གཉུག་མར་གནས་པ།

འགྱུར་མེད།

ཨབ་དྷུལ།

ལྕགས་སྒམ་ལྗང་ནག་གྲུ་བཞི་མ་དེའི་ནང་ཅི་ཞིག་ཡོད་པ་ནི། གྲྭ་ཆུང་ཚོས་མ་བལྟས་ནའང་གསལ་ལྷང་ངེར་མཐོང་ཐུབ།  ཨབ་དྷུལ་གྱིས་ལྕགས་སྒམ་ས་ལ་མ་ཕོག་སྔོན་ནས་གྲྭ་ཆུང་ཁ་ཤས་ཀྱིས་དེ་ག་ནས་ཁོ་ལ་བསྒུགས་ཡོད། “ཨབ་དྷུལ་མགྱོགས་ཙམ་བྱོས་དང་། ངའི་རྒན་ལགས་ཀྱིས་ང་ལ་བསྒུགས་ཡོད།” དེ་ནི་ཟུར་ལོགས་ན་བྲེལ་སྣང་གིས་ཁེངས་པའི་གྲྭ་ཆུང་ཞིག་གིས་ལབ་པ་རེད། ཡིན་ནའང་ཨབ་དྷུལ་ལ་བྲེལ་སྣང་ཅུང་ཟད་ཀྱང་མི་འདུག་སྟེ། དལ་ལྷོད་ལྷོད་ངང་ལྕགས་སྒམ་ས་ལ་ཕོག་པ་དང་དེ་ནས་ལྕགས་སྒམ་ཁ་ཕྱེ་སྟེ་ཁ་ལེབ་དང་ནང་གི་བརྩེགས་མ་རྣམས་སྐས་འཛེགས་ཀྱི་རིམ་པ་བཞིན་རེ་རེ་ནས་བསྒྲིགས། ལྕགས་སྒམ་ནང་གི་མངར་ཟས་དང་ལག་གི་སྒྱེའུ་ཡི་ནང་གི་སྐམ་ཟས་ཤོག་ཐུམ་རྣམས་གྲ་དག་པོས་བཤམས་འོང་དུས། ངོ་མ་བལྟས་བལྟས་རིག་རིག་ལ་མངར་ཟས་ཚོང་ཁང་ཆུང་ཆུང་ཞིག་ཆགས་པ་རེད། གཞི་ནས་ཨབ་དྷུལ་གྱིས་གྲྭ་ཆུང་ཚོར་ཁ་ཡ་བྱེད་འགོ་བཙུགས་པ་སྟེ། “ཁྱོད་ལ་ག་རེ་དགོས། འདི་ཨེ། སྒོར་མོ་བཅུ་ཁུར་ཤོག” “ཁྱོད་ལ་་་”……

ཨབ་དྷུལ་གྱི་མངར་ཟས་ཚོང་ཁང་ཆུང་ཆུང་འདི་ལ་མི་ལོ་ཉི་ཤུ་ལྷག་གི་ལོ་རྒྱུས་ཡོད། ད་ལྟ་དགོན་པའི་མཁན་པོ་ཡིན་པའི་གྲྭ་པ་བགྲེས་པོ་ཚོའང་དུས་སྐབས་ཤིག་གི་ནང་ལྕགས་སྒོར་ལྔ་ལོར་ཞིག་ལག་ལ་རག་མ་ཐག་མཆོད་རྟེན་གྱི་ཐུར་ལམ་ནས་མར་རྟ་རྒྱུག་རྒྱུག་བརྒྱུགས་ཏེ་ཨབ་དྷུལ་གྱི་རྩ་ནས་མངར་ཟས་ཀྱི་བྲོ་བ་མྱངས་མྱོང་ལ། གྲྭ་པ་ཆེ་བ་སུ་ཞིག་གིས་མངར་ཟས་ཉོས་ཏེ་སྟེར་མི་ཡོང་ངམ་སྙམ་པའི་བསམ་བློས་ཨབ་དྷུལ་གྱི་ཉེ་འཁོར་ནས་ཀ་རེ་ཀོ་རེ་བྱས་ནས་ཐེངས་མང་པོར་བསྡད་མྱོང་། ཨབ་དྷུལ་གྱིས་མི་ལོ་ཉི་ཤུ་ལྷག་ལ་གནས་འདི་ནས་མངར་ཟས་བཙོངས་པའི་རྒྱུད་རིམ་ཁྲོད། བོད་སྐད་དག་མ་དིག་ཅིག འབྲུག་སྐད་འཆལ་མ་འཆོལ་ཞིག བལ་སྐད་རྒྱ་གར་གྱི་སྒྲ་གདངས་འདྲེས་པ་བཅས་རྒྱག་ཐུབ།

ཨབ་དྷུལ་ནི་རྒྱ་གར་ཁ་ཆེ་བ་ཞིག་ཡིན། ཁོ་རང་ནམ་ཞིག་ལ་འབྲས་ལྗོངས་ནང་སླེབས་པ་ཆ་མི་འཚལ་ནའང་། ཁོའི་སྡོད་གནས་ལལ་བྷ་འཛར་ཉེ་ལོགས་ན་ཡོད་སྐད། སྡོད་གནས་དང་མངར་ཟས་འཚོང་ས་མཆོད་རྟེན་དགོན་པ་གཉིས་བར་རྐང་ཐང་མར་ཆུ་ཚོད་ཕྱེད་ལྷག་གི་ལམ་ཡོད་ནའང་། ཆར་འབབ་དུས་མ་གཏོགས་ཨབ་དྷུལ་རླངས་འཁོར་ནང་སླེབས་པ་ཉུང་ཉུང་ཡིན། ཆར་འབབ་དུས་ནི་ཁོའི་མངར་ཟས་འཚོང་སའང་རྡོ་རྟ་ལྟ་བུའི་སྒང་ལོགས་ན་མིན་པར་དགོན་པའི་རླངས་འཁོར་འཇོག་ཁང་གི་གཡབས་འོག་ནས་མངར་ཟས་འཚོང་བ་ཡིན། ཆར་འབབ་དུས་ཨབ་དྷུལ་གང་དུ་ཡོད་པ་དང་། རེས་གཟའ་གང་ལ་ཨབ་དྷུལ་གུང་སེང་ཡིན་པ་བཅས་ནི་གྲྭ་ཆུང་ཚོའི་སེམས་ན་ཁྲིགས་ཁྲིགས་རེད།

ཨབ་དྷུལ་ཁ་ཆེ་ཡིན་ནའང་ཟླ་རེའི་ཚེས་བཅུ་ཉེར་ལྔ། ས་ག་ཟླ་བ། ཆོས་འཁོར་དུས་ཆེན་རྣམས་ག་དུས་ཡིན་མིན་ཁོ་ལ་རྒྱུས་ལོན་ཏག་ཏག་ཡོད། འཁར་རྔ་རྡུང་དུས་མ་གཏོགས་ཧ་མི་གོ་བའི་གྲྭ་པ་རད་པ་ཚོས་ཉིན་དེའི་ཞོགས་པར་ཨབ་དྷུལ་མཐོང་ན་གཏན་གཏན་དུས་ཆེན་ཞིག་ཡིན་པར་ཚོད་དཔག་བྱེད་ཐུབ། དུས་ཆེན་ཉིན་ནི་མངར་ཟས་ཚོང་ཁང་ཆུང་ཆུང་དེ་ལའང་ཅུང་གྲ་རྒྱས་པའི་རྣམ་པ་ཞིག་ཡོད་པ་སྟེ། ཉིན་དེར་ཁོ་རང་ནམ་རྒྱུན་དང་མི་འདྲ་བར་རླངས་འཁོར་ཞིག་གླས་ནས་ཡོང་། རྒྱུ་མཚན་ནི་ཉིན་དེར་ཆོས་མཇལ་བ་ཚོས་ཁོའི་རྩ་ནས་ཚོགས་རྫས་ཉོ་བ་ཡིན་ལ། ད་དུང་དཀོན་གཉེར་གྱིས་མངགས་པའི་ཚོགས་རྫས་རྣམས་ཀྱང་ཁུར་ཡོད་པས་ཡིན། མངར་ཟས་བཙོངས་ནས་མི་ལོ་མང་པོ་ཞིག་ཕྱིན་པའི་རྗེས་སུ་ཨབ་དྷུལ་གྱིས་དགོན་པའི་དཀོན་གཉེར་གྱི་རྩར་སོང་སྟེ་མངར་ཟས་ཙག་ཙིག་རིགས་རྣམས་ཁོས་མཁོ་སྤྲོད་བྱ་ཆོག་པའི་རེ་བ་བཏོན། དཀོན་གཉེར་འཛུམ་མུལ་ཅན་དེས་ཀྱང་ཨབ་དྷུལ་དགོན་པའི་མི་རྙིང་པ་ཞིག་ལ་བརྩིས་ཏེ་དེ་ལྟར་ཁས་བླངས་པ་ནས་བཟུང་། ཚོགས་རྫས་དང་བསྐང་རྫས་རིགས་གང་མང་ཞིག་ཁོའི་མངར་ཟས་ཚོང་ཁང་ཆུང་ཆུང་དེ་ནས་མཁོ་སྤྲོད་བྱེད་ཀྱི་ཡོད།

