མིག་ཆུ་དང་སྡུག་བསྔལ་གྱི་ལོ་ཟླ།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཆི་མེད་དབང་གྲུབ།

གཅིག

སྐུ་ཁམས་བཟང་། དེ་རིང་བཀྲ་ཤིས་ཀྱི་སྐྱེས་སྐར་རེད། ཞོགས་པ་ཆུ་ཚོད་དྲུག་པ་མ་ཟིན་གོང་ནས་གྱང་གི་སེར་ཀའི་ནང་དུ་གནས་པའི་བྱེའུ་རྣམས་དྲིའི་ཤིང་རྟ་དང་ལྷན་དུ་འགྲོགས་ཏེ་ཁ་དོག་སེར་ལྗང་གི་ལོ་འདབ་དང་ལྡན་པའི་ལྗོན་ཤིང་གི་རྩེ་ནས་སྐད་སྙན་སྣ་ཚོགས་སྒྲོག ཤར་རིའི་རྩེ་ནས་འོད་ཟེར་གོས་སུ་གྱོན་པའི་རྟ་བདུན་དབང་པོའི་འོད་མདངས་ཀྱི་ཕོ་ཉ་དེ་ཡང་བར་སྣང་གི་རྟ་ལ་བཞོོན་ཏེ་དལ་གྱིས་སྐྱེད་ཚལ་གླིང་དུ་འབྱོར།

ཁང་པའི་སྒོ་ནས་ཐད་ཀར་མཐོང་རྒྱུ་ཡོད་པའི་ཁ་བ་དཀར་པོའི་བཀྲག་མདངས་དེ་ཉི་མའི་འོད་ཟེར་དང་ཁྱད་པར་ཅི་ཡོད། ཡུལ་མི་ཁྱིམ་མཚེས་ཚོ་ལ་ཡང་ནམ་རྒྱུན་དང་མི་འདྲ་བའི་དགའ་སྤྲོ་ཞིག་བརྟས་ཡོད་པ་ནི་ལོ་གསར་ཡིན་པ་ལས་རྒྱུ་མཚན་གཞན་མེད། འོན་ཀྱང་བཀྲ་ཤིས་ནི་དེ་རིང་ཡང་སད་དཀའ་བའི་གཉིད་མཐུག་པོའི་དབང་དུ་གྱུར་ནས་དྲན་ཚོར་གང་ཡང་མེད་པར་ལྷག མ་གཞི་བཀྲ་ཤིས་གཉིད་མཐུག་པོའི་ལམ་ནས་ཕྱིར་ལོག་ན་ཡང་དོན་དང་ལྡན་པའི་བྱ་བ་ཞིག་བསྒྲུབ་མི་ཐུབ་པ་ནི་གཏན་གཏན་རེད། བཀྲ་ཤིས་ཀྱི་ཨ་མའི་ངོ་གདོང་སྐྱོ་ལྷང་ངེ་བ་དེ་རྒྱུན་དུ་འགྱུར་ལྡོག་གང་ཡང་མེད་པར་གནས་པ་དེས་ཁོང་གི་སེམས་ནང་དུ་བསྲན་མི་ཚུགས་པའི་སྡུག་བསྔལ་གྱི་རྦ་རླབས་ལང་ལོང་དུ་འཕྱུར་གྱིན་ཡོད་པ་དཔོག་ཐུབ།

འདས་ཟིན་པའི་ལོ་ཟླ་དེ་དག་ལ་ཕྱིར་མིག་བལྟས་ན། མིག་ཆུ་དང་སྡུག་བསྔལ་སྐྱུར་མོས་རྫོགས་པའི་འཇིག་རྟེན་དེ་གསལ་ལྷང་ངེར་མཐོང་ཐུབ། སྤྱིར་འཇིག་རྟེན་ནི་སྡུག་བསྔལ་གྱི་ཁྲོད་ནས་གོམ་སྟབས་སྤོ་དགོས་པའི་འཇུག་ངོགས་ཤིག་ཡིན་པས་དགའ་བ་དང་བདེ་བའི་ངང་ནས་འཇིག་རྟེན་མཐར་ཕྱིན་རྒྱུ་ཡོང་ངེས་པ་ནི་གང་ཡང་མེད། བཀྲ་ཤིས་ཀྱིས་ཨ་མར། ཨ་ཕའི་སྐོར་འདྲི་ཐེངས་རེར། ཨ་མའི་སེམས་ནས་བརྗེད་ལ་ཁད་པའི་སྐྱོ་ལྷང་ལྷང་གི་འཇིག་རྟེན་དེ་སླར་ཡང་འགུལ་གྱིན་ཡོད་པའི་རྣམ་འགྱུར་ཞིག་ངོ་གདོང་ནས་མངོན་འོང་།

