ལོ་རིམ་བཞི་པའི་སློབ་གཉེར་བ། མཆོག་བཀྲ་ཤིས།
སྲིད་པ་གསུམ་གྱི་འཇིག་རྟེན་ཁམས་འདི་ན།།
ཆོས་སྒྲ་ཆེན་པོ་མི་འཇིགས་གདོང་ལྔའི་གསུང་།།
ཀུན་ནས་སྒྲོག་ལ་འགྲན་ཟླ་མ་མཆིས་པའི།།
འཇམ་དབྱངས་ལྷག་པའི་ལྷ་ཡིས་བྱིན་གྱིས་རློབས།།
དམ་པའི་གསུང་རབ་མངོན་པ་སྡེ་བདུན་གྱི།།
དགོངས་དོན་ལེགས་པར་ཕྱེ་བས་རྒྱལ་བའི་བསྟན།།
ས་གསུམ་འདི་ན་གསལ་བར་སྟོན་མཛད་པ།།
གྲགས་པ་དོན་ལྡན་དབྱིག་གཉེན་ཞབས་ལ་འདུད།།
ཅེས་ཡུལ་ཁྱད་པར་ཅན་ལ་དབང་མེད་དད་པའི་མཆོད་སྤྲིན་པདྨ་དཀར་པོའི་རྟེན་འབྲེལ་ཚིག་བཟང་གིས་སྔུན་བསུས་ནས་གང་ཞིག་བརྩམ་པར་བྱ་བ་ནི། མངོན་པ་སྡེ་བདུན་གྱི་དགོངས་དོན་བདེ་བླག་ཏུ་གསལ་བར་མཛད་པའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་གནས་དང་པོའི་དཀའ་གནད་དང་དོགས་གཞི་འགའ་ཞིག་ཚུར་བླངས་ནས་དཔྱད་གླེང་གི་བྱ་བར་འཇུག་པ་ལ། མཆོད་བརྗོད་སྐབས་ནས་འཕྲོས་པའི་མུན་པའི་སྐོར་དང་། རྡུལ་ཕྲན་ཆ་མེད། ཁ་ཆེའི་བྱེ་སྨྲའི་ལུགས་ཀྱི་འདུས་མ་བྱས་གསུམ་བཅས་དོན་ཚན་གསུམ་ལ་རགས་བསྡུས་ཙམ་དཔྱད་ནས་བྲི་སྙིང་འདོད། དེ་དག་ནི་གནས་དང་པོའི་སྐབས་སུ་དོན་ཆེན་གྱི་ནང་ནས་དོན་ཆེན་དང་དཀའ་གནད་ཀྱི་ནང་ནས་དཀའ་གནད་དུ་མཐོང་བས་འདིར་ཁོ་བོས་བརྩམ་པའི་དགོས་དམིགས་གཙོ་བོ་ཞིག་ཏུ་བཟུང་བ་ཡིན། དེ་དང་སྦྲགས་གུས་པ་རང་ཉིད་ལ་མཚོན་ན་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ནི་ནམ་མཁའི་ཨུཏྤལ་གྱི་ཡོན་ཏན་དང་མཚུངས་ཤིང་། ཤེས་རིག་གི་གླིང་ག་ནས་བློ་གྲོས་ཀྱི་གཤོག་རྩལ་མ་རྒྱས་པའི་མི་བུ་ཞིག་ཡིན་པས། གཞུང་ཆེན་ཁག་ལ་ལྟ་རྒྱ་དང་ཐོས་རྒྱ་ནི་དེ་བས་ཀྱང་མེད་པའི་ཁར་སྨྱུ་གུ་ཞིག་ཨུ་ཚུགས་ཀྱིས་བཅུན་ནས་གཞུང་ཆེན་འདི་འདྲའི་ཐད་ལ་དཔྱད་རྩོམ་བྲི་རྒྱུ་ནི་ཤིན་ཏུ་ནས་ཀྱང་དཀའ་ཚེགས་ཅན་ཞིག་ལས་ལས་སླ་པོ་ག་ལ་ཡིན། འོན་ཏེ་འདིར་ཁོ་བོས་འགྲན་རྩོད་དང་ཧམ་སེམས་ཀྱིས་རླུང་འཚུབ་དྲག་ཏུ་གཡོས་ཤིང་བརྡ་ཕྲིན་གྱིས་བཅིངས་པའི་ཟང་ཟིང་གི་གོ་ལ་འདིའི་ནང་རང་གི་ཕྲག་ཏུ་བབས་པའི་འོས་འགན་དེ་དང་དུ་བླངས་ནས་གཞུང་ཆེན་འདི་ལྟ་བུའི་སྣེ་མོ་ལ་འཇུས་ནས་ཉིན་མཚན་ཟད་པར་བྱས་ཤིང་གང་ཐུབ་ཅི་ནུས་ཀྱིས་དུས་ཚོད་གྲོན་ཆུང་བྱས་པ་ཡིན་ཞེས་སྔོན་གླེང་ཙམ་མོ། །ད་ནི་ཁོ་བོས་གླེང་བར་བྱ་བའི་གཏམ་དངོས་ལ་གཞུག་པར་བྱ་སྟེ།
རྩ་བའི་དོན་ཚན་གསུམ་ལས་དང་པོ་དེ་ལ་སྐབས་འདིར་བསྟན་གྱི་མུན་པའི་མཚན་ཉིད་ལ་དངོས་དང་། ཞར་བྱུང་དུ་ཉན་རང་འཕགས་པས་ཡང་དག་པའི་དོན་མཐོང་མིན་ལ་དོགས་སྤོང་གཉིས་ལས་དང་པོ་ནི། ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་རང་སྟོབས་ཀྱིས་གེགས་བྱེད་པའོ། །གཉིས་པ་ནི། ཁོ་ན་རེ། ཉན་རང་འཕགས་པ་ཆོས་ཅན། ཁྱོད་ཀྱིས་ཡང་དག་པའི་དོན་མ་མཐོང་བར་ཐལ། ཁྱོད་ཀྱི་རྒྱུད་ལ་ཡང་དག་པའི་དོན་མཐོང་བ་ལ་རང་སྟོབས་ཀྱིས་གེགས་བྱེད་པ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་མུན་པ་ཡོད་པའི་ཕྱིར་ཏེ། ཡུལ་དང་དུས་སོགས་ཀྱི་མི་ཤེས་པའི་རྒྱུ་བཞི་ཡོད་པའི་ཕྱིར་ཟེར་ན། ལན་གྱིས་བཤད་པར་བྱ་སྟེ། ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བར་དུ་གཅོད་པ་ཉན་རང་འཕགས་པའི་རྒྱུད་ལ་ཡོད་པར་ཁོ་བོས་ཀྱང་འདོད་མོད། འོན་ཏེ་དེས་ཡང་དག་པའི་དོན་མཐར་ཐུག་པ་མཐོང་བ་ལ་གནོད་ཀྱང་ཡང་དག་པའི་དོན་ཙམ་མཐོང་བ་ལ་གནོད་པ་མེད་པའི་ཕྱིར། ཉན་རང་འཕགས་པས་ཡང་དག་པའི་དོན་མཐོང་ཞེས་སྨྲ་ཆོག་སྟེ། དཔེར་ན་རྣམ་མཁྱེན་ཐོབ་པ་ལ་བར་དུ་གཅོད་པའི་མུན་པ་མ་སྤངས་ཤིང་རང་རྒྱུད་ལ་ལྡན་བཞིན་དུ་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་མུན་པ་རབ་ཏུ་སྤངས་པ་ལས་དགྲོལ་ནུས་པ་བཞིན་ནོ།།
དེ་ཡང་། རྟོག་གེ་འབར་བ་ལས།1ཉོན་མོངས་པ་ཅན་མ་ཡིན་པ་ནི་དགྲོལ་བ་ལ་སྒྲིབ་པར་བྱེད་པ་མ་ཡིན་པ་ཡོད་བཞིན་དུ་ཡང་འདིར་ཟད་པ་མི་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་རོ། །ཞེས་པ་ལྟ་བུའོ། །དེ་ལྟ་བས་ན་ཁྱོད་ཀྱི་རྒྱུད་ལ་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བར་དུ་གཅོད་པ་ཡོད་ན་ཁྱོད་ཀྱིས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མ་མཐོང་བས་ཁྱབ་པ་བདེན་ཞིང་ཁོ་བོས་ཀྱང་འདོད་པར་བྱ། དེ་ལྟ་ནའང་ཡང་དག་པའི་དོན་ཙམ་མ་མཐོང་བས་མ་ཁྱབ་ཅེས་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང་ཡང་དག་པའི་དོན་ཙམ་མཐོང་བ་གཉིས་ལ་ཁྱད་པར་ཕྱེ་བའི་སྒོ་ནས་གོང་གི་ཕ་རོལ་པོའི་རྟགས་ལ་ཁྱབ་མེད་ཀྱི་ལན་བཏབ་པ་ཡིན་ནོ། །གལ་ཏེ་ཉན་རང་འཕགས་པས་ཡང་དག་པའི་དོན་མཐོང་ཞེས་བརྗོད་ན་དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། རྟོག་གེ་འབར་བ་ལས།2 སྡུག་བསྔལ་ལ་སོགས་པའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་སྟོང་པ་བདག་མེད་པ་ཞེས་བྱ་བ་སྡུག་བསྔལ་གྱི་རྣམ་པ་བཞིའོ། །དེ་བཞིན་དུ་ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ཀྱི་རྣམ་པ་ཡང་མདོ་ལས་བསྟན་པ་བཞིན་དུ་སོ་སོར་རྟོགས་པར་བྱའོ། །ཞེས་པས་ཉན་རང་གིས་བདེན་བཞིའི་གནས་ལུགས་རྟོགས་པར་བཤད་པའི་ཕྱིར་རོ། །དེ་ཡང་བདེན་བཞི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་ལས་རྟོགས་ཚུལ་གཞན་ཞིག་གིས་མིན་ནོ། །དེ་ལྟ་ནའང་དེ་དག་གིས་སངས་རྒྱས་བཞིན་ཤེས་བྱའི་གནས་ལུགས་མཐར་ཐུག་པའམ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་མ་ཡིན་ཏེ། རྟོག་གེ་འབར་བ་ལས།3 