོས་སྐོར་རྣམས་སློབ་དཔོན་བི་མ་ལ་མི་ཏྲ། ཕྲིན་ལས་ཕུར་པའི་ཆོས་སྐོར་ནི་པྲ་བྷ་ཧ་སྟི་ལས་བརྒྱུད་པ་དང་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པར་བཤད་པ་སོགས་མང་མོད།
སློབ་དཔོན་ཆེན་པོ་བལ་པོར་བཞུགས་དུས་ཀླུ་གྱོང་པོ། གནོད་སྦྱིན་གོད་ཁ་མ་སོགས་ཀྱི་ཆོ་འཕྲུལ་ཆེ་བས་བལ་པོའི་མི་གཉིས་རྒྱ་གར་ལ་ཕུར་པའི་ཆོས་སྐོར་ལེན་དུ་བཏང་བར་གསལ་བས་སྣང་ཚུལ་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་བརྒྱུད་པར་གསུངས་པ་འདི་ཉིད་འདྲ་ཆགས་ཤིང་། གུ་རུ་ཆོས་དབང་གི་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ཆོག་ཆེན་མོ་ལས། རྡོ་རྗེ་འཆང་གི་ཡང་སྤྲུལ་རྡོ་རྗེ་ཆོས་ཀྱི་སྤྲུལ་པ་རིག་འཛིན་ཆེན་པོ་བརྒྱད་ལ་དབང་ཞུས་ཚུལ་ནི། ཞེས་རིག་འཛིན་བརྒྱད་པོ་རེ་རེ་ནས་བགྲངས་པའི་ཁྲོད་ན་ཕྲིན་ལས་ཀྱི་རིག་འཛིན་པྲ་བྷ་ཧསྟི་ལ་ཕུར་པའི་དབང་མཐའ་དག་རྫོགས་པར་ཞུས། ཞེས་གསུངས་པ་ལྟར་རོ། །རིག་འཛིན་སློབ་དཔོན་ཆེན་པོ་བརྒྱད་པོ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་སོ་སོའི་སློབ་དཔོན་ཡིན་ཞིང་སློབ་དཔོན་ཆེན་པོ་གུ་རུ་པདྨ་ནི་བཀའ་བརྒྱད་ཡོངས་རྫོགས་ཆུ་བོ་གཅིག་འདུས་ཀྱི་ཚུལ་དུ་བབས་པ་ཡིན་ཏེ། དཔལ་རིག་འཛིན་འདུས་པའི་རིག་འཛིན་བརྒྱད་ཀྱི་གསོལ་འདེབས་ལས། སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ། །སྒྲུབ་སྡེ་བརྒྱད་ལ་མངོན་པར་བྱང་ཆུབ་ནས། །ཕྲིན་ལས་རྣམ་བཞིའི་གོ་འཕང་མཆོག་བརྙེས་པའི། །ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །གསུངས་པ་དང་མཚུངས་སོ།།
སྒྲུབ་སྡེ་བཀའ་མ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཇི་ལྟར་བབ་ཚུལ་ལས་ཕྱི་མ་གསུམ་གསལ་མི་འདུག་པས་སྔ་མ་ནི་འཇིག་རྟེན་ལས་འདས་པའི་ཕྱོགས་ཁོ་ན་ཡིན་པས་སློབ་དཔོན་སོ་སོར་ཡི་དམ་གྱི་ཞལ་དངོས་སུ་གཟིགས་ནས་བཀའ་བབ་པ་དང་། ཕྱི་མ་གསུམ་པོ་འཇིག་རྟེན་ལས་འདས་དང་མ་འདས་ཅི་རིགས་ཡོད་པས་སློབ་དཔོན་རྣམས་ཀྱིས་འབད་རྩོལ་དེ་ཙམ་མ་མཛད་པ་ཡིན་ནམ་སྙམ། གཉིས་པ་བཀའ་བརྒྱད་གཏེར་མའི་ཕྱོགས་རྣམས་ནི་རིག་འཛིན་རྡོ་རྗེ་ཆོས་ཀྱིས་སྒྲུབ་སྡེ་སྤྱི་དང་བྱེ་བྲག་རྣམས་གླེགས་བམ་དུ་བཀོད་ཅིང་རིན་པོ་ཆེའི་སྒྲོམ་བུར་བཅུག་ནས་རེ་ཞིག་མི་ཡུལ་དུ་གདུལ་བྱ་མེད་པར་མཁྱེན་ཏེ་མཁའ་འགྲོ་མ་ལས་ཀྱི་དབང་མོར་གཏད་ནས། དུར་ཁྲོད་བསིལ་བ་ཚལ་གྱི་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ལ། ཕྱིས་རིག་འཛིན་སློབ་དཔོན་ཆེན་པོ་བརྒྱད་པོ་དེར་འདུས་ནས་མཁའ་འགྲོ་མ་དང་དྲེགས་པའི་ཚོགས་རྣམས་ལ་བདེན་པའི་ཚིག་དང་མཐུན་པའི་རྫས་ཀྱིས་བཀྲོལ། དགོངས་པའི་ཏིང་ངེ་འཛིན་གྱི་མཐུས་མཁའ་འགྲོ་མ་ལས་ཀྱི་དབང་མོ་མངོན་སུམ་དུ་བྱོན་ནས། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ཀླུ་སྒྲུབ་སྙིང་པོ། ཕུར་པའི་གཡུ་སྒྲོམ་པྲ་བྷ་ཧསྟི་(སློབ་དཔོན་པདྨ་ལ་གཏད་པར་ཡང་གསལ།) མ་མོའི་བསེ་སྒྲོམ་དྷ་ན་སཾ་ མཆོད་བསྟོད་ཀྱི་མཆོང་སྒྲོམ་རམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤིནྟཾ་གརྦྷ་རྣམས་ལ་སོ་སོར་གཏད་ཅིང་རང་རང་གི་དོན་ལ་མཁས་ཤིང་གྲུབ་པ་བརྙེས་པ་འདི་དག་ལ་བཀའ་བརྒྱད་བྱེ་བྲག་གི་བརྒྱུད་ཅེས་བྱ། སྐབས་དེར་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྒྲོམ་བུ་ཞིག་སློབ་དཔོན་རྣམས་ཀྱི་དབུས་སུ་བཞག་པས་རིག་འཛིན་གྱི་སློབ་དཔོན་བརྒྱད་པོ་སུས་ཀྱང་ཁ་འབྱེད་མ་ཐུབ་པར་རྒྱ་བཅག་པས་མ་ཆག མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་རྒྱ་རང་གྲོལ་དུ་གྱུར་ཏེ་བཀའ་བརྒྱད་ཡོངས་རྫོགས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་བདེ་གཤེགས་འདུས་པའི་ཆོས་སྐོར་བྱུང་། ཡང་དེ་དུས་སྒྲུབ་པའི་སློབ་དཔོན་དགུ་འདུས་ནས་རིན་ཆེན་སྣ་ལྔ་ལས་གྲུབ་པའི་སྒྲོམ་བུ་དེ་སློབ་དཔོན་པདྨར་ཕུལ་ཅེས་ཀྱང་བྱུང་བ་འདི་ཕུར་པའི་ཆོས་སྐོར་སློབ་དཔོན་པྲ་བྷ་ཧ་སྟི་ལ་བབས་པར་བཞེད་མཁན་དག་ཡིན། རིག་འཛིན་སློབ་དཔོན་ཆེན་པོ་བརྒྱད་ཀྱི་དབུས་ཀྱི་སྒྲོམ་བུ་དེ་ཁ་འབྱེད་མ་ཐུབ་པར་སླར་གཏེར་དུ་སྦས་ནས་ཕྱིས་སློབ་དཔོན་པདྨས་རྒྱ་བཀྲོལ་བར་ཡང་གསུང་མཁན་འདུག་པས་དེ་དག་གིས་རིག་འཛིན་སློབ་དཔོན་བརྒྱད་པོ་དེར་འཛོམས་དུས་སློབ་དཔོན་པདྨ་ཕེབས་མེད་པར་འདོད་པ་འདྲ། སྒྲུབ་པ་ལུང་གི་བཀའ་མགོ་ལས། རུས་པའི་སྒྲོམ་བུ་བདག་པདྨ་སམྦྷ་ཝ་ལ་གཏད༔ ཅེས་དང་། རུས་པའི་སྒྲོམ་བུའི་ནང་ནས་ཕུར་པའི་རྒྱུད་སྡེ་ཐམས་ཅད་བྱུང་ངོ་༔ ཞེས་དང་། དེ་ནས་རིན་པོ་ཆེའི་སྒྲོམ་བུ་དེ་ཁ་ཕྱེ་བས༔ སློབ་དཔོན་གང་གིས་ཁ་ཕྱེ་ཡང་ཁ་ཕྱེད་པར་མ་གྱུར༔ རྒྱ་བཅག་པས་ཀྱང་སུས་ཀྱང་མ་ཆོག་ནས༔ སློབ་དཔོན་ཆེན་པོ་བརྒྱད་ཀྱིས་དགུང་བདུན་དུ་དགོངས་པ་རྩེ་གཅིག་ཏུ་མཛད་པས༔ མ་མོ་དང་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས༔ བང་བ་རང་གྲོལ་དུ་གྱུར་ཏེ༔ ཞེས་སོགས་གསུང་ཚུལ་ཅུང་མི་མཐུན་པ་མང་དུ་སྣང་། གང་ལྟར་དབུས་ཀྱི་རིན་ཆེན་སྣ་ལྔ་ལས་གྲུབ་པའི་སྒྲོམ་བུ་དེའི་ནང་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་ཡིན་ལ་དེ་ལ་རྩ་བའི་རྒྱུད་དང་། ཕྱི་མའི་རྒྱུད་སོགས་སྤྱི་རྒྱུད་ལྔ་དང་། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་སྒོས་རྒྱུད་བཅུ་བཅས་རྒྱུད་ཚན་བཅོ་ལྔ་བྱུང་ངོ་།།
དེ་བས་ན་བཀའ་བརྒྱད་བདེ་གཤེགས་ཡོངས་རྫོགས་གཅིག་ཏུ་འདུས་པ་འདི་ཐོག་མར་གུ་རུ་པདྨ་ལས་མེད་པས་རྒྱ་གར་གྱི་མཁས་པ་སྤ་བཀོང་བའི་ཕྱིར་རིག་འཛིན་སློབ་དཔོན་བརྒྱད་པོ་ལ་ཕར་དབང་བསྐུར་ཅིང་བོད་ཀྱི་གདུལ་བྱའི་སྤྲོས་པ་གཅོད་ཕྱིར་བཀའ་བརྒྱད་བྱེ་བྲག་རྣམས་ཚུར་ཞུས་པ་ཡིན་ཞེས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ཆོག་ལས་གསུངས། འདིའི་བར་དུ་མ་ཧཱ་དང་ཨ་ནུ་གཉིས་ཇི་ལྟར་བརྒྱུད་པའི་ཚུལ་ཡིན་ཞིང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་དཔལ་རྡོ་རྗེ་སེམས་དཔས་ལྷའི་བུ་སེམས་ལྷག་ལ་གནང་བས་རིག་འཛིན་མི་མ་ཡིན་ལ་བརྒྱུད་པ་དང་། རིག་འཛིན་མི་ལས་བརྒྱུད་ཚུལ་ཡང་རིག་འཛིན་གྱི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་དཔལ་རྡོ་རྗེ་སེམས་དཔས་རིག་པ་རྩལ་གྱི་དབང་མཆོག་བསྐུར་ནས། རིམ་བཞིན་སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེངྷ། ཡེ་ཤེས་མདོ་སོགས་ལ་བརྒྱུད་པ་རྣམས་རིག་འཛིན་བརྡ་བརྒྱུད་དུ་བརྩི་དགོས་པ་ལས་གང་ཟག་སྙན་བརྒྱུད་དུ་འདོད་མི་རིགས་ཏེ། ཀུན་མཁྱེན་ཆེན་པོས་ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བར། དོན་གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ་རི་རབ་ཀྱི་བྱང་ཕྱོགས་སུ་དུར་ཁྲོད་མེ་རི་འབར་བའི་གནས་ན་མཁའ་འགྲོ་མ་རྣམས་དང་། གྲུབ་པ་དང་རིག་པ་འཛིན་པ་རྣམས་ལ་ཆོས་སྟོན་པ་དང་། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་སྣང་བ་གསལ་བའི་འོད་ལྡན་གཉིས་ཀྱི་སྲས་མོ་སུ་དརྨཱ་ཞེས་བྱ་བའི་དགེ་སློང་མ་ཞིག་རྒྱ་མཚོའི་གླིང་དུ་དཀའ་ཐུབ་ལ་བཞུགས་པའི་དུས་སུ་ཞེས་སློབ་དཔོན་དགའ་རབ་རྡོ་རྗེའི་རྣམ་ཐར་གསུངས་ནས་རིམ་བཞིན་བི་མ་ལའི་རྣམ་ཐར་སྐབས་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བྷོ་དྷི་ཞེས་བྱ་བའི་མཆོད་གནས་ཀྱང་མཛད་དོ། །དེ་ཡན་ཆད་རིག་འཛིན་བརྡས་བརྒྱུད་པའོ། །ཞེས་གསལ་བར་གསུངས་པས་སོ།།
དེ་བཞིན་ལོ་རྒྱུས་པ་ཕལ་ཆེ་བས་མ་ཧཱ་དང་ཨ་ནུ་སོགས་ཀྱང་རྒྱལ་པོ་ཛཿནས་གང་ཟག་སྙན་བརྒྱུད་དུ་བརྩིས་འདུག་པ་ཡང་ཅིས་ཀྱང་བརྟག་དགོས་པར་སྣང་སྟེ། གསོལ་འདེབས་ལེའུ་བདུན་མ་ལས། གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང་༔ བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང་༔ དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ༔ རིག་འཛིན་ལྷ་དབང་བརྒྱ་སྦྱིིན་ལ་སོགས་ཏེ༔ རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ གསུངས་པ་ལྟར་རྒྱལ་པོ་ཛཿདེ་ཉིད་རིག་འཛིན་བརྡ་བརྒྱུད་ཀྱི་གྲས་སུ་བཞག་པ་མི་ཚད། ཀུན་མཁྱེན་ཆེན་པོས་གསང་སྙིང་སྤྱི་དོན་དུ། འདི་དག་ལ་ཁ་ཅིག་གང་ཟག་སྙན་བརྒྱུད་དུ་འདོད་པ་མི་འཐད་དེ། ལ་ལ་ནི་རྒྱུའི་རིག་འཛིན་ཡིན་ལ། ཕལ་ཆེར་ཕྱག་རྒྱའི་རིག་འཛིན་མང་ཞིང་། པདྨ་དང་བི་མ་ལ་ནི་ལྷུན་གྲུབ་ཀྱི་ས་ལ་བཞུགས་ནས་སེམས་ཅན་གྱི་དོན་དུ་པཎྜི་ཏར་སྣང་བ་སྟེ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཡིན་ནོ། །ཞེས་གསུངས་པའི་དོན་ལ་ཅིས་ཀྱང་བསམ་དགོས་པར་སྣང་། འདི་དག་ནི་ཆོས་དོན་མ་ལུས་པ་བརྡ་ཙམ་གྱིས་ཁོང་དུ་ཆུད་པས་རིག་འཛིན་བརྡ་ཡི་བརྒྱུད་པའོ།།
རྒྱལ་པོ་ཛཿཞེས་པ་དེ་ནི་རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་གྱི་རྒྱལ་པོ་ཞིག་ཡིན་པར་ལུང་དང་ལོ་རྒྱུས་གཉིས་ཀས་བསྒྲུབས་ལ། མཚན་གཞན་ལ་ཨིནྡྲ་བྷོ་དྷི་ཡང་ཞུ་བར་གྲགས་མོད་ཨིནྡྲ་བྷོ་དྷི་སྔ་ཕྱི་བར་གསུམ་ཐམས་ཅད་ཨོ་རྒྱན་ཡུལ་དུ་བྱོན་ཟེར་བ་ལའང་དཔྱད་དགོས་པར་སྣང་ཞིང་། ཀུན་མཁྱེན་ཆེན་པོའི་གསང་སྙིང་སྤྱི་དོན་ལས། ཡང་ཁ་ཅིག་རྒྱལ་པོ་ཛཿནི་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷིར་འདོད་པ་ཡང་མི་རིགས་ཏེ། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །ཞེས་པས་ཕྱོགས་འགལ་བའི་ཕྱིར་རོ་ཞེས་ཀྱང་གསུངས། ཨིནྡྲ་བྷོ་དྷི་དང་པོ་ནི་སྟོན་པས་དངོས་སུ་དབང་བསྐུར་ནས་རྟོགས་གྲོལ་དུས་མཉམ་དུ་སོང་བ་དེ་དང་། སློབ་དཔོན་པདྨའི་ཡབ་ཚབ་བྱས་པར་གྲགས་པའི་ཨིནྡྲ་བྷོ་དྷི་བར་པ། དེ་ལ་སྲས་གསུམ་ཡོད་པའི་དང་པོ་དེ་ཨིནྡྲ་བྷོ་དྷི་ཆུང་བ་ཡིན་ཞིང་། ཕྱིས་སྒྲུབ་པ་ཐོབ་པས་གྲུབ་ཆེན་ལྭ་བ་པ་ཡིན་ཡང་གསུངས། མཁས་པ་གུ་བཀྲ་སོགས་ཀྱིས་རྒྱལ་པོ་ཛཿཞེས་པ་དེ་ངོས་འཛིན་ཚུལ་མང་ཡང་ཀུ་ཀུ་ར་ཛ་དང་དུས་མཚུངས་ན་ཨིནྡྲ་བྷོ་དྷི་བར་པ་ལ་བྱེད་དགོས་པ་འདྲ་ཞེས་ཀྱང་གསུངས། ཡང་ཐང་ཡིག་ཁག་ཏུ་སློབ་དཔོན་ཆེན་པོ་ཕྱིས་སུ་ཨོ་རྒྱན་ཡུལ་དུ་བྱོན་ཏེ་ཡབ་ཨིནྡྲ་བྷོ་དྷི་ལ་ཆོས་བསྟན་ནས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཚུལ་ཡང་གསལ། ཡང་སློབ་དཔོན་ཆེན་པོའི་ཡབ་ཨིནྡྲ་བྷོ་དྷི་ལ་སྲས་མེད་གསུངས་པ་ཡང་འདུག་པས་བརྟག་པར་བྱ་དགོས་ཤིང་ལོ་རྒྱུས་དངོས་ཀྱི་བརྒྱུད་རིམ་ལ་དཔྱོད་མི་འདོད་པར་གཞན་གྱི་ཁ་ཙམ་འགེགས་དགོས་ན་ཕྱིས་སུ་སྲས་སྐྱེ་ཆོག་པས་སོ་སྨྲས་ཀྱང་འགྲིག