གཉིས།

ཉིན་ཞིག་བཀྲ་ཤིས་ཀྱིས། མཆི་མས་བརླན་པའི་མིག་ཟུང་སར་ཕབ་སྟེ། “ཨ་མ་ལགས། ཨ་མ་ལགས། ངའི་ཨ་ཕའི་མིང་ག་རེ་རེད། ད་ལྟ་ག་པར་ཡོད་རེད། ཁོང་ང་ཚོ་དང་མཉམ་དུ་མ་བསྡད་ནས་ག་པར་སོང་ཡིན་ནམ་” ཡང་། “ཨ་མ་ལགས། ངའི་ཨ་ཕ་ག་པར་ཡོད། གྲོགས་པོ་ཚོས་ང་ལ་ཕ་མེད་པའི་བུ་ཟེར་བཞིན་འཕྱ་སྨོད་བྱེད་ཀྱི་འདུག ཨ་མ་ལགས། ཨ་མ་ལགས་” ཟེར་བཞིན་བསྟུད་མར་དྲིས།

ཨ་མའི་ངོ་གདོང་ནས་སྐྱོ་ལྷང་ལྷང་གི་རྣམ་འགྱུར་ཞིག་མངོན་བཞིན། “བཀྲ་ཤིས། བཀྲ་ཤིས་” ཞེས་སྨྲེ་སྔགས་འདོན་བཞིན་ལག་པ་གཡོན་པས་བཀྲ་ཤིས་ཀྱི་མགོ་བོ་སྐྱོར། གཡས་པས་མིག་ཟུང་གཉིས་ལས་དབང་མེད་དུ་ལྷུང་ཡོང་བའི་མིག་ཆུའི་ཐིགས་པ་དག་སར་ལྷུང་མ་བཅུག་པར་འབྱིད་ཀྱིན་འབྱིད་ཀྱིན། “བུ་མ་ངུ་མ་ངུ་། ཨ་ཕ་མེད་ན་ཡང་ཁྱོད་ལ་བརྩེ་བས་སྐྱོང་མཁན་ཨ་མ་ཡོད། ཁྱོད་ནི་ཨ་མའི་སྙིང་ཡིན་པས་ཁྱོད་མེད་ན་ཨ་མའི་མི་ཚེ་འཚོ་ཐབས་མེད་” ཅེས་ཟེར། ཡང་། སྤྲིན་གསེབ་ནས་དམར་ལམ་ལམ་གྱི་ངང་ནས་ནུབ་རིའི་ཕྱོགས་ལ་ཉེ་བའི་ཉི་མར་ལག་པས་བརྡ་སྟོན་བཞིན། “ཡ་གིའི་ཉི་མར་ལྟོས་དང་། ཕ་མ་སོགས་གཅིག་ཀྱང་མེད་པར་གཅིག་པུར་འགྲོ་བཞིན་འདུག་” ཅེས་ཤོད་ཀྱིན་ཤོད་ཀྱིན་ཨ་མའི་མིག་ཟུང་ནས་མཆི་མ་ལྷུང་འོང་།

ད་ནི་ཉི་མ་དམར་པོ་དེ་ཡང་ནུབ་རིར་ཕྱོགས་ཡོད་ཙང་ལམ་གྱི་གཡས་གཡོན་དུ་ཡོད་པའི་ལྗོན་ཤིང་དེ་དག་རླུང་གིས་གཡོ་བའི་ཤུར་སྒྲ་དང་ལྷན་དུ་བཀྲ་ཤིས་ཀྱི་རྩེད་གྲོགས་ཚོ་ཡང་རྩེད་མོ་རྩེ་བཞིན་སོ་སོའི་ཕ་མའི་རྩར་ལོག་འགྲོ། དུས་ཀྱིས་ཟིན་པའི་ཉི་མ་དམར་ལམ་མེ་བ་དེ་ནུབ་སྟངས་ལ་བལྟས་ན་འགྲོ་འདོད་མེད་བཞིན་དུ་འགྲོ་དགོས་ཐུག་སོང་ཟེར་བ་དང་འདྲ། གྲིབ་སོ་དེས་ཀྱང་དུས་ཚོད་དེ་ང་ཡི་ཐོབ་ཐང་ཡིན་ཟེར་བ་ལྟར་རིམ་བཞིན་ས་གཞི་ཡོངས་ལ་གཡོགས། ཡུལ་མི་ཁྱིམ་མཚེས་ཚོ་ཡང་གཉིད་ཀྱི་བདེ་བར་རོལ་ལ་བྲེལ། འོན་ཀྱང་མཚན་དགུང་གི་མུན་པ་གོས་སུ་གྱོན་པའི་ལྗོན་ཤིང་དེ་དག་ནི་ད་དུང་ཡང་རླུང་ཁ་ན་ཡོམ་འདར་རྒྱག་བཞིན་འདུག