   ཨབ་དྷུལ་གྱི་མངར་ཟས་འཚོང་ས་ནས་འབྲུག་པའི་ཨ་ཅག་ཚོ་ཡོད་དུས་ངེས་པར་དུ་གཡོལ་དགོས། དེ་མིན་གྲྭ་པ་ཆེ་བ་ཚོས་ངོ་ཚ་ཉོ་ཉེན་ཡོད་དེ། ཁོའི་མངར་ཟས་ནར་ནར་རིལ་མོ་ཡིན་ལ་ནང་ན་འོ་སྤྲི་ལྟ་བུའི་མངར་མོ་ཡོད་པ་དེ་ལ་གྲྭ་ཆུང་ཚོས་”ལོང་’’1ཞེས་འབོད་པ་དང་། མངར་ཟས་གྲུ་གསུམ་བྱེ་མ་ཀ་རས་གཡོགས་ཡོད་པ་དེ་ལ་”ཐུ་”2ཞེས་འབོད་ཀྱི་ཡོད། གྲྭ་ཆུང་ཚོས་སྒོར་ལྔ་བསྟན་ཏེ། “ང་ལ་ཐུ་ཞིག་སྤྲོད་དང་།” ལབ་དུས་ཨབ་དྷུལ་གྱིས་ཀྱང་མངར་ཟས་གྲུ་གསུམ་དེ་སྤྲོད་རྐྱང་བྱེད་ལ། གྲྭ་ཆུང་ཞིག་གིས་སྒོར་དྲུག་བསྟན་ཏེ། “ང་ལ་ལོང་ཞིག་སྤྲོད་དང་།”  ལབ་དུས་ཀྱང་ཨབ་དྷུལ་གྱིས་མངར་ཟས་ནར་ནར་རིལ་མོ་དེ་སྦྱིན་རྐྱང་བྱེད་པ་ཡིན། འབྲུག་ཤར་ཕྱོགས་སྐད་གོ་མཁན་མི་གསར་པ་ཞིག་ཡིིན་ན་གནས་ཚུལ་དེ་མཐོང་དུས་ཧང་སང་ཧོན་འཐོར་བའམ། ཡང་ན་གྲོད་ཁོག་ན་ན་བར་དུ་གད་མོ་འཆོར་ཡང་སྲིད། གང་ལྟར་གྲྭ་ཆུང་ཚོ་དང་ཨབ་དྷུལ་བར་དུ་ཕན་ཚུན་གོ་བརྡ་སྤྲོད་པའི་བརྡ་དང་ཐ་སྙད་དེ་འདྲ་བྱུང་ནས་མི་ལོ་ཉི་ཤུ་ལྷག་སོང་ཟིན་པས། ཁོང་ཚོའི་བར་དུ་ཕན་ཚུན་སྟབས་མ་བདེ་སྣང་དེ་འདྲ་གང་ཡང་མེད།

   ལལ་བྷ་འཛར་ནས་དྷེའུ་ར་ལི་བར་དུ་གཞུང་ལམ་ཟུར་གྱི་རྐང་ལམ་ཆུང་ཆུང་དེ་བརྒྱུད་དེ་སྐར་མ་བཅོ་ལྔ་ཙམ་ཡོང་དགོས་ལ། དྷེའུ་ར་ལི་ནས་མཆོད་རྟེན་དགོན་པར་འགྲོ་བའི་ལམ་ནི། ནགས་ལྗོངས་དབུས་ནས་ཁ་བཏགས་ནར་མོ་གྱ་གྱུ་རུ་བརྐྱངས་པ་ལྟ་བུའི་གཞུང་ལམ་ཡོད། དེར་ཡང་རྐང་ཐང་མར་བགྲོད་ན་སྐར་མ་བཅོ་ལྔ་ཙམ་འགོར་ངེས། ལམ་འདི་གཉིས་སྟེང་རྐང་ཐང་མར་བགྲོད་མཁན་མང་ཤོས་ནི་ཨབ་དྷུལ་རེད། དགོན་པའི་གྲྭ་པ་ཚོ་སྒང་ཏོག་ཁྲོམ་དང་དྷེའུ་ར་ལི་ལ་འགྲོ་དུས་སུ་མི་ཚོགས་ཀྱི་དཀྱིལ་ནས་ཨབ་དྷུལ་ནི་ལམ་སང་ངོ་ཤེས་འོང་སྟེ། དང་ཤོས་ཁོའི་མགོ་སྟེང་ཁུར་བའི་ལྕགས་སྒམ་ལྗང་ནག་དེས་མི་དེ་ཨབ་དྷུལ་ཡིན་པ་ངོ་སྤྲད་འོང་། གྲྭ་པ་ཚོས་རླངས་འཁོར་སྒེའུ་ཁུང་ནས། “ཨབ་དྷུལ། ཨབ་དྷུལ།” ཞེས་འབོད་དུས་ཁོས་ཀྱང་ལན་གྱི་ཚུལ་དུ་ལག་པ་ཡུག་ཡུག་བྱེད་པ་ཡིན། ཨབ་དྷུལ་གྱི་ཆ་ལུགས་ལ་འགྱུར་བ་ཐེབས་པ་ཆེས་དཀོན་ཏེ། སྨ་ར་སྔོ་དཀར་སིབ་སིབ་ཀྱིས་ཁྱབ་པའི་སྐམ་ཤ་ཆེ་བའི་ངོ་གདོང་ནར་མོ་དེའི་སྨིན་མཚམས་དང་དཔྲལ་ངོས་དག་ནི་གཉེར་མའི་མདུད་ལོག་གིས་བཅིངས་ཡོད། སྟོད་ལྭ་དང་དོར་མ་དཀར་འཇོལ་ལེར་གྱོན་པ་དེས་ཁོ་རང་ཁ་ཆེ་བ་ཞིག་ལོས་ཡིན་སྙམ་པའི་ཚུགས་ཀ་བསྟན་འོང་ལ། ནགས་ལྗོངས་དབུས་ཀྱི་གཞུང་ལམ་སྟེང་བསྒྱུར་པའི་ལྗིད་ཏིག་ཏིག་གི་གོམ་འགྲོས་དེས། རྒྱང་རིང་ནས་ཀྱང་ཁོ་རང་ཨབ་དྷུལ་ཡིན་པར་ར་སྤྲོད་བྱེད།

   ལྗིད་ཏིག་ཏིག་གི་གོམ་འགྲོས་ཀྱིས་བཀྱགས་པའི་ཨབ་དྷུལ་དང་ཁོའི་མངར་ཟས་ཚོང་ཁང་ཆུང་ཆུང་སྟེ་མགོ་སྟེང་ཁུར་བའི་ལྕགས་སྒམ་ལྗང་ནག་བཅས་ནི། ལལ་བྷ་འཛར་ནས་དྷེའུ་ར་ལི། དྷེའུ་ར་ལི་ནས་མཆོད་རྟེན་དགོན་པར་འགྲོ་བའི་གཞུང་ལམ་ཀྱག་ཀྱོག་དེའི་ནང་རྟག་བརྟན་གྱི་གཟུགས་བརྙན་ཞིག་ཏུ་གྲུབ་ཡོད།

   མངར་ཟས་ཚོང་ཁང་ཆུང་ཆུང་། ཨབ་དྷུལ། ད་དུང་གྲྭ་ཆུང་ཚོ།…..          