ཀུན་མཁྱེན་ཆེན་པོས། དེ་ལྟར་ཕྱག་ན་རྡོ་རྗེས་རྒྱལ་པོ་ཛཿལ་གསུངས། དེས་ཀུ་ཀུ་ར་ཛ་ཚོམ་བུ་འབུམ་སྡེ་ལ་གསུངས། དེས་རྒྱལ་པོ་ཨིནྡྲ་བྷོ་དྷི་ཆེན་པོ་ལ་གསུངས། ཞེས་དང་། རྣམ་པ་གཅིག་ཏུ་ན་རྒྱལ་པོ་ཨིནྡྲ་བྷོ་དྷི་ཆེན་པོའི་སྲས་རྒྱལ་པོ་ཛཿཞེས་པའི་སྐུ་རིང་ལ། ཟ་ཧོར་གྱི་ཡུལ་ན་དྲག་ཤུལ་ཅན་གྱི་རི་མ་ལ་ཡ་ཞེས་བྱ་བ་ཡོད་དེ། ཞེས་སྔ་ཕྱི་གཉིས་ཅུང་མི་འདྲ་བ་གསུངས་པ་ནི་འགྱུར་གཉིས་ཀྱི་འདོད་ཚུལ་གཤིབས་ནས་གསུངས་པ་འདྲ། དེ་བས་ན་རྒྱལ་པོ་ཛཿནི་སྟོན་པའི་སྤྱན་སྔར་དབང་ཐོབ་པའི་རྒྱལ་པོ་ཨིནྡྲ་བྷོ་དྷི་ཆེན་པོ་དེའི་སྲས་ཡིན་པར་འདྲ་ཞིང་མཐའ་གཅིག་ཏུ་མཚན་ལ་ཨིནྡྲ་བྷོ་དྷི་ཞུ་བཞིན་ཡོད་པའི་སྒྲུབ་བྱེད་ཀྱང་ཅང་མ་མཐོང་ངོ་།།
གསུམ་པ་གང་ཟག་སྙན་བརྒྱུད་ནི།
ཆོས་འབྱུང་མཛད་པ་པོ་མང་པོ་ཞིག་གིས་ཨ་ནུ་ཡོ་ག་དང་མ་ཧཱ་ཡོ་གའི་རྒྱུད་སྡེའི་སྐབས་སུ་རྒྱལ་པོ་ཛཿདང་ཀུ་ཀུ་ར་ཛཱ་རྣམས་གང་ཟག་སྙན་བརྒྱུད་དུ་བརྩིས་པ་ལྟར་སྐབས་སུ་བབ་པའི་སྒྲུབ་སྡེ་ལའང་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་སོགས་གང་ཟག་སྙན་བརྒྱུད་དུ་འཇོག་མཁན་ཡང་ཡོད་མོད། འདིར་ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས། གསུམ་པ་གང་ཟག་སྙན་ཁུངས་སུ་བརྒྱུད་པ་ནི། བོད་ཀྱི་རིམ་པས་བརྒྱུད་པ་རྣམས་ཡིན་ཏེ། ཞེས་དང་། གུ་རུ་ཆོས་དབང་གི་བཀའ་བརྒྱད་དབང་ཆོག་ལས། བརྡ་ཡི་དོན་རྟོགས་རྒྱ་གར་གྲུབ་ཆེན་དགུ། །སྙན་བརྒྱུད་འཛིན་པ་བོད་ཀྱི་གྲུབ་ཆེན་སོགས།། གསུངས་པའི་རྗེས་སུ་འབྲངས་ནས་འཆད་པར་བྱ་བ་ལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས། སྔ་འགྱུར་གཞུང་ཤིང་མདོ་སྒྱུ་སེམས་གསུམ་སྟེ། །སྒྲུབ་སྡེ་ཟུར་རྒྱན་གསང་སྐོར་སྲོག་གི་ཐིག །གསུངས་པ་ལྟར་མདོ་སྒྱུ་སེམས་གསུམ་པོས་གཞུང་བསྲངས།
སྒྲུབ་སྡེ་ཡན་ལག་བརྒྱད་ཀྱི་ཟབ་ཆོས་རྣམས་ཀྱིས་ཟུར་བརྒྱན་པའི་དམ་ཆོས་དྲི་མ་མེད་པ་འདི་དག་ལ་སྔ་འགྱུར་རྙིང་མའི་བསྟན་པ་ཞེས་བྱ་བར་གསུངས་པའི་ནང་གསེས་སྒྲུབ་པ་བཀའ་བརྒྱད་ནི། དེ་ཡང་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་དེ་ཉིད་ལ་བཀའ་བརྒྱད་སོགས་གསང་སྔགས་ཀྱི་དབང་མཆོག་ཡོངས་རྫོགས་ཆུ་བོ་བཞི་འདུས་ཀྱི་ཚུལ་དུ་བབ་ཚུལ་གོང་དུ་བཤད་ཟིན་པ་ལྟར། འདིར་གངས་ཅན་ཁ་བའི་ལྗོངས་སུ་ཆོས་སྲིད་ལུགས་གཉིས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེངས་ཏེ། འཛམ་བུ་གླིང་གི་རིག་གནས་ཡོད་ཚད་ལས་ཡག་ཤོས་དང་བཟང་ཤོས་ཐམས་ཅད་ཁ་བའི་ལྗོངས་སུ་འདྲེན་པར་འདོད་པའི་སྤོབས་པ་དང་སྙིང་སྟོབས་མངའ་བའི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དེ་ཉིད་ཀྱིས་བསིལ་ལྡན་བོད་ཆེན་པོའི་ཞིང་དུ་རྒྱལ་བསྟན་ཉིན་མོར་བྱེད་པར་དགོངས་ནས་ནག་ཕྱོགས་རྣམས་ཀྱི་ཁ་གནོན་དུ་སློབ་དཔོན་ཆེན་པོ་གུ་རུ་རིན་པོ་ཆེ་དེ་ཉིད་སྤྱན་འདྲེན་མཛད་པའི་སྐོར་ཐང་ཡིག་ཁག་ལས་རྟོགས་པར་བྱ་ཞིང་འདིར་བཀའ་བརྒྱད་ཀྱི་ཆོས་འཁོར་ཇི་ལྟར་བསྐོར་བའི་ཚུལ་ལ། དེ་ཡང་ཐེངས་དང་པོ་སློབ་དཔོན་ཆེན་པོ་ལ་བཙན་པོས་གསོལ་བ་བཏབ་པ་ལྟར། བསམ་ཡས་དབུ་རྩེར་མངའ་བདག་རྒྱལ་པོ་ཆེན་པོས་གཙོས་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་སློབ་དཔོན་ཆེན་པོའི་མཚན་ལྡན་གྱི་གཟུངས་མ་དྲུག་བཅས་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཡོངས་རྫོགས་བསྩལ་ནས་སོ་སོས་ཉམས་སུ་བླངས་ཏེ་གྲུབ་རྟགས་མི་འདྲ་བ་རེ་རེ་བསྟན་ཚུལ་རྗེ་འབངས་ཉེར་ལྔའི་གསོལ་འདེབས་དང་རྣམ་ཐར་ཁག་ལས་གསལ་བ་ལྟར་དང་།
ཐེངས་གཉིས་པ་བསམ་ཡས་མཆིམས་ཕུའི་བྲེ་དགུ་དགེའུར་ལས་ཅན་གྱི་རྗེ་འབངས་གྲོགས་གསུམ་ཞེས་རྗེ་འགྲན་མེད་མངའ་བདག་ལྷ་བཙན་པོ་མཆོག་དང་། འབངས་ཀྱི་མཆོག་ནམ་མཁའི་སྙིང་པོ། གསང་བའི་གྲོགས་མཆོག་མཁར་ཆེན་བཟས་གཙོས་རྗེ་འབངས་བརྒྱད་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྱི་ནང་གསང་གསུམ་གྱི་དབང་དང་མན་ངག་ཡོངས་སུ་རྫོགས་པར་གནང་། སྐབས་དེར་གསེར་སྲང་བཅུ་རེ་ལས་བྱས་པའི་མེ་ཏོག་སོ་སོར་གཏོར་བས། མངའ་བདག་བཙན་པོ་ཁྲི་སྲོང་ཉིད་ཀྱི་མེ་ཏོག་དབུས་ཆེ་མཆོག་དཀྱིལ་འཁོར་ལ་བབ་ཅིང་། གནུབས་ནམ་མཁའི་སྙིང་པོ་ཡང་དག གནུབས་ཆེན་སངས་རྒྱས་ཡེ་ཤེས་གཤིན་རྗེ། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན། མཁར་ཆེན་བཟའ་མཚོ་རྒྱལ་ཕུར་པ། འབྲོག་མི་དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀ རླངས་དཔལ་གྱི་སེངྒེ་དྲེགས་པ་ཀུན་འདུལ། པ་གོར་ལོ་ཆེན་བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་དུ་མེ་ཏོག་བབས་པར་གསུངས། འདི་ལས་སྒྲུབ་པ་བཀའ་བརྒྱད་སོ་སོའི་དཀྱིལ་འཁོར་གྱི་ལྷ་གཙོ་བོ་གང་ཡིན་སོགས་ཀྱང་ཤེས་པར་འགྱུར་རོ། །དེ་ལྟར་རྗེ་འབངས་བརྒྱད་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་སྒྲགས་ཀྱི་ཡང་རྫོང་དུ་བསྒྲུབས་པས་བྲག་ལ་ཕུར་པ་འདེབས་ནུས་པའི་གྲུབ་རྟགས་ལ་མངའ་བརྙེས་ཤིང་། རྒྱལ་བ་མཆོག་དབྱངས་མཆིམས་ཕུ་དཔལ་གྱི་དབེན་རྩར་པདྨ་བསྒྲུབས་པས་སྤྱི་གཙུག་ནས་རྟ་སྐད་འཚེར་ནུས། ནམ་མཁའི་སྙིང་པོས་ལྷོ་བྲག་མཁར་ཆུར་བསྒྲུབས་ནས་ཉི་ཟེར་ལ་འཆིབ་ནུས། མཁར་ཆེན་བཟས་མོན་ཁ་ནེ་རིང་དུ་བསྒྲུབས་པས་བསད་པའི་མི་རོ་སློང་ནུས། འབྲོག་མི་དཔལ་གྱི་ཡེ་ཤེས་ཡར་སྟོད་ཤམ་པོར་བསྒྲུབས་པས་འཇིག་རྟེན་པའི་མ་མོ་བྲན་དུ་འཁོལ་ནུས། དཔལ་གྱི་སེངྒེས་སྤ་གྲོ་སྟག་ཚང་དུ་བསྒྲུབས་པས་ལྷ་སྲིན་བྲན་དུ་འཁོལ་ནུས། བཻ་རོ་ཙ་ནས་བསམ་ཡས་གཡའ་མ་ལུང་དུ་བསྒྲུབས་པས་ཡེ་ཤེས་ཀྱི་སྤྱན་ཐོབ། མངའ་བདག་རྒྱལ་པོས་བསམ་ཡས་དབུ་རྩེར་བསྒྲུབས་པས་ཏིང་འཛིན་གཡོ་མེད་ངང་སྒོམ་ནུས་པ་སོགས་རང་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དེ་བསྒོམས་ནས་གྲུབ་རྟགས་སྣ་རེ་མ་བྱུང་བ་མེད་དོ།།
ཉང་རལ་གྱི་བཀའ་བརྒྱད་བདེར་འདུས་སོགས་སུ་རྗེ་འབངས་སྙིང་གི་བུ་དགུ་ཞེས་གོང་གི་བརྒྱད་པོའི་སྟེང་དུ་གཉགས་ཛྙཱ་ན་ཀུ་མ་ར་བསྣན་ནས་དགུར་བགྲངས་ཤིང་གཉགས་ལོ་ཆེན་པོ་ཡང་མེ་ཏོག་ཆེ་མཆོག་ལ་ཕོག་ཅེས་ཀྱང་སྣང་། ཡང་གུ་རུ་ཆོས་དབང་གི་བཀའ་བརྒྱད་དབང་ཆོག་ལས། རྗེ་འབངས་སྙིང་གི་བུ་དགུ་ལས་གཞན་རྣམས་གོང་ལྟར་དང་གནུབས་ཆེན་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཚབ་ཏུ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་བསྣན་འདུག་པས་ཡོངས་གྲགས་དང་ཅུང་མི་མཐུན། དེ་ལྟར་སྒྲུབ་པ་བཀའ་བརྒྱད་གཙོས་གསང་སྔགས་ནང་རྒྱུད་ཀྱི་དབང་གི་ཆུ་བོ་རྣམས་ཇི་ལྟར་བབ་ཚུལ་ལ། ཀུན་མཁྱེན་མི་ཕམ་བླ་མའི་བཀའ་བརྒྱད་རྣམ་བཤད་ལས། ཟབ་མོའི་ཐེག་པ་འདི་ལ་འཕགས་ཡུལ་དུ་བཀའ་བབ་པའི་མཁས་གྲུབ་མང་དུ་བཞུགས་མོད་ཀྱི། ཡོངས་སུ་གྲགས་པ་ལ་བཞི་སྟེ། ཡི་དམ་ལྷས་དབང་བསྐུར་ནས་ཐོབ་པ་སློབ་དཔོན་དགའ་རབ་རྡོ་རྗེ། བཀའ་བརྒྱུད་རྟགས་ཀྱི་གླེགས་བམ་གྱི་དབང་ཐོབ་པ་ལས་ཅན་རྒྱལ་པོ་ཛཿ། རང་རིག་པ་རྩལ་གྱི་དབང་བསྐུར་ནས་ཐོབ་པ་སློབ་དཔོན་གུ་རུ་པདྨ་འབྱུང་གནས། དགེ་བའི་བཤེས་གཉེན་གྱི་དབང་བསྐུར་ནས་ཐོབ་པ་སློབ་དཔོན་བི་མ་ལ་མི་ཏྲ་བཅས་བཞི་དང་། བོད་དུ་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས། པཎ་ཆེན་བི་ལ་མི་ཏྲ། པ་གོར་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་བཞི་པོ་ཡིན། སློབ་དཔོན་ཆེན་པོ་གུ་རུ་པདྨ་ནི་དབང་གི་བཀའ་སྲོལ་ཆུ་བོ་ཆེན་པོ་གཞན་གསུམ་པོ་ཡང་འདུས་ཤིང་བོད་དུ་མངའ་བདག་རྒྱལ་པོ་དང་རྗེ་འབངས་ཉེར་ལྔ་ལ་བཀའ་བརྒྱད་ཀྱི་དབང་ཇི་ལྟར་བསྩལ་ཚུལ་གོང་ལྟར་ཡིན། སློབ་དཔོན་བི་མ་མི་ཏྲ་བོད་དུ་བྱོན་ནས་ཡར་ལུང་མཆོང་གི་ཡང་རྫོང་དུ་གཉགས་ཛྙཱ་ན་ཀུ་མ་ར་ལ་གནང་། ལོ་ཆེན་པ་གོར་བཻ་རོ་ཙ་ན་ལ་རྒྱ་གར་དུ་རིག་འཛིན་སློབ་དཔོན་དགའ་རབ་རྡོ་རྗེས་ཡེ་ཤེས་སྒྱུ་མའི་སྐུས་ཞལ་བསྟན་པ་དང་། ལྷག་པར་དུ་འཇམ་དཔལ་བཤེས་གཉེན་གཉིས་པ་ལས་དབང་དངོས་སུ་མནོས་ནས་བོད་དུ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བསྩལ། དེས་ཡར་ལུང་ཤེལ་བྲག་ཏུ་གཉགས་ཛྙཱ་ན་ཀུ་མ་ར་ལ་གནང་།
ཡང་སློབ་དཔོན་ནམ་མཁའི་སྙིང་པོས་རྒྱ་གར་དུ་གསེར་བྲག་བྱ་ཁྱུང་ཚལ་དུ་སློབ་དཔོན་ཧཱུྃ་ཀ་ར་ལས་ཞུས་ཤིང་། བོད་དུ་གཉལ་གྱི་དགེ་རི་རུ་གཉགས་ལོ་ཛྙཱ་ན་ཀུ་མ་ར་ལ་གནང་བ་བཅས་དེ་ལྟར་དབང་གི་ཆུ་བོ་བཞི་ཀ་གཅིག་ཏུ་འདུས་པ་ནི་གཉགས་ལོ་ཆེན་པོ་ཡིན་ཞིང་གསང་མཚན་དྲི་མེད་ཟླ་ཤར་དུ་གྲགས་པར་གསུངས་འདུག་པ་འདི་ཉིད་དང་། རྒྱལ་པོ་ཛཿདང་སློབ་དཔོན་དགའ་རབ་རྡོ་རྗེ་སོགས་ལ་སྒྲུབ་སྡེའི་དབང་ཇི་ལྟར་ཐོབ་པ་ཡིན་ནམ་སྙམ་ནས་དབུ་འཁྲུགས་ཉེན་ཆེ་བས། དེ་ལ་འདི་དག་ནི་གསང་སྔགས་བླ་མེད་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་སྤྱིར་དབང་ཐོབ་ཚུལ་ཙམ་གསུངས་པ་ལས་སྒྲུབ་པ་བཀའ་བརྒྱད་རང་ལ་གོ་མི་རུང་སྙམ། ཡང་རྣམ་པ་གཅིག་ཏུ་ན་དེ་ལྟའི་དབང་བཞི་པོ་གང་རུང་ཐོབ་ན་ཆོས་རྣམས་ཐམས་ཅད་རིག་པ་སྤྱི་ལུགས་ཀྱི་དབང་ཐོབ་པའི་དོན་གོ་ཆོད་པ་ཡང་འདྲ་སྟེ། བཀའ་བརྒྱད་གསང་རྫོགས་ཀྱི་དབང་ཆོག་ལས། དེ་ནས་རྒྱ་གར་དུ་དབང་གི་ཆུ་བོ་བཞི་བབས་ཚུལ་ནི། ཞེས་པ་ནས་དབང་བཀའ་བབ་བཞི་པོ་རིམ་བཞིན་བགྲངས་ནས། ཆུ་བོ་བཞིར་གྱེས་ཏེ་གནས་ཡོད་པ་ལས། ཨོ་རྒྱན་པདྨ་བདག་ཉིད་ཀྱིས། ཡོངས་སུ་རྫོགས་པ་ཐོབ་ཚུལ་ནི། ཞེས་གསུངས་ནས་རིམ་བཞིན་གང་ལ་བབ་པའི་སློབ་དཔོན་བཞི་པོས་གུ་རུ་པདྨར་སྐུར་ཚུལ་རྣམས་གསུངས་ནས། ཡང་དེར། ཡང་བཀའ་བརྒྱད་བྱེ་བྲག་གི་དབང་ཐམས་ཅད་ཀྱང་ཆུ་བོ་བཞིར་ཡོངས་སུ་རྫོགས་ཤིང་ཆུ་བོ་བཞི་ཡི་དབང་ཡང་རིག་པ་རྩལ་དབང་དུ་ཡོངས་སུ་རྫོགས་པར་ཟིན་གྱིས་ཀྱང་། གདུལ་བྱའི་བློ་རྟོག་པ་བསལ་བའི་ཕྱིར། བྱེ་བྲག་བཀའ་བརྒྱད་ཀྱི་དབང་སོ་སོར་བརྙེས་ཚུལ་ནི། གསུངས་ནས་སྒྲུབ་པའི་རིག་འཛིན་བརྒྱད་ལས་ཇི་ལྟར་གསན་ཚུལ་རྣམས་གསུངས་འདུག་པས་སོ།།
དེ་ནས་གཉགས་ལོ་ཆེན་པོས་དཔལ་གྱི་བུ་བརྒྱད་ཀྱི་ནང་གསེས་སོག་པོ་ལྷ་དཔལ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གནང་། གནུབས་ཆེན་གྱིས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་གཙང་གི་མི་བཞི་ལ་བསྩལ་ཅིང་དེ་ལས་ཀྱང་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ནི་རྗེ་ཉིད་ཀྱི་ཐུགས་སྲས་སུ་གྱུར་པ་མི་ཚད། དཱ་ན་ཏ་ལའི་དབང་ཀ་དང་ལྔ་འདུས་ནས་རིམ་བཞིན་གྲུབ་ཐོབ་དངོས་གྲུབ་བར་དུ་བརྒྱུད་ནས་མངའ་བདག་མྱང་རལ་པ་ཆེན་པོས་གསན། རིམ་བཞིན་མངའ་རིས་པཎ་ཆེན་ནས་བཟུང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་བར་དུ་བརྒྱུད་ཚུལ་བཀའ་བརྒྱད་རྣམ་བཤད་ལས་གསུངས་ཤིང་གཞན་ཡང་སྔ་འགྱུར་གྱི་བསྟན་འཛིན་གཞན་རྣམས་ལས་བརྒྱུད་ཚུལ་མཐའ་ཡས་པ་ཞིག་གོ །ལོ་རྒྱུས་འགའ་ཞིག་ཏུ་བཀའ་བརྒྱད་ལས་གཤེད་སྐོར་སློབ་དཔོན་ཤནྟིང་གརྦྷ་ལས་བརྒྱུད་པར་ཡང་གསལ་མོད། བཀའ་བརྒྱད་རྣམ་བཤད་ལས། ཤནྟིང་གརྦྷ་རཀྵི་ཏ་དགོངས་པ་ལ་གཤེགས་ནས་བོད་ལ་ཆོས་སྤེལ་བ་མ་བྱུང་ཞེས་གསུངས། འདི་དག་ནི་ལས་ཅན་གང་ཟག་རྣམས་ཀྱི་སྙན་ནས་སྙན་དུ་རིམ་པར་བརྒྱུད་པས་ན་གང་ཟག་སྙན་བརྒྱུད་ཅེས་བྱའོ།།