ཁང་པའི་སྒེའུ་ཁུང་གྲུ་བཞི་དེ་ནས་ཐད་ཀར་མཐོང་རྒྱུ་ཡོད་པ་ནི། སྤྲིན་དང་བྲལ་བའི་མཚན་མོའི་མཁའ་ལ་མགྲོན་དུ་མཆིས་པའི་སྐར་ཚོགས་གྲངས་ལས་འདས་པའི་དཀྱིལ་ན་བརྗིད་ཉམས་ཆེ་བའི་ཟླ་བ་ཐོ་གང་མ་དེ་ཡིན། ཨ་མ་ནི་གཉིད་དུ་ཡུར་བའི་བཀྲ་ཤིས་ཀྱི་ངོ་གདོང་ཟླ་འོད་ཀྱིས་གསལ་ལ་མི་གསལ་བ་དེར་བལྟས་ནས་ལོ་བཞིའི་སྔོན་དུ་ཁོང་རང་གི་བཟའ་ཟླ་དང་ཁ་བྲལ་བའི་ཉིན་མོ་དེ་དང་། སྡུག་བསྔལ་གྱིས་རྫོགས་པའི་ལོ་ཟླ་དེ་དག་ཡང་བསྐྱར་དྲན་གསོ་བྱས་སོང་།

གསུམ་པ།

ཆར་ཞོད་དྲག་པོ་འབབ་པའི་མཚན་མོ་དེར། “ཐག་་་་ ཐག” “ཨ་མ་ལགས། ཨ་མ་ལགས། སྒོ་ཕྱེས་དང་” ཨ་མས་བྲེལ་འཚུབ་ཀྱི་ངང་ནས་སྒོ་ཕྱེ་སྟེ། “བཀྲ་ཤིས། མཚན་མོ་ཆར་ཞོད་དེ་འདྲའི་ནང་དུས་ཚོད་ལ་ཡོང་ཤེས་ཀྱི་མི་འདུག་གམ། ཨེ་ ཙུག…. ཙུག” བཀྲ་ཤིས་ཀྱིས་སྐྱོ་ཉམས་དང་བཅས་པའི་གཟུགས་པོ་ཡོམ་ཡོམ་བྱེད་བཞིན་མགོ་བོ་མདུན་དུ་གུག་ནས། “དགོངས་དག ཨ་མ་ལགས། དགོངས་དག་” ཅེས་ཚིག་གསལ་ལ་མི་གསལ་བ་ཞིག་བཤད།

ཨ་མས། “ལྟོས་དང་དེ་རིང་ཡང་ར་བཟི་འདུག” བཀྲ་ཤིས་ཀྱིས་ “ཨ་མ་ལགས། ར་མ་བཟི་ན་སྐྱིད་པོ་ཞེ་དྲག་མི་འདུག བྱས་ཙང་ཏོག་ཙམ་བཏུངས་པ་ཡིན། ཨ་མ་ལགས། ངའི་ཨ་ཕ་ག་པར་ཡོད་རེད། ཤོད་དང་ཨ་མ་ལགས། ངའི་གྲོགས་པོ་ཚོར་རྟག་པར་ཨ་ཕ་བསུ་བར་ཡོང་གིན་འདུག་པ་མ་ཟད། ཁོང་ཚོས་ཨ་ཕ་ཞེས་འབོད་པ་མཐོང་དུས་ང་སེམས་བཟོད་ཀྱི་མི་འདུག ཨ་མ་ལགས་” ངུ་བཞིན་བཤད།