སཽ་མི།

རླུང་བུ་སིར་སིར་ལྡང་འོང་དུས་དེ་ལ་ངོ་གདོང་འཛེད་པ་ནི་ངོ་མ་སྐྱིད་སྣང་ཞིག་རེད། སྐྱིད་སྣང་དེ་ནི་མང་ཤོས་རྐང་གསུམ་འཁོར་ལོའི་ནང་ནས་མྱོང་ཐུབ། ད་གིན་བཤད་གྲྭའི་སྒོ་ཆེན་རྩ་ན་བསྒུགས་བསྒུགས་པའི་མཐར་ཀུ་ཤལ་ན་གྷར་ལ་འགྲོ་བའི་རྐང་གསུམ་འཁོར་ལོ་ཞིག་ལ་ཕྲད། དེ་ནས་ཡང་། “སུམ་ཅུ།” “བཞི་བཅུ།” “སུམ་ཅུ།” “བཞི་བཅུ།” ནམ་རྒྱུན་དང་འདྲ་བར་དུས་ཚོད་སྐར་མ་ལྔ་ཙམ་ལ་ཁ་ལོ་བ་དང་ལྷན་”སུམ་ཅུ་བཞི་བཅུའི་”འཐབ་མོ་བཀྱེས་མཐར་ང་ཚོ་མི་བཞི་བཞོན་ཏེ་སྒོར་མོ་བཞི་བཅུ་ལ་འགྲོ་རྒྱུར་ཁ་འཆམས། དང་ཐོག་ཁ་ལོ་བའི་རྣམ་འགྱུར་དང་སྒེའུ་ཁུང་གི་ལྕགས་ནར་སྟེང་རྐུབ་ཕྱེད་ཕྱི་ལ་བཞག་ནས་འགྲོ་དགོས་པར་ཁོང་ཁྲོ་ཅུང་ལངས་ནའང་། ལམ་གྱི་རླུང་བུ་བསིལ་མོ་དེས་ངོ་གདོང་ལ་བྱབས་འོང་དུས་སྐྱིད་སྣང་མ་འདྲ་བ་ཞིག་ཀྱང་འདུག་པས་ཅུང་ཟད་ལྷོད་ལ་བབ།

“ཕ་གི་དེ་སཽ་མི་མ་རེད་པས།”

“འོ་རེད་རེད།”

“ལྟོས་དང་ཁོས་མཁན་པོ་ཡེ་ཤེས་རྡོ་རྗེས་གསར་དུ་ཉོས་ནས་སྤྲད་པའི་རྐང་འཁོར་དེར་བཞོན་འདུག”

“ཀྱེ་སཽ་མི། སཽ་མི་ཇག་པ། སཽ་མི་རྐུན་མ།”

   ང་ཚོས་རྐང་གསུམ་འཁོར་ལོའི་ནང་ནས་ལྕགས་རྟ་བཞོན་ནས་འགྲོ་བཞིན་པའི་སཽ་མི་ལ་དེ་ལྟར་འུར་བརྒྱབ། སཽ་མིས་ཀྱང་། “ཁྱེད་ཚོ་རྐུན་མ། ཁྱེད་ཚོ་ཇག་པ། ཁྱེད་ཚོ་མ་རབས།” ལབ་ཀྱིན་ང་ཚོ་དང་འགྲན་ཏེ་འོངས། ཞིང་སྣེའི་ཟམ་པ་བར་སཽ་མིའི་ལྕགས་རྟ་དང་ང་ཚོའི་རྐང་གསུམ་འཁོར་ལོ་ཆ་ལ་ཡིན་ནའང་། ཟམ་པ་བརྒལ་རྗེས་ཀྱི་གྱེན་ལམ་དེ་ནས་ཁ་ལོ་བས་སྣུམ་སྒྲིམ་ཤུགས་ཆེ་རུ་བཏང་བས་རྐང་གསུམ་འཁོར་ལོ་འུར་སྒྲ་དང་བཅས་ཏེ་མདུན་དུ་སྐྱོད། དེ་དུས་སཽ་མི་གཞི་ནས་རྗེས་ལ་ལྷག་པ་རེད། ངས་རྗེས་ན་ལྷག་པའི་སཽ་མི་ལ་ཕྱིར་ལྟ་ཞིག་བྱས་ཏེ་ལག་པ་ཡུག་ཡུག་དང་ལྷན་དུ། “སཽ་མི། བྷའི་བྷའི།” ལབ་དུས་ཁོས་ཀྱང་ལག་པ་ཡུག་ཡུག་བྱེད།

   སཽ་མི་ནི་རྣམ་གྲོལ་གླིང་གི་མི་རྙིང་ཤོས་གྲས་ཀྱི་གཅིག་ཡིན། ཕྱག་མཛོད་ཀུན་བཟང་ཞེས་པའི་མི་རླབས་ཆེན་དེ་དང་མཉམ་དུ་འདྲུད་འཐེན་རླངས་འཁོར་ལ་བཞོན་ཏེ་ནགས་ལྗོངས་མཐུག་ས་དག་ནས་མེ་ཤིང་ཇག་རྒྱག་ཏུ་སོང་བའི་ལོ་རྒྱུས་དེ་ནི་ཁོས་མི་གཞན་ལ་ངོམ་རྒྱུའི་སྐད་ཆ་ཡོད་ན་མེད་ན་དེ་ཡིན། དུས་ཡུན་རིང་པོ་ཞིག་ལ་སཽ་མིས་བཤད་གྲྭའི་ཐབ་ཚང་ནས་ལས་ཀ་ཙག་ཙིག་རིགས་ལས་ཡོད་ནའང་། ད་ཆ་མཁན་སློབ་ཐབ་ཚང་ནང་ཇ་བཟོ་རྒྱུ་ནི་སཽ་མིའི་ལས་ཀ་གཙོ་བོ་དེ་ཆགས་ཡོད། ཇ་བཟོ་བའི་རྒྱུད་རིམ་ཁྲོད་”མཁན་སློབ་ཤ་དར་ཁྲག་དར་”ཚོའི་རྩ་ནས་སཽ་མིས་ཉོག་བཤད་མང་པོར་ཉན་དགོས་ཏེ། ཡ་མའི་ནད་ཡོད་མཁན་ཚོས།

“བྱེ་མ་ཀ་ར་མང་དྲགས་འདུག” “ཇ་སྐོལ་དག་མི་འདུག”

“ཁྱོད་ཀྱི་ཇ་བཏུངས་པ་དང་སྣ་ནས་སྣ་ཆུ་བཞུར་བ་དུས་མཉམ་རེད།” ཅེས་དང་།

 ཡ་མ་མེད་མཁན་ཚོས།

 “ཇ་བྲོ་བ་ཁྱོན་ནས་མེད་པ་དེ་འདྲ་ག་རེ་རེད།”

“དེ་ལས་ཆུ་ཚ་པོ་བཏུངས་ན་དགའ་ས་རེད།”