བཞི་པ་ལས་འཕྲོ་གཏེར་གྱི་སྒོས་བརྒྱུད་ནི།
དེ་ལྟར་སློབ་དཔོན་ཆེན་པོ་གུ་རུ་པདྨས་གངས་རིའི་ལྗོངས་འདིར་ཕྱི་རབས་གདུལ་བྱ་གསར་ངས་ཅན་དང་། ལྷག་པར་དུ་དམ་པའི་ཆོས་མི་ནུབ་པ་དང་། གདམས་ངག་མི་འཆུག་པ། བྱིན་རླབས་མི་ཡལ་བ། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་བཞི་ལ་དགོངས་ནས། ཇི་སྐད་དུ། སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད། །གསུངས་པ་ལྟར། འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། བོད་འབངས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། འདོན་ན་འདོན་དུ་མི་བཏུབ་གཏེར་ཁ་ལྔ། མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཁ་ལྔ། བཏོན་ན་གཏེར་ཚབ་འཇུག་དགོས་གཏེར་ཁ་ལྔ་བཅས་དེ་ལྟར་གཏེར་གྱི་ཚོམས་ཆེན་པོ་ཉེར་ལྔ་གཙོས་གཏེར་ཁ་ཇི་སྙེད་ཅིག་སྦེད་པར་མཛད་པ་ལྟར་དཔལ་སྒྲུབ་པ་བཀའ་བརྒྱད་གཏེར་མ་ཡང་མང་དུ་བྱུང་བ་ལས་ཡོངས་སུ་གྲགས་པ་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་གྱི་བཀའ་བརྒྱད་དག་བྱིིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་སྟེ། དེ་ཡང་སློབ་དཔོན་ཆེན་པོས་མངའ་བདག་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་བཀའ་བརྒྱད་ཀྱི་དབང་རྒྱུན་ཡོངས་རྫོགས་དང་། ལྷག་པར་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་གི་ཆོས་ཚན་བརྒྱ་དང་སུམ་ཅུར་བཀོད་དེ་གནང་ནས་གཏེར་དུ་སྦས་ཤིང་། ཕྱིས་རྗེ་ཉིད་ཀྱི་སྐུའི་རྣམ་སྤྲུལ་མངའ་བདག་མྱང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་ཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་གཏེར་སྒྲོམ་སྨུག་པོའི་ནང་ནས་ཆོས་རྒྱལ་རང་གི་ཕྱག་དཔེ་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གི་ཕྱག་བྲིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་སྤྱན་དྲངས་པ་དང་། གཞན་ཡང་གསུང་སྤྲུལ་གུ་རུ་ཆོས་དབང་གི་བཀའ་བརྒྱད་གསང་རྫོགས་ཀྱི་ཆོས་ཚན་བརྒྱ་དང་སོ་ལྔ། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱིས་བྱང་གཏེར་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་གཏེར་ཁ་ཕྱེ་བར་མཛད་ནས་དབང་ལུང་གི་རྒྱུན་ད་ལྟ་ཡང་མ་ཉམས་པར་གནས་ཤིང་། ཕྱིས་ཆོས་རྒྱལ་ཁྲི་སྲོང་གི་ཐུགས་སྤྲུལ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་བཀའ་བརྒྱད་རྣམ་གསུམ་གྱི་ཉིང་བཅུད་གཅིག་ཏུ་བསྒྲིལ་བ་བཀའ་བརྒྱད་ཡོངས་རྫོགས་འདུས་པ་མཛད་ནས་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་གནས་བཞིན་པའོ།།