འོན་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་རང་གི་ངོ་བོ་ཙམ་ཡོངས་སུ་ཤེས་པ་ཡིན་ལ་དེ་བཞིན་གཤེགས་པས་ནི་སྡུག་བསྔལ་ལ་སོགས་པའི་མཉམ་པ་ཉིད་དུ་རྟོགས་སོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཉན་རང་འཕགས་པས་ཡུངས་འབྲུ་སྲིན་གྱིས་ཟོས་པ་བཞིན་གནས་ལུགས་ཉི་ཚེ་བ་ཙམ་ཞིག་མཐོང་བ་ལས་ཡུལ་མཐའ་ཡས་པ་སྟེ་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པ་ནི་དེ་བཞིན་གཤེགས་པ་ཁོ་ན་ཡིན་པ་དང་། ཉན་རང་དང་དེ་བཞིན་གཤེགས་པ་གཉིས་ལ་རྟོགས་རིགས་ཀྱི་ཁྱད་པར་བསྟན་ཏོ།།
དེ་ནས་ཉན་རང་འཕགས་པས་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བར་རིགས་པས་སྒྲུབ་པ་དང་། དེ་ལས་ལྡོག་སྟེ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་དེ་བཞིན་གཤེགས་པ་ཁོ་ན་ཡིན་པར་ལུང་གིས་སྒྲུབ་པ་གཉིས་ལས། དང་པོ་ནི། ཉན་རང་འཕགས་པ་ཆོས་ཅན། ཁྱོད་ཀྱིས་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བར་ཐལ། ཁྱོད་ཀྱི་རྒྱུད་ལ་དེ་མཐོང་བ་ལ་བར་དུ་གཅོད་པའི་གེགས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་མུན་པ་ཡོད་པའི་ཕྱིར་ཏེ། མི་ཤེས་པའི་རྒྱུ་བཞི་ཡོད་པའི་ཕྱིར་རོ།།
གཉིས་པ་ནི། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་བ་པོ་ནི་དེ་བཞིན་གཤེགས་པ་ཁོ་ན་མ་གཏོགས་གཞན་དུ་ནི་སུ་ཡང་མ་མཆིས་ཏེ། བཞི་བརྒྱ་པ་ལས།4 ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན།། ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས།5 དེ་ཉིད་མི་རྟག་པ་དང་། སྟོང་པ་ཉིད་ཉེ་བར་བསྟན་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པ་ཞེས་བྱ་ཡི། གཞན་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར་རོ། །ཞེས་དང་།
མདོ་ལས།6གནས་བརྟན་རབ་འབྱོར་གང་དེ་བཞིན་གཤེགས་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞིག་མཁྱེན་པ་དེ་ཁྱོད་ཀྱིས་ཤེས་སམ་རྟོགས་སམ་མཐོང་ངམ་དེ་དག་དང་དོན་མཐུན་པར་གཏམ་བརྗོད་པར་ནུས་སམ་སྨྲས་པས་འཇམ་དཔལ་དེ་ནི་མ་ཡིན་ནོ། །ཞེས་ཇི་སྐད་གསུངས་པའི་ལུང་གི་དགོངས་དོན་མ་འཕྱུགས་པར་ལེགས་པར་ཁོང་དུ་ཆུད་པར་བྱེད་ནུས་ན་གཞན་གཏན་ཚིགས་བརྒྱ་དང་སྒྲུབ་བྱེད་སྟོང་ཤོད་པའི་ངལ་བ་བྱེད་དགོས་དོན་མ་མཐོང་ངོ་། །གཞན་དག་འགའ་ཞིག་གིས་ཉན་རང་འཕགས་པས་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་ཐལ། བདེན་བཞིའི་གནས་ལུགས་མངོན་སུམ་དུ་མཐོང་བའི་ཕྱིར་དང་། ཉོན་མོངས་ཅན་མིན་པའི་མུན་པ་སྤངས་པའི་ཕྱིར་ཏེ། མཆིམས་ཆེན་ལས།7དེ་དག་གི་ཉོན་སྒྲིབ་ནི་ངོ་བོའང་སྤངས་ལ་ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན། རྟགས་དང་པོ་ལ་ཁྱབ་པ་མེད་དེ། དེ་ལྟ་ན་ནི་སངས་རྒྱས་དང་རྟོགས་པ་མཐོ་དམན་མཉམ་པར་ཐལ་བའི་ཕྱིར་རོ།།