ཅེས་སཽ་མི་ལ་རྒྱུན་དུ་དེ་ལྟར་ཁ་རྩེ་བ་ཡིན།

   བཤད་གྲྭའི་ཐབ་ཚང་ནང་”གཉེར་པ་བྲེལ་བ་ཚ་པོ་”སླེབས་ཚད་གང་པོས་ཀྱང་སཽ་མི་བྲན་དུ་བཀོལ་རྐྱང་བྱེད། “གཉེར་པ་བྲེལ་བ་ཚ་པོ་”ལབ་པ་དེར་སྒྲ་བཤད་མེད་པའང་ག་ལ་ཡིན་ཏེ། འཕྲུལ་ཆས་ལག་ལ་སླེབས་མ་མྱོང་བའི་མི་ལྷོད་ཤ་དོད་པོ་གང་འདྲ་ཞིག་ཡིན་ནའང་རླངས་འཁོར་གྱི་ལྡེ་མིག་ཅིག་སྐེད་པ་ལ་གདགས་རྒྱུ་ཡོད་ཙ་ན་རང་བཞིན་གྱིས་བྲེལ་བ་ཚ་པོ་ཆགས་འགྲོ་བ་མ་ཡིན་ནམ། གང་ལྟར་”མཁན་སློབ་ཤ་དར་ཁྲག་དར་”ཚོ་དང་”གཉེར་པ་བྲེལ་བ་ཚ་པོ་”དག་གི་ཉོག་བཤད་ཡོད་ཚད་ནི་སཽ་མིའི་རྣ་རྒྱབ་ཀྱི་རླུང་བུ་རེད་ལབ་ན་མི་ཆོག་པ་མེད། དེ་མིན་རྙོག་གྲ་རེ་རེ་ལ་ཁ་གཏད་དེ་དོན་རྐྱེན་སློང་དགོས་ན་སཽ་མི་ཡང་སྔ་ས་ནས་རྣམ་གྲོལ་གླིང་གི་”ལྕགས་རིའི་ཕྱི་རོལ་པའི”་གྲས་སུ་ཚུད་ཡོད་པ་ལ་ཐེ་ཚོམ་མི་དགོས། སཽ་མི་ནི་མི་ཚོར་སྣང་མེད་མཁན་གྱི་གྲས་རེད་ལབ་ན་དེ་ཡང་བཤད་ས་ཞེ་དྲག་མེད། ནང་མིའི་གནས་སྟངས་ཀྱིས་མཚམས་རེར་སེམས་མ་བདེ་བ་བཟོས་འོང་དུས་ཁོས་གྲྭ་པ་ངོ་ཤེས་ཚོར་སྒོར་མོ་བཅུ་རེ་བླངས་ཏེ། ཀོ་པག་ནས་གཅིག་པུར་ཆང་འཐུང་རྒྱག་པའང་ཉུང་ཉུང་ག་ལ་ཡིན།

མཁན་པོ་ཡེ་ཤེས་རྡོ་རྗེ་གྲྭ་པ་གསར་པ་ཡིན་དུས་ནས་སཽ་མིས་བཤད་གྲྭའི་ཐབ་ཚང་ནང་ལས་ཀ་གཉེར་གྱི་ཡོད། དེ་དུས་མཁན་པོ་དང་སཽ་མི་གཉིས་ཕན་ཚུན་ངོ་ཤེས་པ་ཙམ་ལས་དམིགས་བསལ་གྱི་འབྲེལ་ལམ་གང་ཡང་མེད་ནའང་། མཁན་པོ་བཤད་གྲྭ་ནས་སློབ་མཐར་ཕྱིན་ཏེ་ལོ་མང་པོའི་རྗེས་སུ་ཡང་བསྐྱར་བཤད་གྲྭ་ལ་འབྱོར་དུས་སཽ་མི་ནི་མཁན་པོའི་གྲོགས་པོ་འཆམ་ཤོས་དེ་ཡིན་པ་རེད། འབྲེལ་ལམ་དེ་ལྟར་བྱུང་བ་ལའང་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་པ་སྟེ། མཁན་པོའི་འཛིན་གྲྭ་གཅིག་པའི་གྲོགས་པོས་གཙོས་གྲོགས་པོ་རྙིང་པ་མང་ཆེ་བ་མཐོང་ས་ན་མེད་ལ། ད་དུང་ལས་རོགས་མང་ཆེ་བ་ནི་མི་གསར་པ་རྐྱང་རྐྱང་ཡིན། དེ་བས་མཁན་པོས་སཽ་མི་ནི་རང་གི་གྲོགས་པོ་རྙིང་པ་ཞིག་ལ་རྩི་བ་ཡིན་ལ། དམིགས་འབེན་དང་ང་རྒྱལ་གང་གིས་ཀྱང་ཕོངས་པའི་སཽ་མི་ལྟ་བུའི་མི་དཀྱུས་མ་དག་ནི་མཉམ་འགྲོ་མཉམ་གཤིབ་བྱེད་སྟབས་བདེ་ཤོས་ཤིག་ཀྱང་ཡིན་པས་རེད།

གཟའ་སྤེན་པའི་སྔ་དྲོ་ང་རང་གྲྭ་ཚང་ཟ་ཁང་ནས་ཞོགས་ཟས་ཟོས་ཏེ་རྩོམ་སྒྲིག་ཁང་ལ་འགྲོ་དུས་དགེ་སྐོས་ལས་ཁུངས་རྙིང་པའི་འགག་ནས་སཽ་མི་དང་ཕྲད། ངས། “ཡ་སཽ་མི། ག་བ་འགྲོ་རྒྱུ་ཡིན།” ལབ་མ་ཐག ཁོས་འཛུམ་ཙམ་འཛུམ་ཙམ་མགོ་འཕུར་ཙམ་བྱེད་ཀྱིན། “ཝའེ། སྒོར་མོ་བཅུ་སྤྲོད་དང་།” ལབ་ནས་ལག་པ་མདུན་ལ་བཟེད་འོང་། ངས་སྟོད་ཐུང་ཁུག་མ་ནས་སྒོར་མོ་ལྔ་བརྒྱ་ལོར་ཞིག་བསྟན་ཏེ་ཁོའི་ལག་ལ་འཇོག་གྲབས་བྱས། ཁོ་ངའི་མཐའ་འཁོར་དུ་ས་ལྡིང་གནམ་ལྡིང་བྱེད་ཀྱིན། “ཀྱག་ཀྱག་མ་བྱེད་དང་། སྒོར་མོ་བཅུ་གཅིག་པུ།” ལབ་ནས་འགྲམ་ལ་བཅར་འོང་། ངས་ལྔ་བརྒྱ་ལོར་ཁུག་མའི་ནང་རང་སོར་བཅུག་རྗེས། “ཁྱོད་ལ་སྤྲོད་པ་ལས་ཅནྡ་ར་ལ་སྤྲད་ན་ཡག” ལབ་སྟེ་ཁོ་ལ་བལྟས་ནས་བསྡད།

“ཁོ་C.I.D ༼གསང་ཉུལ་བ།༽རེད།”

“ཁོ་ག་རེ་ཡིན་ནའང་སྒོར་མོ་གཉིས་ལས་མང་བ་སློང་གི་མི་འདུག”

“དེ་ཁོས་སྤྱང་པོ་འཁྲབས་པ་རེད། ང་ཁོ་ནང་བཞིན་མ་རེད། དགོན་པ་ལ་ལས་ཀ་ལས་ཀྱི་ཡོད།”

“གང་ལྟར་དེང་སང་གྲྭ་པ་ཚོས་ཁྱོད་རང་ལས་ཀྱང་ཅནྡ་ར་ལ་སྒོར་མོ་མང་བ་སྤྲོད་ཀྱི་འདུག”

“གྲྭ་པ་གསར་པ་ཚོས་ངའི་སྐོར་ལ་གང་ཡང་ཧ་གོ་ཡི་མ་རེད།”

