རང་དབང་གི་འཚོ་བ།

སློབ་དཔོན་ཨོ་རྒྱན་བསྟན་འཛིན།

རང་དབང་ལ་དགའ་ཞིང་། རང་དབང་ལ་དུང་བའི་མི་རྣམས་ཁ་རང་དབང་ལ་གོམས་ཤིང་། རྒྱུན་དུ་རང་དབང་ཁོ་ན་ཡང་ཡང་གླེང་། རེད་དེ། རང་དབང་ཇི་བཞིན་དུ་བེད་སྤྱོད་མི་ཤེས་པར་ཁ་བཤད་རྐྱང་པ་ཙམ་དུ་ལྷག་ནས་རང་གིས་རང་ཉིད་ཕམ་དུ་བཅུག དེ་ཡང་སྐྱ་སེར་གཉིས་ཀའི་སྤྱི་ཚོགས་སུ་ཡོད་ངེས་ལ། དེ་ལས་ཀྱང་རང་ཉིད་རྒྱུས་མངའ་ཆེ་བའི་སེར་མོ་བའི་ནང་ལ་མཚོན་ནའང་མང་དུ་མཐོང་སྟེ། ཐམས་ཅད་ཀྱི་ཇུས་ལ་གཏོགས་ཤིང་རྒྱལ་ཁམས་ལྕེ་ཐོག་ཏུ་ལེན་པའི་སེར་མོ་བ་ཁ་ཅིག་གིས་རང་དབང་དང་རང་དབང་ཟེར་ཞིང་རྒྱུན་དུ་རང་དབང་བཤད་རྒྱུར་དགའ། ཡིན་ན་ཡང་རིན་ཐང་གཞལ་དུ་མེད་པའི་རང་ཉིད་ཀྱི་མི་ཚེ་ནི་གཞན་དབང་འོག་ཏུ་ཨུ་ཚུགས་ཀྱིས་སྐྱེལ་བར་བྱེད། དེ་ཡང་ཆུང་ནས་རང་གི་བསམ་ངོ་མ་ཟིན་པས་བཟང་ངན་གྱི་གདམ་ཀ་མ་ཤེས་པར་ཕ་མ་སོགས་ཀྱིས་དགོན་པ་ཞིག་གི་གྲལ་མཐའ་ལ་དབང་མེད་དུ་བསྐྱལ་བ་ཡིན་སྲིད་མོད། ད་ནི་ཕོ་ལོ་ཉི་ཤུའི་ལ་མོ་བརྒལ་ཏེ་སུ་ལ་ཡང་བློ་དྲི་གྲོས་བསྟུན་མི་དགོས་པར་རང་ཐག་རང་གིས་གཅོད་པའི་ས་ཚོད་ལ་སྔ་ནས་སླེབས་ཚར་སོང་། དེ་ཡིན་དུས་རང་གི་མདུན་ལམ་གྱི་སྣེ་མོ་གང་ལ་ཡང་ཁག་འགེལ་ས་མེད་པར་རང་ཉིད་ཀྱིས་བདམས་པའི་དུས་ལ་བབ་ཡོད། དེས་ན་རང་ཉིད་ཆོས་པ་ཞིག་བྱེད་དམ། ཡང་ན་འཇིག་རྟེན་པ་ཞིག་བྱེད་འདོད་རང་ལག་ལ་ཡོད། བྱེ་བྲག་ཏུ་འདུ་འཛི་རིང་དུ་སྤངས་ཤིང་ཚེ་དང་སྒྲུབ་པ་མཉམ་པའི་རི་ཁྲོད་པ། ལུང་རིགས་ཉམས་མྱོང་དང་སྦྲགས་ཤིང་འཆད་པའི་ལྕེ་རྩེ་མྱུར་བའི་སློབ་སྟོན་པ། མི་ཚེ་སྨྱུ་གུ་དང་འགྲོགས་ཤིང་ཤེས་བྱ་ཤོག་ཐོག་ཏུ་འབེབས་པའི་རྩོམ་པ་པོ། ཀུན་ཀྱི་ལད་མོ་ལ་མཁས་ཤིང་ལུས་ངག་གི་སྒྱུ་རྩལ་ངོམ་པའི་འཁྲབ་སྟོན་པ། རང་རྒྱུ་མི་ལག་ལ་སྤྲད་ཅིང་མི་རྒྱུ་རང་ལག་ཏུ་ལེན་པའི་ཚོང་པ། མི་ཚེ་རྩྭ་ཐང་ལ་སྐྱེལ་ཞིང་རྟ་ནོར་ལུག་གསུམ་དང་འབྲལ་ཐབས་མེད་པའི་འབྲོག་པ། ཚེ་ཕྱེད་ཞིང་ཁ་རུ་ཟད་ཅིང་ལོངས་སྤྱོད་འབྲུ་རིགས་ལ་འཛིན་པའི་ཞིང་པ། རྒྱུས་མེད་ས་མཐའ་རུ་འགྲིམས་ཤིང་རྒྱལ་ཁམས་ལྟད་མོ་ལྟ་བའི་ལྡོམ་བུ་བ་སོགས་ག་རེ་བྱེད་སྙིང་འདོད་ན་རང་ལག་ཏུ་ཡོད་པ་མ་ཡིན་ནམ། གལ་ཏེ་རང་ཉིད་སེར་མོ་བའི་སྤྱི་ཚོགས་སུ་སྡོད་སྙིང་མི་འདོད་པ་ཞིག་ཡིན་ན་རང་གི་བསླབ་པ་ཕུལ་ཏེ། རང་ཉིད་གང་དུ་མོས་པའི་ཚོགས་པར་འགྲིམས་ཤིང་གང་ལ་མོས་པའི་ལས་ཀ་ལ་འཇུག་ན་ཤིན་ཏུ་ལེགས། མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་མི་ཚེ་སྐྱེལ་དགོས་ན་དོན་མེད་པའི་དཀའ་ངལ་འབའ་ཞིག་རེད། དེང་སང་ས་ཕྱོགས་གང་སར་སེར་མོ་བའི་སྤྱི་ཚོགས་རྣམས་སུ་གང་ཟག་ཁ་ཅིག་གིས་སེར་མོ་བའི་སྡེ་ཁག་སྤྱི་དང་། བྱེ་བྲག་རང་ཉིད་གང་ལ་ཡོད་པའི་དགོན་སྡེ་དང་ཚོགས་པ་དེ་དག་ལ་མི་འདོད་པའི་རྣམ་འགྱུར་གྱི་སྐད་ཆ་མང་པོ་བཤད་ཅིང་། ནང་བསྟན་གྱི་ཆུ་མགོ་སྟོན་པ་བཅོམ་ལྡན་འདས་མན་ཆད་ནས་ད་ལྟ་སོ་སོའི་བླ་མའི་བར་གྱི་སྐྱབས་གནས་དེ་དག་གིས་གང་གསུངས་ཕལ་ཆེར་མགོ་སྐོར་དང་། གང་མཛད་ཕལ་ཆེར་གཡོ་སྒྱུ། དེ་དག་ལ་དད་པ་བྱེད་མཁན་རྣམས་ཀྱང་རྨོངས་དད་དུ་རྩི་ཞིང་། ཐ་ན་རང་གི་འཚོ་བ་ལའང་རང་ཉིད་ཞེན་པ་ལོག་པའི་རྣམ་འགྱུར་མངོན་བཞིན་པ་ནི་ཤེས་བཞིན་དུ་གཡང་ལ་མཆོང་བ་དང་གཅིག་ཏུ་མཚུངས། ཡང་འགའ་ཞིག་གིས་འཇོན་ཐང་མཐོ་གང་མེད་པ་ལ་རེ་བ་འདོམ་པ་བཅོ་བརྒྱད་བྱས་ནས་རྒྱུ་དཔལ་འབྱོར། ཐོབ་གོ་ས། གཏམ་སྐད་གྲགས་སོགས་ཐམས་ཅད་མི་དགོས་པ་གང་ཡང་མེད་པར་ཉིན་མཚན་བར་མེད་དུ་དེའི་ཆེད་དུ་འབད་དེ་བརྒྱུགས་ཀྱང་ཚེ་སྔོན་གྱི་བསགས་པ་དང་། ད་ལྟའི་འཇོན་ཐང་ཞིག་མེད་ན་བསམ་པ་ཐམས་ཅད་ལག་ཏུ་ག་ལ་འོང་། དེ་མ་བྱུང་བས་དོན་མེད་སེམས་ཁྲལ་གྱིས་མནར་ཏེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ཞིང་སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་ཟད་པའི་འདི་ཕྱི་གཉིས་མེད་གྱུར་པ་ཡང་ཤིན་ཏུ་མང་། དེས་ན་རང་ཉིད་གྲྭ་པ་བྱེད་དང་མི་བྱེད་རང་དབང་རེད། བྱེད་འདོད་ཡོད་ན་གྲྭ་པའི་མི་ཚེའི་རིན་ཐང་ངོ་ཤེས་པའི་ཐོག་སྤྲོ་སྣང་ལྡན་