ཨ་མས་དབུགས་རིང་ཞིག་བཏང་རྗེས། “བུ། རང་གི་ཨ་ཕའི་མིང་ལ་ཕུན་ཚོགས་ཟེར་གྱི་ཡོད། མ་གཞི་ཁྱོད་ཀྱིས་བཤད་པ་དེ་བདེན་པ་རེད། ཡིན་ན་ཡང་རང་གི་ཨ་ཕ་དང་མི་གཞན་འདྲ་ཡི་མ་རེད། རང་གི་ཨ་ཕས་རང་ཆུང་དུས་ནས་གཡུགས་བཞག་པ་རེད། སྐབས་དེ་དུས་ཁྱོད་རང་ལོ་གཅིག་ལས་ལོན་མེད་ཙང་ཧ་གོ་ཡི་མ་རེད། ཉིན་ཞིག་རང་གི་ཨ་ཕ་དང་ང་ཁ་རྩོད་མང་པོ་ཞིག་ཤོར་རྗེས། ང་ལ་རྡུང་རྡེག་བཏང་བ་མ་ཟད། ཁོང་ང་དང་བྲལ་ནས་འགྲོ་དགོས་པའི་དོན་མང་པོ་ཞིག་བཤད་སོང་། སྐབས་དེ་དུས་ངས་ཁོང་ལ། མ་གཞི་ཁྱོད་ཀྱི་མི་ཚེ་ང་དང་མཉམ་དུ་མ་བསྐྱལ་བ་ཙམ་གྱིས་ཁྱད་པར་གང་ཡང་མེད། ཡིན་ན་ཡང་ཕྲུ་གུ་དེ་ལ་བསམ་བློ་ཞིག་ཐོང་དང་། ཕྲུ་གུ་དེ་བློས་གཏོང་ཐུབ་ཀྱི་འདུག་གམ་” ཞེས་བཤད་དུས། ཁྱོད་ཀྱི་ཨ་ཕས། འཚིག་པ་ཟ་བའི་ངོ་གདོང་དེ་ང་ལ་ངོམ་བཞིན། “ཕྲུ་གུ ཧེ་ཧེ། ཕྲུ་གུ་མནའ་མ་གསར་པ་ལ་ཡང་སྐྱེ་ཆོག་གི་རེད། ང་ལ་ཕྲུ་གུའི་སེམས་ཁྲལ་མི་འདུག་” ཟེར།

ཡང་ངས། “ཁྱོད་ཀྱི་འགྲོ་སའི་ལམ་ཁ་ནོར་ཡོད་ན་ཕྱིར་ལོག་ཤོག ངས་ཁྱོད་ལ་བསྒུགས་ནས་སྡོད་ཆོག” ལབ་པར། ཁོང་གིས། “ཝེ། ཁྱོད་ཀྱིས་བསམས་ན་ང་འགྲོ་སའི་ལམ་ཁ་འདི་ནོར་ཡོད་ཟེར་ཡ་ཡིན་ནམ། ཧེ་ཧེ། དེའི་སྐོར་ཁྱོད་ལ་ཇུས་གཏོགས་ཡོད་མ་རེད། དངོས་གནས་ནོར་ཡ་དེ། དེ་སྔོན་ང་ཡོང་ས་ནོར་འདུག་” ལབ་སྟེ། བུ་ཁྱོད་དང་ང་ལས་ལྷག་པའི་མི་ཞིག་ལ་བརྩེ་གདུང་བཅོལ་ནས་དེའི་ཕྱོགས་སུ་བསྐྱོད་སོང་། མཚན་མོ་དེར་ངའི་སྙིང་ལ་ནམ་ཡང་གསོར་མི་རུང་བའི་རྨ་ཁ་ཞིག་བཟོས་”

ཞེས་བཤད་མ་ཐག་ཆར་ཞོད་དྲག་པོ་དང་བསྡེབས་ནས་གྲང་རླུང་ཤུར་ཤུར་ལྡང་བའི་མཚན་མོ་དེར། བཟོད་དཀའ་བའི་ཁོང་ཁྲོ་དང་སྡུག་བསྔལ་འདྲེས་པའི་ཚོར་བ་སྐྱུར་མོ་ཞིག་གིས་བཀྲ་ཤིས་ཀྱི་མི་ཚེའི་རེ་འདོད་དེ་དག་ཀྱང་སེམས་གཏིང་ནས་ཡལ་བ་མ་ཟད། དེ་ནས་བཟུང་བཀྲ་ཤིས་ནི་ཁོའི་གྲོགས་པོ་ངན་པ་ཚོ་དང་ལྷན་ལམ་ངན་དུ་ཞུགས།

བཞི་པ།

དེ་རིང་ཡང་ལོ་གསར་པའི་ཚེས་པ་གཅིག་ལ། ཨ་མས་བཀྲ་ཤིས་ལོ་བཅོ་བརྒྱད་ལོན་པའི་སྐྱེས་སྐར་བརྩི་སྲུང་ཆེད་དུ་སྒུག་བཞིན་འདུག འོན་ཀྱང་བཀྲ་ཤིས་ནི་ད་དུང་ཡང་གྲོགས་པོ་ཚོ་དང་ལྷན་དུ་ཆང་དང་མྱོས་རྫས་ལ་རོལ་བཞིན་དྲན་ཚོར་གང་ཡང་མེད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།