“ཁྱོད་ཀྱི་སྐོར་ཧ་གོ་ནས་གང་བྱེད། ཧང་སང་ཡ་གང་ཡང་ཡོད་མ་རེད།”

“སོང་། སོང་། ཁྱོད་མ་རབས།”……

དེ་ནས་བཟུང་སཽ་མིི་ངེད་གཉིས་ཀྱི་བར་དུ། “ཁྱོད་རྐུན་མ་དང་ཁྱོད་མ་རབས། ཁྱོད་ཇག་པ།” ཅེས་པའི་ཐ་སྙད་དེ་ཚོ་དར་བ་རེད།

   སཽ་མི་ནི་རྒྱ་གར་ཧིན་དྷུ་བ་ཞིག་ཡིན་ནའང་གླང་ཤ་དང་འཕྲད་དུས་བོད་པ་ཞིག་དང་གཅིག་པ་གཅིག་རྐྱང་རེད། གྲྭ་པ་ཚོས། “སཽ་མི། ཁྱོད་ཧིན་དྷུ་མ་རེད་དམ། ཁྱོད་ཀྱིས་གླང་ཤ་ཟོས་ན་འགྲིག་གམ།” ལབ་དུས་ཁོས། “ང་ཧིན་དྷུ་ཡིན་ཡིན་པ་རེད། ངས་སོ་སོའི་ནང་ནས་གླང་ཤ་ཟ་ཡི་མ་རེད།” ཅེས་དག་ཕུད་བྱེད་དུས་གྲྭ་པ་ཚོས་ཀྱང་ཟུར་ཟའི་རྣམ་འགྱུར་ཞིག་སྟོན་གྱིན། “ཨ་ལེ། ཡ་ཡ། ཁྱོད་རང་ཧིན་དྷུ་བ་ངོ་མ་རེད་འདུག” ཅེས་བརྗོད་དུས་ཁོ་རང་ཡང་དབང་མེད་དུ་གད་མོ་འཆོར་འགྲོ།

   ཉིན་རྒྱུན་གྱི་ཞོགས་པ་ཆུ་ཚོད་དྲུག་པའི་སྟོད་སྨད་ཙམ་དང་། དགོང་དྲོ་ཆུ་ཚོད་ལྔ་པ་ཡས་མས་ཙམ་ནི་སཽ་མི་ནང་ནས་དགོན་པ་དང་དགོན་པ་ནས་ནང་ལ་འགྲོ་བའི་དུས་ཚོད་ཡིན། སཽ་མིའི་ནང་དང་དགོན་པའི་བར་གྱི་གཞུང་ལམ་ནི་ལྕགས་རྟར་བཞོན་ནས་སོང་ན་སྐར་མ་བཅུའི་ལམ་རེད། དགོན་པ་དང་ནང་བར་གྱི་གཞུང་ལམ་སྒང་སཽ་མིས་ནམ་ཡང་སྒེར་གྱི་ལྕགས་རྟ་དེ་བཀོལ་ཞིང་། སཽ་མིས་གཞུང་ལམ་དེའི་སྟེང་ནས་མི་ལོ་ཉི་ཤུ་ལྷག་ལ་ལྕགས་རྟར་བཞོན་ཡོད་ལ། ལྕགས་རྟར་བཞོན་ནས་སོང་སོང་བའི་མཐར་སླེབ་ས་ནི་ཡང་ན་དགོན་པ་དང་ཡང་ན་སྒེར་གྱི་ནང་ཡིན་པ་རེད། གོ་ཐོས་ལ་སཽ་མི་མཻ་སོར་དང་བྷེང་ལོར་ལ་ཐེངས་མ་གཅིག་ལའང་སླེབས་མྱོང་མེད་སྐད།

ཞིང་ཐང་དང་ནགས་ལྗོངས་དཀྱིལ་གྱི་གཞུང་ལམ་གྱ་གྱུ་དེའི་སྒང་ནས་སཽ་མིས་ལྕགས་རྟ་ལ་བཞོན་ཏེ་འགྲོ་དུས་ཁོའི་གདོང་ལ་ངོ་མ་སྐྱིད་སྣང་ཞིག་ཤར་ཡོད། ལྕགས་རྟ་མཐོན་པོ་དེའི་སྒང་ནས་མགོ་དཀྲིས་དེ་རླུང་བུས་སྒུལ་ཙམ་སྒུལ་ཙམ་བྱེད་ལ། སྟོད་གོས་སྔོ་ཁྲ་དེ་དང་ཤམ་ལུགས་སུ་གྱོན་པའི་སྨད་གཡོགས་གཉིས་ཀྱང་རླུང་བུས་ལྷབ་ལྷབ་ཏུ་རྒྱབ་ལ་གཡུགས་འོང་། སྨད་གཡོགས་འོག་གི་རྐང་པ་རིང་པོ་དེས་རྐང་ཡོབ་ལྷོད་ལྷོད་ངང་སྐོར་གྱིན་མདུན་ནས་མདུན་དུ་སྐྱོད་པར་བྱེད། ཞིང་ཐང་དབུས་ཀྱི་གཞུང་ལམ་སྒང་ནས།…….

སུ་པཱན་ན།

“ཏིང་།” “ཏིང་།” “ཏིང་།”

ཆུ་ཚོད་གསུམ་པའི་ཚོགས་ཐུན་གྲོལ་བརྡ་བཏང་སོང་། ངས་ཡིན་རྒྱུ་མ་རེད་སྙམ་སྟེ་ཁ་པར་ལ་ལྟ་དུས་ཆུ་ཚོད་གཉིས་དང་སྐར་མ་ལྔ་བཅུ་ཡས་མས་ལ་ཉི་མ་ཚེ་རིང་གི་ཁ་པར་ཐེངས་བཞི་ལྔ་ཞིག་སླེབས་འདུག དུས་ཚོད་མི་འཁྱོལ་སྐབས་ཞོ་བཏུངས་ནས་གཉིད་ཁུག་རྒྱུ་ནི་ཐབས་ཤེས་ཡག་ཤོས་དེ་རེད། ལྟོས་དང་། གཉིད་ཁུག་ཐེངས་གཅིག་གིས་ཆུ་ཚོད་གསུམ་ནི་ངོ་མ་སྐར་མ་ལྔ་ལ་རྫོགས་སོང་བ་མ་ཡིན་ནམ།

“ཝེ་ཉི་མ་ཚེ་རིང་། ཁྱོད་ག་པར་ཡོད།”

“བྷོན་ཊ་3ཟ་ས་ལ་ཡོད། མགྱོགས་པོ་ཤོག་དང་། ང་བསྒུགས་བསྡད་ཡོད།”

“ཡ་ཡ། ང་ལམ་སང་སླེབ་ཡོང་།”

   བྷོན་ཊ་ཟ་ས་ནས་གྲྭ་པ་མང་ཆེ་བས་དེང་སང་པཊྨའི་བྷོན་ཊ་ལ་འཚང་ག་རྒྱག་གི་ཡོད། ཡིན་ནའང་ང་རང་ནི་ནམ་རྒྱུན་སུ་པཱན་ནའི་བྷོན་ཊ་ཟ་བར་མོས་མཁན་ཞིག་ཡིན། སུ་པཱན་ནའི་རྩ་ནས་ཀྱང་མཚམས་རེར་གྲྭ་ཆུང་ཚོས་འཚང་ག་རྒྱག་པའི་སྐབས་ལ་ཁེལ་ནའང་ཁོས་ང་རང་ངོ་ཤེས་རྙིང་པ་ཞིག་ལ་བརྩིས་ཏེ་མི་གཉིས་གསུམ་གྱི་རྗེས་ནས་སྒོར་མོ་ལྔའི་བྷོན་ཊ་འབྲས་ཆན་བསྲེས་མའི་ཤོག་ཐུམ་ཞིག་ངའི་ལག་ལ་འཇོག་རྐྱང་བྱེད་པ་ཡིན། དེ་བས་ཉི་མ་ཚེ་རིང་ངེད་གཉིས་ཀྱིས་ཁོའི་རྩ་ནས་སྒོར་མོ་བཅུའི་བྷོན་ཊ་བླངས་ཏེ་ཉེ་ལོགས་ཀྱི་ཤིང་སྡོང་རྩ་ནས་བྷོན་ཊ་ཟ་ཞོར་ལྟད་མོར་གཡེངས་ནས་བསྡད།

