༢༨༽ མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

སྦྲང་རྩིའི་མིང་།

མངར་ལྡན་སྤྲ་ཚིལ་སྦྲང་རྩི་སྟེ།།
༡༽ མངར་ལྡན། རོ་རྣམ་པ་དྲུག་ལས་མངར་མོ་ཅན་ཡིན་པས་སོ།།
༢༽ སྤྲ་ཚིལ། གསོ་རིག་གཞུང་ལས་སྤྲ་ཚིལ་ནི་སྦྲང་རྩིའི་སྙིགས་རོ་ལ་བྱེད་པར་ཡང་སྣང་།
༣༽ སྦྲང་རྩི། སྦྲང་མས་རྩི་ཐོག་གི་སྙིང་པོ་བསགས་ནས་བྱུང་བས་སོ།།

ཡོན་གྱི་མིང་།

གླ་རྔན་བྱ་དགའ་ཡོན་གྱི་མིང་།
༡༽ གླ་ཆ། ལས་མི་རྣམས་ཀྱིས་དུས་བགོས་ཀྱིས་ལས་ཀ་བྱས་ནས་ཐོབ་འོས་ཀྱི་རིན་ཚད་དོ།།
༢༽ རྔན་པ། དོན་བྱ་འགྲུབ་པའི་ཆེད་དུའམ། དམིགས་བསལ་འབྲེལ་བ་ཅན་རྣམས་ཕན་ཚུན་རྒྱུ་ནོར་སོགས་ལག་རྟགས་སྟེར་བ་ལ་བྱའོ།།
༣༽ བྱ་དགའ། སློབ་སྦྱོང་སོགས་བྱ་བའི་རིགས་ལ་དམིགས་བསལ་གྲུབ་འབྲས་བཟང་པོ་ཐོན་ནས་ཆེ་མཐོང་གིས་གཟེངས་རྟགས་སྤྲོད་པ་ལ་ཟེར། ཡོན་ནི་གླ་ཆའི་ཞེ་ཚིག་ཏུ་འཇུག་པར་སྣང་ངོ་།།

སྦལ་པའི་མིང་།

ལྕེ་མེད་ཕར་འགྲོ་སྦལ་པ་སྟེ།།
༡༽ ལྕེ་མེད། སྦལ་པར་ལྕེ་མེད་ཀྱང་ཟས་རིགས་རྣམས་དབུགས་ཀྱིས་ལེན་པར་བྱེད་ཅེས་ཟེར་རོ།།
༢༽ ཕར་འགྲོ། རྐང་པ་རྣམས་རེ་མོས་ཀྱིས་གོམ་པ་སྤོ་བ་མིན་པར་འཕར་མཆོང་བྱས་ནས་འགྲོ་བས་སོ།།

འགྲོན་བུའི་མིང་།

ཆོ་ལོའི་ས་བོན་འགྲོན་བུའི་མིང་།།
༡༽ ཆོ་ལོ་ནི་ཤོ་ལ་བྱ་ཞིང་། ཤོ་རྒྱན་འགྱེད་སྐབས་མགྲོན་བུས་ཤོ་རྡེའུ་བྱེད་སྲོལ་ཡོད་པས་ཆོ་ལོའི་ས་བོན་ཞེས་སོ།།

སྲམ་གྱི་མིང་།

ཉ་འཛིན་ཆུའི་སྤྲེའུ་སྐད་ཅིག་དབུགས། །འུག་པ་མཆོད་བྱེད་སྲམ་གྱི་མིང༌།།
༡༽ ཉ་འཛིན། ཉ་བཟུང་ནས་ཁ་ཟས་བྱེད་པས་སོ།།
༢༽ ཆུའི་སྤྲེའུ། སྤྲེའུ་ཤིང་ལ་འཛེག་པ་ལ་ཡང་ཟོར་ལྡན་པ་བཞིན་སྲམ་རིགས་རྣམས་ཆུ་ལ་འཛུལ་བ་དང་རྐྱལ་བ་ལ་ཐོགས་པ་མི་མངའ་བའོ།།
༣༽ སྐད་ཅིག་དབུགས། ཆུ་ལ་དབུགས་ཐེངས་གཅིག་གིས་བརྒལ་ནས་བགྲོད་པར་བྱེད་པས་སོ།།
༤༽ འུག་པ་མཆོད་བྱེད། སྔོན་གྱི་གཏམ་རྒྱུད་ལ་ཉིན་མོ་འུག་པ་མིག་ལོང་ནས་ཟས་འཚོལ་མི་ཐུབ་པའི་དུས་སུ་སྲམ་གྱིས་ཉ་སོགས་བཟུང་ནས་འབུལ་བར་བྱེད་ཅེས་ཟེར་རོ།།

གཟིངས་ཀྱི་མིང་།

ཆུ་གཏེར་ལམ་ནི་གཟིངས་ལ་སྟེ།།
༡༽ ཆུ་གཏེར་ལམ། མི་དང་དངོས་ཟོག་རྣམས་རྒྱ་མཚོའི་ཕར་ཚུར་སྐྱེལ་བར་བྱེད་པའི་ལམ་ལྟ་བུ་ཡིན་པས་སོ།།

