ལོ་རིམ་བརྒྱད་པའི་སློབ་གཉེར་བ། ངག་དབང་ལྷུན་གྲུབ།
སྐབས་ཤིག་ན་ཚོར་བ་དང་འདུ་ཤེས་ཐམས་ཅད་མཚོ་ཁའི་གླིང་དུ་གུང་སེང་གཏོང་བར་ཕྱིན། སོ་སོའི་རང་གཤིས་ལྟར་ཚང་མས་གུང་སེང་སྐྱིད་པོའི་ངང་གཏོང་བཞིན་པ་ན། མི་རིང་བར་རླུང་འཚུབ་ཉེན་ཚབས་ཅན་ཞིག་སླེབ་རྒྱུའི་བརྡ་བསྐུལ་བྱུང་ཞིང་། དེར་འཛོམས་ཚང་མ་མྱུར་དུ་ས་གནས་གཞན་དུ་སྤོ་དགོས་ཚུལ་གྱི་ཉེན་བརྡ་གློ་བུར་དུ་བསྒྲགས། གནས་ཚུལ་དེས་ཚང་མར་འཇིགས་སྣང་དམིགས་བསལ་བ་ཞིག་བྱིན། དེར་འདུས་ཚང་མ་སོ་སོའི་ཤིང་གྲུའི་ནང་ཧོལ་རྒྱུག་བྱས། ཆག་སྐྱོན་ཤོར་བའི་གྲུ་དག་ཀྱང་མགྱོགས་པོར་བཟོ་བཅོས་བརྒྱབ་ཅིང་བེད་སྤྱོད་གཏོང་ཐུབ་པར་བྱས། འཆར་གཞི་སྔོན་སོང་ལྟར་གནས་དེར་ལས་རིམ་མང་པོ་ལུས་པས་བརྩེ་བས་མགྱོགས་པོ་འབྲོས་གྲབས་མ་བྱས་སོ།།
ཡིན་ནའང་ནམ་མཁའི་སྤྲིན་པ་ཇེ་ནག་ཏུ་འགྱུར་བཞིན་འདུག་པས་བརྩེ་བས་ཀྱང་གནས་དེ་ནས་སྤོ་དགོས་པར་བསམས་ཀྱང་། དེར་གྲུ་གཅིག་ཀྱང་མ་ལྷག་པས་བརྩེ་བ་ཡིད་སྐྱོ་བཞིན་དུ་རེ་བ་དང་བཅས་ཏེ་ཕར་བལྟ་ཚུར་བལྟ་བྱས་པས། རྒྱུ་ནོར་ཤིང་གྲུ་སྐྱིད་པོ་ཞིག་གི་ནང་འགྲོ་བཞིན་པ་མཐོང་སྟེ། བརྩེ་བས་སྨྲས་པ། “ཀ་ཡེ་རྒྱུ་ནོར་ལགས། ཁྱེད་ཀྱི་ཤིང་གྲུ་ནང་ང་ཡང་འགྲོ་ན་འགྲིག་གམ།” “འགྲིག་གི་མ་རེད། གང་ཡིན་ཟེར་ན་ང་ཡི་གྲུ་འདིའི་ནང་ཆེས་རིན་ཐང་ཆེ་བའི་དངོས་རྫས་ཏེ། དཔེར་ན་གསེར་དང་དངུལ་ལ་སོགས་པ་ཡོད། ཁྱེད་ཀྱི་ཆེད་དུ་ས་སྟོང་མེད།” ཅེས་སྨྲས།
དུས་ཡུན་ཅུང་ཙམ་གྱི་རྗེས་ལ་ཁེངས་སེམས་སམ་རློམ་སེམས་དེ་ཤིན་ཏུ་སྤུས་ཀ་ལེགས་པའི་ཤིང་གྲུའི་ནང་འགྲོ་བཞིན་པ་དེར་བརྩེ་བས་ལབ་པ། “རློམ་སེམས་ལགས། ཁྱེད་ཀྱིས་ང་ལ་རོགས་པ་གནང་ཐུབ་བམ། ང་ཐབས་ཤེས་ཀྱིས་ཕོངས་པས་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་གཅིག་པུར་ལུས། ང་ཡང་ཁྱེད་རང་མཉམ་དུ་འཁྱེར་རོགས།”དེ་ལ་རློམ་སེམས་ཀྱིས་ཁེངས་དྲེགས་དང་བཅས་ལན་འདི་ལྟར་བཏབ། “དགོངས་དག ངས་ཁྱེད་རང་ང་མཉམ་དུ་འཁྱེར་ཐུབ་ས་མ་རེད། ཁྱེད་ཀྱི་འདམ་རྫབ་ཅན་གྱི་རྐང་པས་ངའི་གྲུ་དྲི་མས་སྦག་ཉེན་འདུག”