བྷོན་ཊ་ཟ་ས་ནི་དགོན་པའི་ལྕགས་རིའི་ནང་གི་ས་ཆ་འཁྲུག་ཤོས་ཨང་ཀི་བཞི་པའི་ནང་བརྩི་ཆོག མི་འགྱུར་རྡོ་རྗེའི་མཆོད་རྟེན་དང་བཤད་གྲྭའི་འོ་མ་ཚོང་ཁང་གི་མདུན་ལོགས། ད་དུང་གྲྭ་ཚང་འཆམ་ར་གསུམ་ཕུད་ཤུལ་ན་ས་ཆ་འདི་ཡང་ལྟད་མོ་ཆེ་ས་ཞིག་ཡིན། གླིང་སྐོར་འགྲོ་སའི་ལམ་ཆུང་དེ་ནི་བྷོན་ཊ་དང་ཁ་ཟས་ཙག་ཙིག་རིགས་འཚོང་མཁན་ཚོའི་འདུག་སྟེགས་ལྟ་བུ་ཆགས་ཡོད། མི་རེའི་མདུན་ནས་སྲན་ཚོད་རྔོས་མ། བག་ལེབ། ཤིང་ཏོག་ཙག་ཙིག་རིགས་བཤམས་པའི་མཐའ་སྐོར་ནས་སློབ་གྲྭའི་གྲྭ་ཆུང་། བཤད་གྲྭའི་གྲྭ་པ། འབུམ་ལྔ་འཚོག་མཁན། ད་དུང་མི་འགྱུར་རྡོ་རྗེའི་མཆོད་རྟེན་སྐོར་མཁན་གྱི་ཨ་ཅག་རྒྱགས་པ་དེ་ཚོའང་རིག་ཐུབ། ས་དེ་ནས་ལྟད་མོ་ཆེ་ཤོས་ནི། མི་འགྱུར་རྡོ་རྗེའི་མཆོད་རྟེན་སྐོར་མཁན་གྱི་ཨ་ཅག་རྒྱགས་པ་ཚོའི་ཡོང་སྟངས་དེ་རེད། སྐོར་ལམ་ནང་གི་གཞུང་ལམ་ཕྲ་མོ་དེའི་སྒང་ནས་ར་སྦག་སྦག་4ཆུང་ཆུང་རེ་ལ་ཨ་ཅག་རྒྱགས་པ་གཉིས་རེ་བྱས་ནས་བཞོན་ཏེ་འོང་ལ། གུ་ཐུང་ཤ་འབྱར་མ་དེ་དབྲོལ་ལ་ཁད་པའི་བརླ་ཤ་དང་འཕོངས་ཚོས། ད་དུང་ནུ་མ་བཅས་ནི་ར་སྦག་སྦག་ཆུང་ཆུང་དེའི་སྒང་ནས་ལྡེམ་ལྡེམ་ངང་འཛག་ལ་ཁད་པའི་སྣང་བ་ཞིག་སྟེར།

“འོ་ཙི།” “ཁ་ཚ་བ་ལ།” “རང་ཀྱེ། རང་ཀྱེ།” “མ་བྱེད་ཀྱེ།” “འགྲོ་ཀྱེ།”

ཨ་ཅག་རྒྱགས་པ་ཚོའི་བྲེལ་བ་ཚ་པོའི་རྣམ་འགྱུར་དང་ཆུ་མོ་ཤང་ཤང་ལ་བཞུར་བ་ལྟ་བུའི་རྒྱ་གར་སྐད་བྱང་ཆ་དོད་པོ་དེས། སྐོར་ལམ་ཟུར་གྱི་བྷོན་ཊ་ཟ་ས་ནི་ཡུད་ཙམ་གྱི་རིང་དྷི་ལི་མན་འཇུ་ཊིལ་ལ་ཡིན་པའི་སྣང་བ་སྟེར་འོང་། ཨ་ཅག་རྒྱགས་པ་ཚོ་བུད་ཤུལ་ན་བྷོན་ཊ་ཟ་ས་ཡང་རོལ་དབྱངས་འཇགས་པའི་བྲོ་ཁང་ལྟར་རེ་ཞིག་ལ་ཁུ་སིམ་མེར་འགྱུར་འགྲོ། ཨ་ཅག་རྒྱགས་པ་ཚོ་སོང་བའི་རྗེས་ན་ཉི་མ་ཚེ་རིང་ངེད་གཉིས་ཀྱང་བྲེལ་སྣང་མེད་པའི་གོམ་སྟབས་ཁྲོད་ནས་འུར་རྒྱག་ཞོར་འཛིན་གྲྭར་སོང་བ་ཡིན།

སུ་པཱན་ན་ནི་ཞིང་པ་ཉམ་ཆུང་ཞིག་ཡིན། གྱོན་གོས་དཀར་པོ་དཀྱུས་མ་དེ། སེར་གས་ཞིག་རལ་དུ་བཏང་བའི་རྐང་པའི་རྟིང་པ། སྐྲ་ལོ་སྔོ་སྐར་སབ་སིབ་འདྲེས་པའི་སྨིན་མའི་སྒང་གི་སྐྲངས་འབུར་རྡོག་རྡོག་བཅས་ཀྱིས་ཁོ་རང་ཞིང་པ་མི་སེར་དཀྱུས་མ་ཞིག་ཡིན་པར་ར་སྤྲོད་ཅིང་། སྨིན་མའི་སྒང་གི་ཤ་ལྷག་རྡོག་རྡོག་དེ་བྷོན་ཊ་དང་འདྲ་པོ་ཡོད་པས་ཡིན་ནམ་ཡང་ན་ཁོས་བྷོན་ཊ་འཚོང་བས་ཡིན། གྲྭ་པ་ཚོའི་ཁྲོད་དུ་ཁོ་ལ་”བྷོན་ཊ་བྷ་བུ་”ལབ་མཁན་ཡང་མང་པོ་ཡོད།

སུ་པཱན་ནའི་འཚོ་བ་གཉེར་སྟངས་ནི་ཧ་ཅང་དཀྱུས་མ་ཞིག་ནས་འགོ་བཙུགས་པ་སྟེ། དང་ཐོག་ཁོས་ཁ་ཟས་ཙག་ཙིག་རིགས་བཀལ་བའི་རྐང་འཁོར་ཞིག་དྲུད་དེ་འོངས། རྐང་འཁོར་སྒང་ནས་ལྕགས་སྐྱོར་གྲུ་བཞི་དེའི་ནང་བྷོན་ཊ། འབྲས་ཆན། སྲན་མ་བག་ལེབ། ཚོད་མ་ཁུ་བ་བཅས་བཅུག་སྟེ་དགོན་པའི་ཉེ་འཁོར་གྱི་མི་ཚོགས་གར་འདུས་ཀྱི་ས་ནས་མཐོང་ཞིང་། རྗེས་ནས་གྲྭ་ཆུང་ཚོ་འདུས་ས་སྟེ་གྲྭ་ཚང་རྒྱལ་སྒོའི་སྦུག་དེ་ལོ་ཁ་ཤས་ཀྱི་རིང་ལ་ཁོའི་ཟས་རིགས་ཙག་ཙིག་འཚོང་སར་གྱུར། སྐབས་དེ་དུས་གྲྭ་ཚང་རྒྱལ་སྒོའི་སྦུག་ནས་ཁ་ཟས་ཙག་ཙིག་རིགས་མཁོ་འདོན་བྱེད་མཁན་ནི་གློ་བ་ཁ་ཚ་འཚོང་མཁན་གྱི་གཞིས་ཆགས་གསར་པའི་ཕོ་གསར་དེ་དང་སུ་པཱན་ན་གཉིས་མ་གཏོགས་མེད་པས། སུ་པཱན་ནའི་ཚོང་ལས་ཙག་ཙིག་དེ་ལའང་ཡར་བསྐྱེད་གང་འཚམས་བྱུང་ཡོད་དེ། ཐོག་དང་པོའི་རྐང་འཁོར་སྒང་གི་ཁ་ཟས་ཉུང་ཉུང་དེ་རྗེས་ནས་སུ་པཱན་ནའི་བུ་རེད་ཟེར་བ་དེའི་རྐང་གསུམ་འཁོར་ལོའི་ནང་བྷོན་ཊ་ཤོག་ཐུམ་གཉིས་ལྷག འབྲས་ཆན་ཤོག་ཐུམ་གསུམ་ཙམ། སྤོད་ཡ་ཁ་ཚ་དང་ཚོད་མ་ཁུ་བ་སྣོད་ཆེ་ཆུང་གསུམ་ཙམ་དབོར་ཏེ་འཚོང་བ་ཡིན།