རྟགས་གཉིས་པ་ལ། མཆིམས་ཆེན་གྱི་ལུང་དོན་དང་སྦྲགས་ཁྱབ་མེད་ཀྱི་ལན་མདོར་བསྡུས་ཤིག་ཞུ་བར་བྱ་སྟེ། ལུང་འདིའི་དོན་ནི་ཉོན་མོངས་ཅན་མིན་པའི་མུན་པ་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་པར་བཤད་ཅིང་། དེ་ལྟར་ཁོ་བོས་ཀྱང་ཁས་ལེན་མོད། འོན་ཏེ་སྤང་བྱའི་གཉེན་པོ་ཡེ་ཤེས་ཀྱི་སྟོབས་ཀྱིས་གཏན་དུ་སྤངས་པར་གསུངས་པའི་དོན་ནི་མིན་ཏེ། སླར་མངོན་དུ་གྱུར་པ་ཡོད་པའི་ཕྱིར་རོ། །དེས་ན་སྤངས་པ་ཙམ་ལས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ནི་དེ་བས་ཀྱང་མི་འདོད་དེ། མཆིམས་ཆེན་ལས།8 དེས་ན་སྒྲིབ་པ་དེ་དག་སྤངས་པ་ཙམ་ཡོད་མོད་ཀྱི། འོན་ཀྱང་གཏན་ནས་སྤངས་པ་ནི་མ་ཡིན་ཏེ། དེ་ནི་ཡེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བརྗོད་ལ། ཉན་ཐོས་ལ་སོགས་པ་ལ་ནི་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ཞེས་དང་། རྟོག་གེ་འབར་བ་ལས།9 ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་ཉོན་མོངས་པའི་འཆིང་བ་ཙམ་སྤངས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱང་མ་ཡིན་ལ། ཞེས་དང་། དེ་ཉིད་ལས།10 དེ་དག་ལ་ཉོན་མོངས་པ་མ་ཡིན་པའི་མི་ཤེས་པ་ཡོད་པའི་ཕྱིར་རོ།། ཞེས་གསུངས་སོ།།
དེས་ན་ཉོན་མོངས་ཅན་གྱི་མུན་པ་བཅོམ་རུང་མ་བཅོམ་རུང་ཉོན་མོངས་ཅན་མིན་པའི་མུན་པ་ཆགས་བྲལ་ཚུལ་གྱིས་སྤངས་པ་ཙམ་ལས་ཡང་དག་པའི་དོན་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ཁྱབ་སྟེ། དཔེར་ན་ཚོགས་སྦྱོར་གནས་སྐབས་སུ་མཐོང་སྤང་ཀུན་སྦྱོར་གསུམ་མགོ་གནོན་ཚུལ་གྱིས་སྤངས་ཀྱང་དེ་ཙམ་གྱིས་མཐོང་ལམ་གྱི་རྟོགས་པ་རྒྱུད་ལ་མི་ལྡན་པ་བཞིན་ནོ། །མདོར་བསྡུས་ན་ཉན་རང་དང་སངས་རྒྱས་གཉིས་ལ་སྤངས་པའི་ཁྱད་པར་ཐར་པ་ཐོབ་པ་ལ་གཙོ་བོ་བར་དུ་གཅོད་པའི་ཉོན་མོངས་ཅན་གྱི་མུན་པ་གཏན་དུ་བཅོམ་པ་ཙམ་དུ་འདྲ་རུ་ཆུག་ཀྱང་མཐར་ཐུག་རྣམ་མཁྱེན་ཐོབ་པ་ལ་གཙོ་བོ་བར་དུ་གཅོད་པའི་ཉོན་མོངས་ཅན་མིན་པའི་མུན་པ་གཏན་དུ་བཅོམ་མིན་གྱི་ཁྱད་པར་དང་། དེ་བཞིན་རྟོགས་པའི་ཁྱད་པར་ཇི་སྙེད་པའི་དོན་རགས་པ་ཙམ་མཐོང་བར་གཅིག་མཚུངས་ཡིན་ཡང་ཇི་ལྟ་བའི་དོན་མཐར་ཐུག་པ་མཐོང་མ་མཐོང་གི་ཁྱད་པར་ཡོད་ཅེས་ཁོ་བོས་ལུང་རིགས་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲའོ།།
རྩ་བའི་དོན་ཚན་གཉིས་པ་རྡུལ་ཕྲན་ཆ་མེད་བཤད་པ་ལ། རྡུལ་ཕྲན་ཆ་མེད་ཀྱི་གོ་དོན་དང་། དེ་ཐ་སྙད་དུ་ཤིན་ཏུ་འཐད་པར་བསྟན་པ་གཉིས་ལས། དང་པོ་ནི། བསགས་ཕུང་གི་རྟེན་དུ་གྱུར་པའི་རྫས་རྡུལ་ཞིག་ལ་རྡུལ་ཕྲན་ཆ་མེད་ཅེས་རྗོད་ཀྱིན་ཡོད།