དེ་ལྟར་བཀའ་བརྒྱད་རྣམ་གསུམ་ནི་སྔ་འགྱུར་བ་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་དུ་གཅེས་པར་འཛིན་དགོས་པ་སྟེ། མངའ་རིས་པཎ་ཆེན་གྱི་བཀའ་བརྒྱད་རྣམ་གསུམ་གྱི་ལྷའི་མཚན་དོན་ཐཱ་རཾ་ལས། དེ་ཕྱིར་རིག་འཛིན་ཕྱི་རབས་འབྱོན་པ་རྣམས། །རྒྱུད་ལུང་མན་ངག་ཐམས་ཅད་ཉམས་ཀྱང་སླའི།། བཀའ་བརྒྱད་རྣམ་གསུམ་ཉམས་སུ་མ་འཇུག་ཅིག། སྒྲུབ་པའི་སྙིང་པོ་ཐམས་ཅད་སྟོངས་ཀྱང་སླའི། །རྫོང་འཕྲང་གནད་གསུམ་སྒྲུབ་གྲྭ་སྟོངས་མ་འཇུག །ཅེས་གསུངས་པ་ལྟར་གཏེར་ཆོས་ཀྱི་ངོས་ནས་བསམས་ན་བསྙེན་སྒྲུབ་ཡན་ལག་བཞིའི་ཉམས་ལེན་གཙོ་བོར་བཏོན་ནས་ཕྱོགས་གཅིག་ཏུ་སྤུངས་ཤིང་། ལས་བཞིའི་ཕྲིན་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ངང་སྒྲུབ་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པ་དང་། འདོན་མཁན་གཏེར་སྟོན་ཡང་རྩོད་མེད་ཡོངས་སུ་གྲགས་པ་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་ཞེས་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་ལྔ་ལས་དང་པོ་གསུམ་སྟེ། སྤྲུལ་པའི་གང་ཟག་ས་ཆེན་པོ་ལ་གནས་པའི་སྐྱེས་བུ་ཡིན་པས་ཟབ་མོའི་གཏེར་ཆོས་འདི་ལྟ་བུ་ཉམས་སུ་ལེན་དགོས་ཀྱི། གཏེར་སྟོན་ཞེས་མིང་དུ་གྲགས་ཚད་ཀྱིས་བརྩམས་པའི་ཆོས་ཟང་ཟིང་རྣམས་ལུང་ཆུང་རེ་ན་བླ་ཕྲན་གྱི་དགོན་ཆུང་རེ། དེའི་ཕྱག་སྲོལ་མི་མཐུན་སྒྲུབ་ཁག་རེ་བྱེད་དགོས་དོན་གཏན་ནས་མེད་དེ། འཇམ་མགོན་བླ་མ་མི་ཕམ་རྒྱ་མཚོའི་གཏེར་སྟོན་བརྟག་པ་ལས།
ཀྱེ་གཏེར་སྟོན་པ་དག གངས་ཅན་པ་དག་གུ་རུ་པདྨ་ལ་སྙིང་ནས་མི་མོས་མི་བདེན་ཟེར་ཕོད་མཁན་སུ་མི་འདུག་ཀྱང་། གཏེར་སྟོན་ཡིན་ཟེར་བ་ཚོས་རྫུན་སོགས་ཀྱི་ཟོལ་མཐོང་ནས་ཡིད་སུན་ནས། བྱིས་པ་འོ་མས་ཇ་སོགས་ཞེས་པ་ལྟར་གཏེར་སྟོན་ཚད་ལྡན་ལའང་ཡིད་མི་ཆེས་པ་དེའི་ཁོངས་ནས་བྱུང་འདུག་པས་རྒྱལ་དབང་པདྨ་ལ་སེམས་ཅན་མོས་པའི་སྐལ་བ་ཆུང་ངུར་མ་བྱེད་ཅིག ཅེས་དང་། ད་ཤེས་མི་ཤེས་གྲུབ་མ་གྲུབ་ཀུན་གྱིས་ཀྱང་གཏེར་ཆོས་ཟེར་བའི་ཡི་གེ་མང་པོ་བྲི་རྒྱུ་འདི་བཞག་ན་ལེགས། ཕལ་པ་དག་གིས་ཀྱང་གསར་ངས་ཧ་ཅང་མ་ཆེ་ན་བསྟན་པའི་བབས་དང་རང་གཞན་ཀུན་ལ་ཕན་ངེས་སོ། །ཁ་ཅིག་གཏེར་ཆོས་བྲིས་ཟིན་ཉབ་ཉོབ་རྣམས་རིགས་རྒྱུད་དང་སློབ་རྒྱུད་ནས་འདི་ཉམས་མི་རུང་ཅི་དར་དགོས་ཟེར་ཀྱང་། བཀའ་བརྒྱུད་ལུང་མན་ངག་གི་ཆོས་དང་གཏེར་རྙིང་ཚད་ལྡན་རྣམས་མི་ཉམས་པར་སྤེལ་ཐུབ་ན། དེར་མ་འདུས་པའི་དོན་ཟབ་མོ་དང་ལས་སྒྲུབ་ཐབས་ཁྱད་འཕགས་ཕན་ངེས་ཅང་མ་མཐོང་བས། མི་རེའི་ཆོས་ལུགས་འཛིན་པ་འདི་ཆག་བཞག་མེད་པའི་ལུགས་སུ་འགྱུར་བས་གཏེར་རྙིང་གི་སྒྲུབ་མཐའ་བསྐྱང་བ་གཙོ་བོར་བྱས་ནས། དག་སྣང་དང་གཏེར་ཆོས་རྣམ་དག་རེ་ཡིིན་ན་ཟུར་རྒྱན་ལྟ་བུ་བྱས་ན་ལེགས་ཀྱི་ནུབ་མི་བྲ་བའི་ཆོས་གང་ཡིན་བློ་གྲོས་ཀྱིས་ཤེས་ཀྱི། ཡི་གེར་བྲིས་ཚད་ནུབ་མི་རུང་བ་ཅི་ཡོད་དེ། དེ་ནུབ་པས་ཐབས་ཆག་ཅི་ཡང་མི་འབྱུང་། ཞེས་དང་།
མདོར་ན་མྱང་ཆོས་དབང་བྱང་གཏེར་རཏྣ་གླིང་པ་ཀར་གླིང་སོགས་དེ་སྔ་མང་པོ་རྟགས་ཚད་ལྡན་བྱུང་བ་འདི་ཚོའི་གཞུང་ན་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཡོད། དེ་རྣམས་ཀྱང་རྒྱས་བསྡུས་སྒྲུབ་ཐབས་རང་ཉམས་བསྟུན་པ་ཅི་འདོད་ཡོད། ལས་སྣ་ཚོགས་གཏོ་སྣ་ཚོགས་ཡོད་པས་དེ་བཞིན་ཉམས་ལེན་བྱས་ན་བྱིན་རླབས་ཀྱི་བརྒྱུད་པ་ཡོད། དེ་སྔ་ཆོས་འདི་དག་གི་གྲུབ་པའི་ལག་རྗེས་ཐོན་པ་ཡིན། རང་གིས་བྱུང་ན་ཆོས་འདིས་མ་བྱུང་བ་མེད། ཞེས་རྡོ་རྗེ་གསུང་ཟབ་མོ་དག་ལ་སྤྱན་འཁྱུག་ཙམ་གཡོ་བར་བྱས་ནས་རྒྱུད་ལུང་མན་ངག་གསུམ་གྱི་སྲོག་བཟུང་། གཏེར་ཆོས་ཚད་ལྡན་རྣམས་ཀྱིས་ཟུར་བརྒྱན་ནས་རྒྱལ་བསྟན་ལ་གཅེས་ཤིང་ཕངས་པའི་བློས་བསྟན་པ་འཛིན་དགོས་པ་ལས་ཀུན་སློང་འདྲ་མིན་གྱིས་བྱས་པ་དང་སྲེ་ལྷད་ཅི་རིགས་བྱུང་བའི་གཏེར་ཆོས་སུ་གྲགས་པ་ཀུན་ལ་ཨ་ཕའི་ཁ་ཕོར་གཙང་ཞེན་བྱེད་པ་ནི་ཆོས་སྤྱན་ལྡན་པ་རྣམས་ཀྱི་མདུན་དུ་མི་མཛའ་བ་མ་ཟད་བསྟན་པར་རྨ་འབྱིན་པའི་ལས་ངན་དུ་ཟད་དོ།།