བཀའ་ལུང་གི་མིང་།

གདམས་པ་རྗེས་གནང་བཀའ་ལུང་སྟེ།།
༡༽ གདམས་པ། གོང་མས་འོག་མར་བཀོད་འདོམས་བྱེད་པའི་ངག་ཡིན་པས་སོ།།
༢༽ རྗེས་གནང་། བྱེད་ཆོག་པའི་གནང་བ་ཐོབ་པ་ལ་ཟེར་རོ།།

ཉེས་པའི་མིང་།

ནོངས་པ་སྐྱོན་ཅན་ཉེས་པའི་མིང་།།
༡༽ ནོངས་པ། ནོར་འཁྲུལ་ཤོར་བ་ལ་བྱ་སྟེ། ཕྱིས་གནོང་འགྱོད་སྐྱེ་བའི་རྒྱུ་ཡིན་པས་སོ།།
༢༽ སྐྱོན་ཅན། ཡང་དག་པ་ལས་ལྡོག་སྟེ་སྐྱོན་དང་བཅས་པ་ཡིན་པས་སོ།།

རྒྱལ་ཁྲིམས་ཀྱི་མིང་།

ལུགས་དང་ཡུལ་ཆོས་རྒྱལ་ཁྲིམས་ཏེ།།
༡༽ ལུགས། མི་རིགས་སོ་སོའི་དད་མོས་དང་། ཁྲིམས་ལུགས་སོགས་འཚོ་གནས་བྱེད་ལུགས་ཀྱི་རྣམ་པ་འདྲ་མིན་ལ་ཟེར།
༢༽ ཡུལ་ཆོས། ཡུལ་ལུང་སོ་སོའི་འཚོ་བ་གཉེར་སྟངས་ཀྱི་ཐུན་མིན་ཁྱད་ཆོས་ལ་གོ

འབུལ་བའི་མིང༌།

རྣམ་གཞག་ཕྱག་རྟེན་འབུལ་བའི་མིང༌།།
༡༽ རྣམ་གཞག བླ་མ་དང་དཔོན་པོ་སོགས་ལ་དབུལ་རྒྱུའི་དངོས་རྫས་ཀྱི་རིགས་ལ་བྱ།
༢༽ ཕྱག་རྟེན། ཞེ་ཚིག་སྟེ། ལག་པ་སྟོང་པ་མེད་པའི་རྟེན་ཙམ་དངོས་རྫས་ཆུང་ངུ་ཞིག་ཕུལ་ཟེར་སྲོལ་ལྟར་རོ།།

ཁྲལ་རིགས་ཀྱི་མིང་།

གཡར་ཁྲལ་ཤོ་གམ་སྡུད་པ་དཔྱ། །ཁྲལ་རིགས་མིང་ཡིན་་་།
༡༽ གཡར་ཁྲལ། གཞན་གྱི་ངོ་ཟློག་མ་ཐུབ་ནས་བྱེད་དགོས་ཐུག་པའི་ངོ་ཁྲལ་ལ་བྱ་སྟེ། ཁྲལ་གསོད་ཙམ་ཞེས་པ་ལྟ་བུའོ།།
༢༽ ཤོ་གམ། ས་མཚམས་དང་ལུང་པ་ཕར་ཚུར་བགྲོད་དུས་ཀྱི་ལམ་ཁྲལ་དང་ཚོང་ཁྲལ་ལ་ཟེར་ཞིང་། ལེགས་སྦྱར་སྐད་དུ་ཤུ་ལྐ་ཟེར་བ་ལས་ཟུར་ཆག་པར་བཤད།
༣༽ སྡུད་པ། གཞན་ལས་ཁྲལ་སོགས་སྡུད་པར་བྱེད་པས་སོ།།
༤༽ དཔྱ། སྔོན་ས་བདག་རིང་ལུགས་སྐབས་རང་རང་གི་ས་ཞིང་ཆེ་ཆུང་ལ་དཔགས་ནས་འོས་བབ་ཀྱི་ཆ་ཤས་ཤིག་གོང་རིམ་ལ་འབུལ་བ་དེར་དཔྱ་ཁྲལ་ཞེས་ཟེར་རོ།།

སྡུག་བསྔལ་གྱི་མིང༌།

བརྣག་དཀའ་ཟུག་རྔུ་བྲོ་འཚལ་བ། །མནར་བ་གདུང་བ་སྡུག་བསྔལ་མིང༌།།
༡༽ བརྣག་དཀའ། བཟོད་པར་དཀའ་བ་སྨྲོས་ཅི་དགོས་ཏེ། དེའི་དོན་ལ་སེམས་པར་ཡང་ཤིན་ཏུ་དཀའ་བས་སོ།།
༢༽ ཟུག་རྔུ། སེམས་ལ་ན་ཟུག་སྟེར་བར་བྱེད་པས་སོ།།
༣༽ བྲོ་འཚལ་བ། བྲོ་ནི་ན་ཚ་ལ་བྱ་སྟེ། སེམས་ལ་ན་ཚ་བྱུང་བའི་དོན་ཏོ།།
༤༽ མནར་བ། སྤྱིར་མནར་བ་ནི་བྱ་ཚིག་ཡིན་མོད། སྐབས་འདིར་ལུས་སེམས་གཉིས་དུབ་པའི་བྱེད་ལས་དང་ལྡན་པས་ན་དེ་ལྟར་དུ་མིང་བཏགས་སོ།།
༥༽ གདུང་བ། སྡུག་བསྔལ་གྱིས་ལུས་སེམས་རབ་ཏུ་མནར་བའི་དོན་ཏོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།