གཉིས་པ་ནི། སྤྱིར་འདུས་བྱས་ཀྱི་ཆོས་ཀུན་ཕྲ་བ་མེད་ན་རགས་པ་དང་། ཆུང་ངུ་མེད་ན་ཆེན་པོ། ཐུང་ངུ་མེད་ན་རིང་པོ་སོགས་རིམ་བཞིན་དུ་ཅིག་ཤོས་མེད་ན་ཅིག་ཤོས་དེ་གྲུབ་པའི་ཐབས་ཟད་པ་ནི་འདུས་བྱས་རྟེན་འབྱུང་གི་གཤིས་ལུགས་ཡིན་པས་འདིར་ཐ་སྙད་དུ་རྡུལ་ཕྲན་ཆ་མེད་གཟུགས་ཅན་རགས་པའི་རྩོམ་གཞིར་མེད་ན་མི་རུང་ཕྱིར། ཤིན་ཏུ་ནས་ཀྱང་འདོད་པར་བྱའོ། །གལ་ཏེ་རྡུལ་ཕྲན་ཆ་མེད་ནི་བྱེ་སྨྲ་སོགས་ཀྱིས་རྟོག་བཏགས་འབའ་ཞིག་ཏུ་ཟད་པས་ཐ་སྙད་དུ་ཡང་ཁས་ལེན་མི་རུང་ངོ་ཞེ་ན། དེ་ནི་མི་རིགས་ཏེ། ཐ་སྙད་དུ་རྡུལ་ཕྲན་ཆ་མེད་མ་གྲུབ་ན་དེས་བརྩམས་པའི་རྒྱུ་གཟུགས་འབྱུང་བ་ཆེན་པོ་བཞི་མེད་པར་ཐལ་བ་དང་། རྒྱུ་གཟུགས་དེ་ལས་བྱུང་བའི་འབྲས་གཟུགས་ཀྱང་མེད་དགོས་པས་ན་ཐ་སྙད་ཀུན་རྫོབ་ཀྱི་རྣམ་གཞག་ཤིན་ཏུ་མི་མཛེས་པར་འགྱུར་བས་དེ་ལ་སྐུར་བ་འདེབས་པར་འགྱུར་རོ།།
ཡང་དབུ་མ་པས་རྡུལ་ཕྲན་ཆ་མེད་ཁས་མི་ལེན་ཏེ་ཆ་མེད་ཁས་མི་ལེན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། སྐབས་འདིའི་རྡུལ་ཕྲན་ཆ་མེད་ནི་ཆ་མེད་པ་ཙམ་ལ་གཟུང་བར་མི་བྱ་སྟེ་མི་རྟག་པ་ཡིན་པས་སྐྱེ་འགག་གནས་གསུམ་གྱི་ཆ་དང་བཅས་པར་འདོད་དགོས་པའི་ཕྱིར་རོ། །དེས་ན་རྡུལ་ཕྲན་ཆ་མེད་ཅེས་པ་ནི། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།11 དེ་ལ་བེམ་པོ་དེ་དག་རགས་པ་ཕྲ་བར་བསིལ་ནས་ཕྲ་བ་མཐར་ཐུག་པ་ལ་ཆ་གསིལ་རྒྱུ་མེད་པ་ལ་རྡུལ་ཕྲ་རབ་ཅེས་བྱའོ། །ཞེས་དང་། དེ་ཉིད་ལས།12 མདོར་ན་རགས་པའི་ཆ་གསིལ་རྒྱུ་ཡོད་པས་ཇེ་ཕྲ་ཇེ་ཕྲར་གཏོང་བ་ཡིན་ལ། མཐར་གཞི་མེད་དུ་གྱུར་ན་རགས་པ་ཡེ་མེད་དུ་འགྱུར་བར་བསམས་ནས་རྡུལ་ཕྲ་རབ་དེ་ལས་ཆུང་ངུར་གཏང་རྒྱུ་མེད་པ་ཞིག་ཡོད་པར་འདོད་པ་ནི་རྡུལ་ཕྲ་རབ་འདོད་པ་སྤྱིའི་ལུགས་ཡིན་ལ། ཞེས་གསུངས་པ་ལྟར། རྡུལ་ཕྲན་གཞན་གྱི་ཆ་གསིལ་རྒྱུ་མེད་པའི་ཕྲ་བ་མཐར་ཐུག་པའི་རྡུལ་ཞིག་ལ་རྡུལ་ཕྲན་ཆ་མེད་ཅེས་ཟེར་རོ།།
བྱེ་སྨྲས་ཀྱང་དེ་ལ་སྐྱེ་འགག་གནས་གསུམ་གྱི་ཆ་གསུམ་རེ་ཡོད་པར་འདོད་པས། ཆ་མེད་ཙམ་ཞིག་ལ་མི་འདོད་དོ། །ཆ་མེད་ཙམ་ནི་སྐྱེ་འགག་གནས་གསུམ་རྟག་མི་རྟག་གང་གི་ཡང་ཆ་གསིལ་རྒྱུ་མེད་པའི་མེད་པ་ཁོ་ན་ཡིན་པའི་ཕྱིར་རྡུལ་ཕྲན་ཆ་མེད་ནི་དེ་དང་མི་འདྲའོ། །དེས་ན་རྡུལ་ཕྲན་ཆ་མེད་ཕྱོགས་ཀྱི་ཆ་མེད་ཡིན་ཡང་ཆ་མེད་མ་ཡིན་ཞེས་དེ་གཉིས་ལ་ཁྱད་པར་འབྱེད་དགོས་པ་ལས་གཅིག་ཏུ་བསྲེ་བར་མི་བྱའོ། །དེའི་དཀའ་གནད་ཕྲ་མོ་དེ་ཤེས་ནུས་ན་དབུ་མ་པས་ཆ་མེད་མི་འདོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་རྡུལ་ཕྲན་ཆ་མེད་ཁས་མི་ལེན་ཞེས་འདོད་པའི་ལོག་པར་རྟོག་པའི་རིམས་ནད་ཐམས་ཅད་ཞི་བར་འགྱུར་རོ། །གལ་ཏེ་དབུ་མ་པས་རྡུལ་ཕྲན་ཆ་མེད་ཁས་མི་ལེན་ཏེ་བྱེ་སྨྲས་འདོད་པ་ཇི་བཞིན་མི་འདོད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དབུ་མ་པས་ཀུན་གཞི་དང་རང་རིག་ཁས་ལེན་ཡང་སེམས་ཙམ་པའི་འདོད་པ་ལྟར་བདེན་པར་གྲུབ་པ་ཞིག་ཁས་ལེན་མི་དགོས་པ་བཞིན་ནོ།།
