སློབ་དཔོན་དགའ་དགའ།
ས་མཐའི་ལྗོངས་སུ་ཉུལ་བའི་ལྡོམ་པོ་ང་།།
དྲན་པ་རྐང་ལམ་ནར་མོའི་ཟ་ཟུར་འཕྱན།།
ནགས་ཚལ་སྟུག་པོ་རབ་རིབ་མིག་ལ་ཐོགས།།
ཉི་ཟེར་མོད་པོས་མདུན་དུ་ཟློས་གར་འཁྲབ།།
གནམ་ནས་ཐུར་དུ་འགུལ་བའི་ལོ་མ་འགའ།།
ཚ་བའི་རེག་པས་རྩེ་མོ་དྲིལ་འདུག་ན།།
ཐལ་རྡུལ་སྐྱ་བོ་མེ་ཕུང་ཞིག་ཏུ་འདྲིད།།
མེ་ཏོག་རེ་གཉིས་དེ་ན་ཧད་ཀྱིན་འདུག།
རི་བོའི་སྤོ་ནས་ལག་སོར་གནམ་ལ་གཏད།།
དམར་ཐག་ཆོད་པའི་ཉི་འོད་འཚེར་ས་ན།།
སུ་ཞིག་དགའ་མ་སྒེག་པའི་ངང་ཚུལ་གྱི།།
གྲིབ་གཟུགས་དེ་ཡང་སྙན་ངག་ལྷ་མོ་འདྲ།།
གཤོག་སྒྲོ་རྣག་ཏུ་བརྫུས་པའི་ལུས་གོག་གི།
སེམས་པ་རྒྱང་རིང་ཞིག་གི་ཁུད་དུ་ལྡིང་།།
མ་བཅོས་རང་བྱུང་ཁམས་སུ་འཕུར་འདོད་ཀྱང་།།
དཔྲལ་བའི་གཉེར་རིས་འདར་ལ་རྦད་དེ་གཡེང་།།
ཐོལ་བྱུང་བསེེར་བུ་འགའ་ཡང་གཅེར་བུར་རྒྱུ།།
འགྲུལ་བཞུད་འཁྱམ་པོའི་རྔུལ་ནག་ལྡག་གིན་དུ།།
ས་གཞི་ཀོང་ཀོང་ཞིག་ལ་རྣ་བ་བླགས།།
ད་གཟོད་འཁྲུལ་སྣང་ཡིན་པའི་ཏིང་འཛིན་སྒུམ།།
མ་འོངས་གཡང་ཁར་ཡོད་པའི་སེར་མོ་བ།།
འཇིགས་པའི་འཁྲུལ་སྣང་ཞིག་ལ་རེ་བཞིན་དུ།།
བར་སྣང་སྟོང་པར་ཆར་ཐིགས་འཛེད་པ་མོ།།
དོང་གི་འོབས་སུ་སྒུག་པར་སྲིད་མཐའ་ཙམ།།
སྣུམ་ལམ་ཀྱག་ཀྱོག་རོལ་དབྱངས་ཆག་རོ་ལ།།
རྒྱ་གར་བུ་མོའི་རྐང་གདུབ་སྦྲེལ་འདུག་པའི།།
དྲི་མ་སབ་སིབ་ལག་གི་གཡབ་མོ་འདྲ།།
འབྲོས་ལམ་གཞན་ཞིག་འཆར་བ་མ་ཚོར་ཨང་།།
མི་ལྡོམ་འགའ་ཞིག་ཁྱི་འཁྱམ་རྗེས་སུ་མོལ།།
འཚང་ཁའི་ངང་ནས་རླངས་འཁོར་སྒེའུ་ཁུང་ནས།།
རྒྱང་རིང་ཡུལ་གྱི་མཛེས་པ་སྣ་ཚོགས་ལ།།
དྲན་པའི་ཨ་ལོང་ཁེན་ཏེ་གང་དུ་སྐྱོད།།
སྣང་བ་རང་ཡན་འཇིག་རྟེན་ཁམས་སུ་ངུ་།།
རྒོངས་ཀའི་ཉི་མ་གཙང་ཆུ་སྔོན་མོར་ཐིམ།།
མ་བཅོས་རང་བྱུང་ཡིད་ལ་ལྷང་ངེ་བ།།
ཁེར་རྐྱང་སེམས་པ་སྐྱོ་སྣང་རིང་ལུགས་སོ།།