དུས་ཚོད་བགྲོད་པ་དང་བསྟུན་ནས་སུ་པཱན་ནའི་ཉེ་འཁོར་ནས་ཀྱང་ཁ་ཟས་ཙག་ཙིག་རིགས་མཁོ་འདོན་བྱེད་མཁན་མང་དུ་ཕྱིན་ཡོད་ནའང་། གྲྭ་པ་མང་ཆེ་བས་རྒྱ་གར་གཞན་པ་ལས་ཀྱང་སུ་པཱན་ནའི་བྷོན་ཊ་དང་འབྲས་ཆན་ལ་དགའ་པོ་བྱེད་པ་ཡིན། དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། སུ་པཱན་ན་དང་གང་འཚམས་འདྲིས་པོ་ཆགས་པའི་གྲྭ་པ་མང་ཆེ་བས་ཁོའི་རྩ་ནས་བྷོན་ཊ་དང་འབྲས་ཆན་བུ་ལོན་བླངས་ནས་ཟ་ཆོག བུ་ལོན་ཡོད་པའི་གྲྭ་པ་ཚོས་ཁོ་ལ་སྒོར་མོ་ཏག་ཏག་རྩིས་བརྒྱབ་ཡོད་མེད་སྣ་ཚོགས་ཡིན་ཡང་། སུ་པཱན་ནས་རང་གི་བུ་ལོན་ཡོད་ས་ནི་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་ཏག་ཏག་ངོས་འཛིན་ཐུབ་པ་ཡིན། ཐེངས་ཤིག་སྒོར་མོ་ཉིས་བརྒྱ་ལྷག་བུ་ལོན་ཆད་པའི་བསྟན་འཛིན་རད་པ་ཟེར་མཁན་དེ་ནང་ལ་ཕྱིན་ནས་ལོ་གསུམ་གྱི་རྗེས་ནས་དགོན་པར་འབྱོར་དུས་ཀྱང་སུ་པཱན་ནས་ཏག་ཏག་ཁོ་ལ་མཛུ་གུ་བཙུགས་ཡོད་སྐད། གྲྭ་པ་ཚོ་སྣང་བ་འགྲོ་སའི་ཁོའི་བྱེད་སྟངས་གཞན་པ་ཞིག་ནི། དགོང་མོ་ནང་ལ་ལོག་འགྲོ་རན་པ་ན་བྷོན་ཊ་དང་འབྲས་ཆན། སྤོད་ཡ་ཁ་ཚ་དང་ཚོད་མ་ཁུ་བ་ལྷག་ཚད་གྲྭ་ཆུང་ཚོར་རིན་མེད་དུ་བགོ་བཤའ་རྒྱག་པ་དེ་རེད། དེ་བས་གྲྭ་ཆུང་ཚོའི་ཁྲོད་དུ་སུ་པཱན་ན་ངོ་མི་ཤེས་མཁན་ཉུང་ཉུང་ཡིན་ལབ་ན་ཆོག

སུ་པཱན་ནས་ཟེར་ན་བདུན་རེའི་རེས་གཟའ་སྤེན་པ་དང་ཉི་མ། ད་དུང་ཐབ་ཚང་ནས་བག་ཐུག་སྤྲོད་པའི་ཉིན་ནི་ཁོས་ནམ་རྒྱུན་མཁོ་འདོན་བྱེད་ཀྱིན་པའི་ཟས་རིགས་ཙག་ཙིག་དེས་འདང་གི་མི་འདུག་ཟེར། སྐད་ཆ་འདི་ནི་རེས་གཟའ་སྤེན་པའི་ཉིན་རྒྱབ་སྟེ་ང་རང་ཁོ་དང་ལབ་གླེང་བྱེད་ཞོར་གྲྭ་ཆུང་ཚོས་སྤོ་ལོ་རྩེ་བ་ལ་གཡེང་སྐབས་བཤད་པ་རེད། ད་དུང་ཁོས། “དེང་སང་དགོན་པའི་ནང་ཡོད་མཁན་མང་ཆེ་བ་གྲྭ་པ་གསར་པ་རྐྱང་རྐྱང་རེད། གྲགས་པ་བླ་མ་དང་ཨ་མར་བླ་མ་ལྟ་བུའི་མི་རེ་གཉིས་མ་གཏོགས་གྲྭ་པ་རྙིང་པ་མང་ཆེ་བ་མཐོང་སར་མི་འདུག གོ་ཐོས་ལ་གྲྭ་པ་རྙིང་པ་མང་ཆེ་བ་ཕྱི་རྒྱལ་ལ་ཡོད་རེད་ཟེར། དེ་འདྲ་ངོ་མ་རེད་དམ། ཁོང་ཚོས་ཕྱི་རྒྱལ་ནས་ལས་ཀ་ག་རེ་བྱེད་ཀྱི་ཡོད་དམ།” ཞེས་ངོ་ལ་ཕངས་སྣང་གི་རྣམ་འགྱུར་ཞིག་མངོན་གྱིན་དེ་ལྟར་དྲིས་འོང་།

ངས། “ང་ལ་རྒྱུས་ལོན་དེ་ཙམ་མེད། ཕྱི་རྒྱལ་ལ་ཡོད་པའི་གྲྭ་པ་མང་ཆེ་བས་ཆོས་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད་རེད།” ཅེས་ལན་སྟབས་བདེ་པོ་ཞིག་བྱིན། སྐད་ཆ་བཤད་འདོད་མེད་པའི་ངའི་རྣམ་འགྱུར་མཐོང་བས་ཁོ་རང་རེ་ཞིག་ཁུ་སིམ་མེར་གྱུར། ཅུང་ཙམ་རྗེས་ནས་ཁོས་སྤོ་ལོར་མགོ་འཐོམས་པའི་གྲྭ་ཆུང་ཚོར་ལྟ་ཙམ་བྱས་ཏེ།

“གྲྭ་ཆུང་འདི་ཚོའི་ནང་དུས་ཚོད་ལ་ཟ་མ་མི་ཟ་མཁན་མང་པོ་འདུག ཁོང་ཚོ་རྩེད་མོར་མགོ་འཐོམས་པའི་སྐབས་དང་། དགོན་པའི་ནང་བག་ཐུག་ཡིན་པའི་ཉིན་དེ་ཚོར་སྒོར་མོ་བཅུ་གྲངས་ཙམ་ཁྱེར་འོངས་པ་དེས་ཉིན་ལྟོ་དང་དགོང་ཟས་གཉིས་ཀ་འདི་ནས་གོ་ཆོད་པ་བྱེད་ཀྱི་འདུག  ངོ་མ་གྲྭ་ཆུང་ཁ་ཤས་སྙིང་རྗེ་དགོས་ས་དེ་འདྲའང་འདུག ཁྱོད་ཀྱིས་ཁོང་ཚོར་དོ་སྣང་བྱས་ཡོད་དམ།” ཟེར་ཏེ་ངའི་ངོ་གདོང་ལ་བལྟས་ནས་ཅི་ཞིག་བཤད་པར་བསྒུགས་འདུག