དེ་ལྟ་བས་ན་དེ་ཐ་སྙད་ཙམ་དུ་བསླུ་མེད་བསྙོན་མེད་དུ་གྲུབ་སྟེ། བཞི་བརྒྱ་པའི་རྣམ་བཤད་ཀླུ་དབང་དགོངས་རྒྱན་ལས།13 ཐ་སྙད་ཚད་ངོར་རྒྱུ་ཆ་མེད་ལས་མ་བྱུང་བའི་འབྲས་བུ་ཆ་བཅས་འཐད་དཀའ་བ་དང་། བྱེ་སྨྲའི་སྒྲོ་བཏགས་འབའ་ཞིག་མིན་པར་སྟོང་ཆེན་རབ་འབྱམས་ཀྱི་མདོའི་དགོངས་པར་གནས་པ་སོགས་ཀྱི་རྣམ་གཞག་མི་ཕམ་ཆོས་རྗེའི་གསུང་ལས་རྟོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་ཐ་སྙད་ཀུན་རྫོབ་ཀྱི་རྣམ་གཞག་ལ་མཁས་པར་བྱ་འདོད་ན་རང་རེའི་གྲུབ་མཐའ་གོང་འོག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་དངོས་སྟོབས་རིགས་པས་དངོས་པོའི་གཤིས་ལུགས་ལ་གཏུགས་ནས་བཤད་ན་བདེན་གྲུབ་ཀྱི་ཁྱད་པར་དུ་བྱས་པའི་ཆ་མེད་ནི་དབུ་མ་པས་མི་འདོད་ལ། རིགས་པ་དང་འགལ་བའམ་དེས་གནོད་པས་ཁས་ལེན་དུ་མི་རུང་ཡང་རྟེན་འབྱུང་ལྟོས་གྲུབ་ཙམ་གྱི་དེ་ནི་གོང་བཤད་ལྟར་ཐ་སྙད་ཀྱི་གཤིས་ལུགས་ལ་མེད་དུ་མི་རུང་བའི་ཕྱིར་ཤིན་ཏུ་ནས་ཀྱང་འཐད་པས་ངེས་པར་ཁས་ལེན་དགོས་སོ།།
དེ་ཙམ་ནི་དབུ་མ་པས་ཀྱང་འདོད་པ་ཁོ་ན་སྟེ། བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ལས།14 དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་རྣམས་ནི་འཇིག་རྟེན་ལས་འདས་པ་ལ་ཡོངས་སུ་མཐོང་བའི་རྣམ་པར་དཔྱོད་པ་མ་བཅུག་པར་འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་ལྟར་ཁས་བླང་བར་བྱ་ཞིང་། ཇི་ལྟར་རྣམ་པར་ཤེས་པ་འཇིག་རྟེན་པ་ཡིན་པ་དེ་ལྟར་རྡུལ་ཕྲ་རབ་ཀྱང་ཡིན་པས་འདིས་རིགས་པ་བཅུག་ནས་རྡུལ་ཕྲ་རབ་བསལ་མི་ནུས་ཞེས་པས་འཇིག་རྟེན་ལས་འདས་པའི་དོན་དཔྱོད་རིགས་པས་དཔྱད་ན་གང་དུ་ཡང་མ་གྲུབ་པས་དོན་དམ་དུ་ཁས་ལེན་དུ་མི་རུང་ཡང་འཇིག་རྟེན་པའི་རྣམ་པར་ཤེས་པ་སྟེ་ཐ་སྙད་ཚད་མས་དཔྱད་ན་དེ་བསལ་མི་ནུས་ཤིང་ཐ་སྙད་ཙམ་དུ་དབུ་མ་པས་ཀྱང་ཁས་ལེན་དགོས་པར་གསུངས་སོ། །དེ་ལྟ་ནའང་དམིགས་བསལ་ཞིག་ནི་གྲུབ་མཐའི་ཁྱད་པར་དུ་བྱས་ཚེ་སྐབས་འདིར་བྱེ་སྨྲས་བདེན་པར་གྲུབ་པའི་རྡུལ་ཕྲན་ཆ་མེད་ཅིག་དོན་དམ་དུ་ཁས་བླངས་པས་གྲུབ་མཐའི་ཞེ་འདོད་ཙམ་དུ་རེ་ཞིག་ཁས་ལེན་ཆོག་གམ་སྙམ་མོ། །དེ་ནི་གྲུབ་མཐའི་འདོད་ཚུལ་ཙམ་ཞིག་ལ་ལྟོས་ནས་ཡིན་པས་སྔར་བདེན་གྲུབ་ཀྱི་རྡུལ་ཕྲན་ཆ་མེད་ཁས་ལེན་མི་རུང་ཞེས་བཤད་པ་དང་འགལ་བར་མི་སེམས་སོ།།
དོན་ཚན་གསུམ་པ་ཁ་ཆེའི་བྱེ་སྨྲའི་ལུགས་ཀྱི་འདུས་མ་བྱས་གསུམ་བཤད་པ་ལ། གྲངས་ངེས། དོགས་སྤོང་། རང་མོས་ཀྱི་དམ་བཅའ་གསུམ་ལས། དང་པོ་ནི། སྐབས་འདིར་བྱེ་སྨྲའི་ལུགས་ལ་འདུས་མ་བྱས་ལ་གསུམ་ཁོ་ནར་འདོད་དེ། སོ་སོར་བརྟགས་འགོག་དང་། བརྟགས་མིན་འགོག་པ། ནམ་མཁའ་བཅས་གསུམ་མོ། །འོ་ན་འདིར་འདུས་མ་བྱས་ལ་དེ་གསུམ་དུ་གྲངས་ངེས་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ལ་རིགས་པ་དང་ལུང་གཉིས་ལས།
དང་པོ་ནི། འདིར་འདུས་མ་བྱས་ལ་མཐའ་གཅིག་ཏུ་རྣམ་པ་གསུམ་དུ་བརྗོད་པ་ནི། འདུས་བྱས་ལས་གཞན་པའི་ཆོས་ལ་ལྟོས་ཏེ་ཕུང་གསུམ་ཁེགས་པའི་གྲངས་ངེས་ཡིན་ཏེ། དེ་གསུམ་ནི་སྡེ་པ་དག་གི་གཞུང་ཀུན་ནས་གྲགས་ཤིང་གྲུབ་ལ། དེ་ལས་གཞན་པའི་ཕུང་པོ་གསུམ་པ་ཞིག་མི་འདོད་པའི་ཕྱིར་རོ། །དེར་ཐལ། ཆོས་ཀྱི་བདག་མེད་དང་དེ་བཞིན་ཉིད་ནི་སྡེ་པ་དག་གིས་ཁས་མི་ལེན་ཞིང་། གང་ཟག་བདག་མེད་ལ་རྟག་མི་རྟག་གཉིས་ཀྱི་ཆ་ཡོད་པས། རྟག་པའི་ཆ་རྣམས་དེ་གསུམ་གང་རུང་དུ་འདུས་ཤིང་། མི་རྟག་པའི་ཆ་རྣམས་སྟོང་གཞི་ཆོས་ཅན་སོ་སོའི་ཁོངས་སུ་གཏོགས་པའི་ཕྱིར་། དེ་ཡང་ས་བཅད་གསུམ་པའི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ནི། མཆིམས་ཆེན་ལས།15 གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་པ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞི་མི་རྟག་ལ་སོགས་པའི་རྣམ་པ་བཅུ་དྲུག་ལ་འདོད་པས་ན་འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དེ་ཞེས་པས། འདིར་འདུས་མ་བྱས་ལ་གསུམ་དུ་གྲངས་ངེས་པར་ལུང་གིས་ཀྱང་བསྒྲུབས་པ་ཡིན་ནོ།།
གཉིས་པ་དོགས་སྤོང་ནི། ཁ་ཅིག་ན་རེ། འདིར་འདུས་མ་བྱས་ཀྱི་ཆོས་ལ་དེ་གསུམ་དུ་གྲངས་མ་ངེས་ཏེ། ཤེས་བྱ་དང་ཡོད་པ་སྤྱི་ཙམ་པོ་དེེ་འདུས་མ་བྱས་ཡིན་ལ་དེ་གསུམ་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། དེ་ནི་རྫས་སྤྱི་གཉིས་མགོ་ཅན་ཡིན་པས་མཐའ་ཅིག་ཏུ་འདུས་མ་བྱས་སུ་གཟུང་བར་མི་བྱ་ལ། དེ་གསུམ་དུ་གྲངས་མ་ངེས་པའི་སྐྱོན་ཡང་མེད་དོ། །གཞན་ཡང་གང་ཟག་བདག་མེེད་སོགས་དེ་གསུམ་གང་ཡང་མིན་པས་འདིར་དེ་གསུམ་དུ་གྲངས་མ་ངེས་སོ་ཞེ་ན། གང་ཟག་བདག་མེད་སྤྱི་ཙམ་པོ་ལ་ཡིན་ནམ་ཆོས་ཅན་བྱེ་བྲག་གི་སྟེང་གི་བདག་མེད་ལ་ཡིན། དང་པོ་ལྟར་ན་གོང་དང་འདྲ་བས་སྐྱོན་མེད་ལ། གཉིས་པ་ལྟར་ན། གྲངས་ངེས་ཀྱི་སྐབས་སུ་བཤད་ཟིན་པའི་ཕྱིར་འདིར་མ་སྨོས་སོ།།
གསུམ་པ་རང་མོས་ཀྱི་དམ་བཅའ་ནི། ༡༽གཞི་གྲུབ་ན་དེའི་སྟེང་གི་བདག་མེད་ལ་དངོས་པོས་ཁྱབ། ༢༽འདུས་མ་བྱས་ཡིན་ན་དེའི་སྟེང་གི་བདག་མེད་ལ་རྟག་པས་ཁྱབ། ༣༽འདུས་བྱས་ཡིན་ན་དེའི་སྟེང་གི་བདག་མེད་ལ་མི་རྟག་པས་ཁྱབ། ༤༽དངོས་པོ་ཡིན་ན་དེའི་སྟེང་གི་བདག་མེད་ལ་རྫས་སུ་གྲུབ་པས་ཁྱབ། ༥༽དངོས་མེད་ཡིན་ན་དེའི་སྟེང་གི་བདག་མེད་ལ་མེད་པ་ཡིན་པས་ཁྱབ། ༦༽གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