པའི་གྲྭ་པ་ཞིག་བྱས་ན་ཅི་འདྲའི་སྐྱིད་པོ་ཞིག་རེད། དེ་ལས་གཞན་དུ་མི་མོས་བཞིན་དུ་གྲྭ་ས་འགྲིམས། མི་འདོད་བཞིན་དུ་གྲྭ་གོས་གྱོན། མི་དགའ་བཞིན་དུ་གྲྭ་པའི་འཚོ་བ་ལ་ལོངས་སུ་སྤྱོད་དགོས་ན་རང་སྡུག་རང་གིས་ཉོ་བ་མ་ཡིན་ནམ། ཁྱེད་ཀྱིས་ལེགས་པར་སོམས་དང་། གྲྭ་པ་གྲྭ་རྐྱང་གི་མི་ཚེ་འདི་ཅི་འདྲའི་སྟབས་བདེ་ཞིག་རེད། བུ་དང་ཆུང་མའི་འཆིང་ཐག་མེད་པས་ས་གར་འགྲོ་རང་དབང་། ལས་ཅི་བྱེད་རང་དབང་། ལུས་འདོམ་གང་རང་ལ་དབང་བའི་ཐོག་ནས་རང་དང་འཚམས་པའི་སྤྱི་ཚོགས་དང་། དགོན་སྡེ་གང་འདྲ་ཞིག་ཏུ་འགྲོ་འདོད་ན་འགྲོ་ཆོག་ཆོག་ཡིན། དེར་སོང་ནས་ཀྱང་རང་ནུས་ཀྱི་ལས་ཀ་རེ་བྱེད། ཅི་ཙམ་འདུག་འདོད་པ་དེ་ཙམ་དུ་བསྡད། དེར་འདུག་པའི་རིང་ལ་གཞན་ལ་ཕན་མ་ཐོགས་ནའང་གནོད་མི་སྐྱེལ་བར་སྟོན་པའི་གསུང་གི་སྙིང་པོ་འཚེ་བ་མེད་པའི་ལྟ་སྤྱོད་སྙིང་གི་ཐིག་ལེ་རུ་བཟུང་། གལ་ཏེ་སྤྱི་ཚོགས་དེ་རང་ཉིད་ཀྱི་སེམས་ཁམས་དང་དེ་ཙམ་འཚམས་པོ་མེད་ན་དགོངས་པ་ཞུས་ཏེ། འཇམ་ཐིང་ངེ་ས་ཆ་གཞན་ཞིག་ཏུ་བུད་འགྲོ་ན་མི་བདེ་བ་ཅི་ཡང་མེད། གནས་གང་དུ་སོང་ནའང་སྟབས་བདེའི་འཚོ་བ་ཙམ་ཞིག་མི་བརྟེན་ཐབས་མེད་ཀྱང་། ཡོད་ཚད་བདག་ཏུ་འཛིན་པའི་བསམ་པ་དོར་ཅིང་འདོད་ཆུང་ཆོག་ཤེས་ཀྱི་ངང་ནས་ཡུན་ཐུང་བའི་མི་ཚེ་འདིས་རང་དབང་དང་ལྡན་པའི་འཚོ་བ་ཞིག་ལོངས་སུ་སྤྱད་དེ། ཐོབ་གོ་གནས་དང་མིང་སྙན་གྲགས་སོགས་གང་ཡང་མེད་ཀྱང་ནང་བསྟན་དང་འཕྲད་པའི་དོན་པོ་རང་བློ་ལ་དཔག་པའི་ཐོས་བསམ་སློབ་སྦྱོང་རེ་བྱས། མཐར་རང་གིས་ཉམས་ལེན་ཅི་ནུས་དང་། གཞན་ལ་ཕན་ཅི་ཐོགས་བྱས་ཏེ། རང་དང་གཞན། སྣོད་དང་བཅུད་གང་ལ་ཡང་བརྡབ་གསིག་མེད་ཅིང་། ནམ་ཞིག་འཆི་ཁར་འགྱོད་པ་མེད་པར་བློ་བདེ་བག་ཕེབས་ངང་འཇིག་རྟེན་ཕ་རོལ་ཏུ་ཁུ་སིམ་མེར་ཆས་འགྲོ་ན་མི་ཚེའི་སྙིང་པོ་ཡང་དེ་ཡིན་ལ། རང་དབང་ཞེས་པ་ཀུན་ཀྱི་སྨོན་གནས་སུ་གྱུར་པའང་དེ་འདྲ་ཞིག་ལ་ངོས་འཛིན་དགོས་པ་མ་ཡིན་ནམ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།