ལོ་རིམ་བཞི་པའི་སློབ་གཉེར་བ། བཤད་སྒྲུབ་ཉིན་བྱེད།
དམ་ཆོས་ཟས་སུ་བསྟེན་ཅིང་།།
ཆོས་ཀྱི་བདུད་རྩི་འཐུང་བ།།
གཞན་དོན་ཐར་ཐོར་སྐྱུག་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
ངེས་འབྱུང་རླངས་པ་འཐུལ་ཞིང་།།
ཉམས་ལེན་བག་དྲི་བྲོ་བ།།
སྙིང་རྗེའི་མེ་ཏོག་འཁྲུངས་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
སྐྱེ་བ་མི་རུ་བཞེངས་ཤིང་།།
བསམས་ན་ལྷ་ཉིད་ཡིན་པ།།
སྲིད་རྩ་རལ་གྲིས་གཅོད་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
ངལ་བ་རང་གིས་བསྟེན་ཅིང་།།
རྒྱལ་ཁ་གཞན་ལ་བྱིན་པ།།
སེར་སྣའི་རྫོབ་དྲི་དག་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
གཉེན་ཉེ་དགྲ་རུ་མཐོང་ཞིང་།།
དགྲ་ཉིད་གྲོགས་སུ་ཁུགས་པ།།
ཆགས་སྡང་ཡང་ལྕི་མེད་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
གསོག་འདོད་འདུན་པ་བོར་ཅིང་།།
ཤོར་བའི་སྙིང་རླུང་མེད་པ།།
སྤྲང་པོའི་མི་གཞི་འཛིན་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
སྒྱུ་མའི་ན་ཆུང་མེད་ཅིང་།།
རྨི་ལམ་བུ་ཕྲུག་མེད་པ།།
གཅིག་པུར་རྒྱལ་ཁམས་ཉུལ་བའི།།
བན་ཆུང་སྙིང་ལ་རྗེ་བོ།།
དཀྱུས་མའི་ཁང་ཆུང་བཞེངས་ཤིང་།།
ཁང་ཆུང་དཔེ་མང་སྤུངས་པ།།
ཆོས་ཀྱི་ཉིང་ཁུ་འཚོལ་བའི།།
བན་ཆུང་སྙིང་ལ་རྗེ་བོ།།
དུག་གསུམ་བདུད་རྩིས་བཀྲུས་ཤིང་།།
འཛུམ་ཞལ་ཆུ་ཡིས་བཤལ་བ།།
སྒྲིབ་པའི་དྲི་མ་དག་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
ཐོས་པའི་རྟ་ལ་བཞོན་ཏེ།།
བསམ་གཏན་ཁང་ཆེན་འགྲིམ་པ།།
སྒོམ་པའི་རྩལ་ཡང་རྫོགས་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
འཛིན་པའི་ཕུང་པོ་བརྡུངས་ཏེ།།
ལག་པའི་མཐིལ་ཡང་རྡོལ་བ།།
ལས་སྒྲིབ་ཆ་ཚང་དག་པའི།།
བན་ཆུང་སྙིང་ལ་རྗེ་བོ།།
ཁ་ནས་གླུ་ཡང་ལེན་ཞིང་།།
ཆོས་ཀྱི་གདངས་ཀྱང་འཐེན་པ།།
སྣང་བ་ཧ་ཅང་སྐྱིད་པའི།།
བན་ཆུང་སྙིང་ལ་རྗེ་བོ།།