ཨོ་མདོ། རྡ་ས།
ཡེ་གྲོལ་འདུས་མ་བྱས་པའི་གཞི་ཀློང་ནས།།
ལྷུན་གྲུབ་འགག་པ་མེད་པའི་རོལ་རྩལ་དུ།།
གསང་གསུམ་སྤྲུལ་པའི་གར་གྱིས་དགྱེས་རོལ་པ།།
གྲུབ་པའི་དབང་ཕྱུག་པདྨ་ནོར་བུར་འདུད།།
ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི།།
བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེང་མཁས་ཤིང་།།
རྒྱལ་བསྟན་ཉིན་མོར་བྱེད་པའི་ཤིང་རྟ་པ།།
ཐུབ་བསྟན་ཆོས་ཀྱི་སྒྲ་དབྱངས་སྲིད་ན་རྒྱལ།།
སྙིགས་མ་ལྔ་བདོའི་མུན་པའི་སྨག་རུམ་འདིར།།
ཐུགས་བསྐྱེད་སྐྱ་རེངས་གསར་པའི་སྣང་བ་ཡིས།།
འགྲོ་བློའི་དད་པའི་པདྨོ་བཞད་པའི་གཉེན།།
བཤད་སྒྲུབ་ཕྲིན་ལས་སྣང་བས་ས་གསུམ་ཁྱབ།།
ལྷོ་ཕྱོགས་ཙན་དན་དྲི་བསུང་འཐུལ་བའི་སར།།
ཆོས་ཀྱི་སྡེ་ཆེན་ཀུ་མུད་བཞད་པའི་ཚལ།།
དམར་སེར་འདུས་སྡེ་གསར་པའི་བླ་གོས་ཀྱིས།།
ནོར་འཛིན་ས་ལའི་སྨན་ལྗོངས་མཛེས་པར་བྱས།།
འཆད་པས་དོན་གཉེར་འདུས་པའི་རེ་འདུན་བསྐངས།།
རྩོད་པས་མུ་སྟེགས་རྒོལ་བའི་ལོག་རྟོག་བསལ།།
རྩོམ་པས་དབྱངས་ཅན་པི་ཝང་སྙན་པར་འཁྲོལ།།
བསྟན་པའི་བྱ་བ་རྣམ་གསུམ་ཨ་ཧོ་རྨད།།
མཁས་མང་རིག་འཛིན་འདུས་པའི་གདན་ས་རུ།།
བཙུན་པའི་སྡེ་ཉིད་དབྱར་མཚོ་བཞིན་དུ་འདུ།།
བཟང་པོའི་ཕྲིན་ལས་གསེར་འོད་ལམས་སེ་ལམ།།
མཚན་སྙན་གྲགས་པའི་དབྱར་རྔ་འཁྲོལ་འདི་རྨད།།
ནང་རྒྱུད་སྡེ་སྣོད་གསུམ་གྱི་གཏེར་སྒོ་ཕྱེ།།
མདོ་སྔགས་རིག་པ་སྨྲ་བའི་ཚང་ཆེན་རྡོལ།།
སློབ་ཚོགས་འདུས་པ་རྒྱུ་སྐར་གྲངས་ལ་འཕྱ།།
ཆོས་སྤྱོད་རྣམ་བཅུའི་མཛད་ཕྲིན་མཚོ་ལྟར་རྒྱས།།
རིན་ཆེན་གསེར་ལས་གྲུབ་པའི་གནྡྷོ་ལ།།
རང་སྣང་ལྷུན་གྲུབ་ཕོ་བྲང་དཔལ་གྱི་རི།།
སྣང་སྲིད་ཟིལ་གནོན་ཕུར་པ་ལྷ་ཁང་གི།
ཕྱི་ནང་གསང་བའི་ཡོན་ཏན་བརྗོད་ལས་འདས།།
༢༠༡༥/༧/༢༡