གང་རུང་ཡིན་ན་དེའི་སྟེང་གི་བདག་མེད་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ། ༧༽དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་ཡིན་ན་དེའི་སྟེང་གི་བདག་མེད་ལ་དེ་གསུམ་གང་རུང་ཡིན་པས་ཁྱབ། ༨༽ཟག་བཅས་ཡིན་ན་དེའི་སྟེང་གི་བདག་མེད་ལ་སྤང་བྱས་ཁྱབ། ༩༽ཟག་མེད་འདུས་བྱས་ཡིན་ན་དེའི་སྟེང་གི་བདག་མེད་ལ་གཉེན་པོས་ཁྱབ། ༡༠༽ཕུང་ཁམས་སྐྱེ་མཆེད་གསུམ་གང་རུང་ཡིན་ན་དེའི་སྟེང་གི་བདག་མེད་ལ་ཆོས་ཁམས་ཀྱིས་ཁྱབ་བོ། །དེ་དག་ནི་གང་ཟག་བདག་མེད་འགོག་བདེན་ནི་སོ་སོར་བརྟགས་འགོག་དང་། བདེན་པ་གཞན་གསུམ་གྱི་རྣམ་པ་འདུས་བྱས་ཡིན་པས་ཞེས་པའི་ལུང་ལ་ཚོད་བགམ་བྱས་ནས་བྱེ་སྨྲའི་ལུགས་ཁོ་ནར་བྲིས་པ་ཡིན། ཐེག་པ་གོང་མ་ལྟར་ན་བདག་མེད་ཅེས་པ་ནི་དགག་བྱ་ཕར་བཀག་ཙམ་གྱི་མེད་དགག་ཏུ་འདོད་ཀྱང་། སྐབས་འདིར་ནི་དགག་པ་ལ་མ་ཡིན་དགག་ཁོ་ནར་འདོད་པས་བུམ་པའི་སྟེང་གི་བདག་མེད་ལྟ་བུ་མི་རྟག་པ་ཡིན་པར་ཁས་བླངས་ཀྱང་སྐྱོན་མེད་དམ་སྙམ་མོ།།
སླར་སྨོན་པ།
སྐྱེས་སྦྱངས་ཡོན་ཏན་དབེན་པའི་བྱིས་པ་ཡིས།།
མངོན་གཞུང་རྒྱ་མཚོའི་མཐའ་གྲུ་ཇི་ལྟར་གཞལ།།
འཐད་ཕྱོགས་རིགས་པའི་ཚུལ་དང་མི་འགལ་བའི།།
དྲི་མེད་དམ་པའི་ལུང་ལ་ཡིད་རྟོན་གྱིས།།
ལུང་རིགས་མན་ངག་མཛོད་སྦུག་ཆོས་མངོན་གཞུང་།།
བློ་གྲོས་མིག་ལྡོངས་བདག་འདྲས་ཐེག་དཀའ་ཡང་།།
དྲི་མེད་ལུང་ལ་བསྟེན་ནས་ཚོད་བགམ་གྱིས།།
འདིར་འབད་དགེ་ཚོགས་སེམས་ཅན་ཀུན་ལ་བསྔོ།།
- འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༤༤
- འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༣༤༡
- འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༤༢༠
- ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༣༡
- ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༣༡
- འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་པར་མ། རྟོག་གེ་འབར་བ། དེབ་གཟུགས། ཤོག་གྲངས། ༣༧༢ ལས་དྲངས།
- སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༥
- སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༥
- འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༣༤༣
- འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༣༦༧
- ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༦༤༧
- ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༦༤༨
- སི་ཁྲོན་པར་མ། དེབ་གཟུགས། ཤོག་གྲངས། ༡༢༨
- ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༤༩
- སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༩