དེའི་ཉེ་འགྲམ་ནས་སྡུག་སེམས་འགྲོ་ཆས་བྱེད་བཞིན་པ་མཐོང་བས་བརྩེ་བས་སླར་ཡང་སྐྱོབ་རོགས་ཀྱི་ཆོ་ངེ་སྔར་ལྟར་བཏོན་ཀྱང་ཕན་མ་ཐོགས། དེ་ལ་སྡུག་སེམས་ཀྱིས་སྨྲས་པ། “ཁྱེད་རང་ངས་མཉམ་དུ་ཁྲིད་མི་ཐུབ། ང་ད་ལྟ་སེམས་སྡུག་བཞིན་པའི་སྒང་ཡིན། ང་གཅིག་པུར་བསྡད་རྒྱུ་ཡིན།”དུས་ཡུན་ཅུང་ཙམ་གྱི་རྗེས་དགའ་སེམས་མཐོང་བས་ན་དེ་ལའང་བརྩེ་བས་སྐྱབས་འཇུག་ཞུས་ཀྱང་དགའ་སེམས་ནི་སེམས་ཧ་ཅང་དགའ་དྲགས་པས་ཕར་ཚུར་སུ་ལའང་མི་ལྟ་ཞིང་རང་གི་མདུན་ཕྱོགས་སུ་བསྐྱོད།
བརྩེ་བ་ཤིན་ཏུ་ནས་ཡིད་སྐྱོ་ཞིང་དཔའ་ཞུམ། དེ་ལས་མི་རིང་བར་བརྩེ་བའི་མིང་ནས་འབོད་བཞིན་པའི་སྒྲ་གྲག “ཝེ་བརྩེ་བ། ཚུར་ཤོག་དང་། ངས་ཁྱོད་རང་ང་དང་མཉམ་དུ་འཁྲིད་ཆོག” འདི་འདྲའི་བདག་ཉིད་ཆེན་པོ་སུ་ཡིན་པ་བརྩེ་བས་མ་ཤེས་མོད། ཡིན་ནའང་ཤིང་གྲུའི་ནང་མགྱོགས་པོར་མཆོངས་ཤིང་སེམས་པ་ཆེས་ཡང་དུ་ཕྱིན། གྲུའི་ནང་ཡར་འཛུལ་དུས་བརྩེ་བ་ཤེས་ཡོན་དང་ཕྲད། བརྩེ་བས་ཧོན་ཐོར་ཏེ་དྲིས་པ། “ཀྱེ་ཤེས་ཡོན་ལགས། ང་མགོན་སྐྱབས་མེད་པར་གཅིག་པུར་ལུས་སྐབས། ཕན་སེམས་ཅན་གྱི་དཔའ་བོ་དེ་སུ་ཡིན་ནམ། ཁྱེད་ཀྱིས་མཁྱེན་ཏམ།”
དེ་ལ་ཤེས་ཡོན་གྱིས་འཛུམ་དང་བཅས་ཏེ་སྨྲས་པ། “འདི་ནི་དུས་ཚོད་རེད།”བརྩེ་བས་ངོ་མཚར་དང་བཅས་ཏེ་དྲིས་པ། “ཡིན་ནའང་དུས་ཚོད་ཁོང་གིས་སོ་སོའི་དུས་ཚོད་བཀག་སྟེ་ཅིའི་ཕྱིར་ང་ལ་བསྐྱབ་པར་འབད་པ་ཡིན་ནམ།”ཤེས་ཡོན་གྱིས་འཛུམ་མདངས་གཏིང་ཟབ་དང་བཅས་ལན་འདི་ལྟར་བཏབ་པ། “འདི་ནི་ཅིའི་ཕྱིར་ཞེ་ན། བརྩེ་བ་ཁྱེད་ཀྱི་རིན་ཐང་དང་ཡོན་ཏན་ནི་དུས་ཚོད་ཁོ་ནས་ཤེས་ནུས་ལ། གོ་ལ་འདིའི་སྟེང་མི་ཐམས་ཅད་ལ་ཞི་བ་དང་བདེ་བ་ཐམས་ཅད་བརྩེ་བ་ཁོ་ནས་བསྐྲུན་ནུས་པའང་དུས་ཚོད་ཀྱིས་ཤེས་པས་སོ།།”
དེ་ལ་གོ་རྒྱུ་གལ་ཆེན་ཞིག་ནི། ང་ཚོ་རྒྱུ་ནོར་དང་ལྡན་སྐབས་བརྩེ་བར་སྣང་མེད་གཏོང་གིན་ཡོད། རིན་ཐང་ཆེ་བར་གྱུར་དུས་བརྩེ་བ་བརྗེད། དགའ་དུས་དང་སྡུག་དུས་ཀྱང་བརྩེ་བར་སྣང་མེད་གཏོང། ཡིན་ནའང་དུས་ཚོད་དང་འབྲེལ་སྐབས་ཁོ་ནར་ང་ཚོས་བརྩེ་བའི་རིན་ཐང་དེ་ཤེས་ཀྱིན་ཡོད་པ་རེད། དེས་ན་དུས་ཡུན་མ་འགོར་བར་བརྩེ་བ་རང་གི་མི་ཚེའི་ཆ་ཤས་ཤིག་བཟོ་རྒྱུར་འབད་དགོས།
བསྒྱུར་གཞི། སེམས་འགུལ་ཐེབས་པའི་སྒྲུང་རྩོམ་ཕྱོགས་སྒྲིག