“རེད། རེད། ཁྱོད་ཀྱིས་བཤད་པ་དེ་ཚོ་དངོས་ཡོད་རེད། ཡིན་ནའང་དགོན་པའི་ངོས་ནས་ལྟ་རྟོག་མེད་པ་དེ་འདྲ་ག་ལ་ཡིན། ལྟོས་དང་། དགོན་པ་འདིར་གྲྭ་ཆུང་སྟོང་ཕྲག་སྒང་ལ་ཡོད་དུས། གནས་ཚུལ་ཆུང་ཆུང་དེ་འདྲ་ནི་ག་བ་ཡིན་ནའང་ཡོང་ངེས་ཅན་མ་རེད་དམ།” ལབ་པར་ཁོས་ཀྱང་མོས་མཐུན་ཡོད་པའི་བརྡ་ལ་མགོ་བོ་ལྡེམ་ལྡེམ་བྱས་ཏེ་ཡང་བསྐྱར་གྲྭ་ཆུང་ཚོར་བལྟས་འདུག

སྐོར་ལམ་ནང་ནས་སྤོ་བོ་རྨོ་མོ་རེ་གཉིས་ཀྱིས་མ་ཎི་འཁོར་ལོ་དིར་སྒྲ་དང་བཅས་བསྐོར་ཏེ་འགྲོ་ལ། ཉི་འོད་རྒྱ་ཁབ་བཞིན་མགོ་ལ་ཟུག་འོང་ཞིང་ཚ་ངབ་ནང་མཚམས་རེར་དབུགས་ཀྱང་གཏོང་ལེན་བྱེད་དཀའ་ནའང་། རྩེད་ཐང་སྒང་གི་གྲྭ་ཆུང་ཚོ་ནི་སྤོ་ལོའི་རྗེས་ནས་འདུར་བ་ལས་གཞན་པའི་དོ་སྣང་གང་ཡང་མི་འདུག  སྤོ་ལོའི་དྲ་སྒོ་སྲུང་མཁན་དེ་གཅིག་པུ་ཉི་འོད་ཀྱིས་གཙེས་ཡོད་པ་འདྲ་སྟེ་མཚམས་རེར་མགོ་ལ་བཀབ་པའི་གཟན་དེ་ཡང་ཡང་བཟོ་བཅོས་རྒྱག་ཅིང་། སྐབས་རེར་ངོ་གདོང་གི་རྔུལ་ནག་སྐེད་པར་བརྫེས་པའི་ཤམ་ཐབས་ཀྱིས་ཡང་ནས་བསྐྱར་དུ་འབྱིད་ཀྱིན་འདུག སྡོང་ལོ་ཧྲག་ཧྲག་ཏུ་སྒུལ་འོང་བའི་ལྷོ་རླུང་བསིལ་མོ་དེ་ངོ་གདོང་དང་མཆན་ཁུང་ལ་ཧབ་ཧབ་ཀྱིས་རེག་ནས་འགྲོ་དུས། སྐྱིད་སྣང་དེ་ནི་འགྲེལ་བཤད་མི་ཕོག་པ་ཞིག་དང་། ཉི་འོད་འོག་གི་རྩེ་ཐང་དེའི་སྒང་ནས་གྲྭ་ཆུང་ཚོས་སྤོ་ལོར་གཡེངས་པའི་སྤྲོ་སྣང་དེ་ཡང་། སྤྲོ་སྣང་གཞན་པ་གང་གིས་ཀྱང་འགྲན་མི་བཟོད་པ་ཞིག་རེད།

ཆར་ཟིམ་ཟིམ་འབབ་པའི་ཞོགས་པ་འདི་ནི་རེས་གཟའ་ཉི་མའི་ཞོགས་པ་མ་ཡིན་ནམ།  འཛིན་གྲྭ་མེད་པའི་ཉི་མ་ནི་མཁའ་དབུགས་ཀྱང་ལྷོད་ཤ་དོད་པའི་སྣང་བ་སྟེར། མདང་ནུབ་མཚན་མོ་ཆུ་ཚོད་གསུམ་པ་བར་རྐང་རྩེད་སྤོ་ལོ་འགྲན་སྡུར་ལ་བལྟས་ཏེ་འགོར་སོང་བས་དེ་རིང་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀ་བར་གཉིད་འདུག ལྟོགས་ལྷང་ལྷང་གི་སྣང་བ་དེས་ཞོགས་ཟས་བཟའ་བར་བསྐུལ་བས་ངོ་གདོང་འཁྲུད་ལོང་ཡང་མེད་པར་ཐད་ཀར་གྲྭ་ཚང་ཟ་ཁང་ལ་བརྒྱུགས།  ལམ་འགྲོ་མེད་པ་ཞིག་ལ་གྲྭ་ཚང་ཟ་ཁང་གི་ཞོགས་ཟས་རྫོགས་ཟིན་འདུག་པས་མ་ལ་ཡ་ཟ་ཁང་ལ་འགྲོ་བསམས་ནའང་སྟོད་ཐུང་ཁུག་མའི་ནང་ལྟ་དུས་སྒོར་མོ་ཉི་ཤུ་མ་གཏོགས་མི་འདུག དེ་བས་ཉབ་བེ་ཉོབ་བེའི་གོམ་འགྲོས་དེ་བྷོན་ཊ་ཟ་ས་ལ་མི་སྒྱུར་ཀ་མེད་མ་ཡིན་ནམ།

བྷོན་ཊ་ཟ་ས་ནས་མི་ཚོགས་མང་པོ་འདུག་ལ། ཁ་ཟས་ཙག་ཙིག་རིགས་འཚོང་མཁན་ཚོ་ཡང་རང་རང་ས་ནས་བྲེལ་འདུག ལྷག་པར་དུ་གྲྭ་ཆུང་ཚོས་སུ་པཱན་ནའི་བྷོན་ཊ་བསྲེས་མའི་འབྲས་ཆན་ལ་འཚང་ག་རྒྱག་བཞིན་པའི་སྒང་ཡིན་ནའང་ང་རང་ཅི་བསམ་འདི་བསམ་མེད་པར་སུ་པཱན་ནའི་རྩ་ལ་ཐད་ཀར་བརྒྱུགས།        

གོམས་གཤིས་ཤིག་གིས་དབང་བསྒྱུར་པས་ཡིན་ནམ། ཡང་ན་སུ་པཱན་ནས་གྲྭ་ཆུང་ཚོར་སེམས་ཁུར་བྱེད་པས་ཡིན་ནམ། ཡང་ན་ཁོ་རང་དགོན་པའི་མི་རྙིང་པ་ཞིག་ལ་བརྩིས་ནས་ཡིན། བྷོན་ཊ་ཟ་ས་ལ་འབྱོར་ཐེངས་རེར་ང་རང་སུ་པཱན་ནའི་རྩར་དབང་མེད་དུ་འབྱོར་འགྲོ།……..

3/9/2015 ཉིན་རྫོགས་པར་བྲིས།


  1. འབྲུག་ཤར་ཕྱོགས་སྐད་དུ་ཕོ་མཚན་ལ་གོ།
  2. འབྲུག་ཤར་ཕྱོགས་སྐད་དུ་མོ་མཚན་ལ་གོ།
  3. བྷོན་ཊ་ནི་རྒྱ་གར་བའི་ཟན་རིལ་སྣུམ་བསྲེགས་ཤིག་ཡིན།
  4. འཕྲུལ་རྟའི་རིགས་ཤིག
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།