རྩོམ་སྒྲིག་པ།
གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།
རྡོར་གདན་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གསར་བཞེངས་ལེགས་གྲུབ་བྱུང་བའི་སྐོར།
སྤྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༩ དང་ ༢༠ བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༡༢ ཚེས་ ༡༠ དང་ ༡༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བའི་མཛད་སྒོ་འཚོགས་ཡོད། དེ་ཡང་༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་གང་ཉིད་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དགོན་པ་ཞིག་བཞེངས་དགོས་ཀྱི་འདུག་ཅེས་བཀའ་ཡང་ནས་ཡང་དུ་ཕེབས་པ་བཞིན་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེས་ཐུགས་འགན་གཙོ་བཞེས་ཐོག་སྤྱི་ལོ་ ༢༠༠༨ ལོར་རྨང་གཞི་བཏིང་ནས་ ༢༠༡༥ ལོར་ལེགས་གྲུབ་བྱུང་བའི་མཛད་སྒོ་དངོས་གཞི་བོད་ཟླ་ ༡༢ ཚེས་ ༡༠ ཉིན་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ལ་སྒོ་འབྱེད་གནང་བ་དང་། སྐབས་དེར་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེས་གཙོས་པའི་༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ། ༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ། རི་མགོ་སྤྲུལ་སྐུ་རིན་པོ་ཆེ། དེ་བཞིན་རང་དགོན་གྱི་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་བཅས་ཕེབས་པ་དང་། གཞན་ཡང་དགོན་འདི་དང་འབྲེལ་བའི་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་གི་སློབ་མ་རྣམས་ཀྱང་བཅར་ཡོད། དགོང་མོའི་ཆར་༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་མཆོག་གིས་མཛད་སྒོའི་རྟེན་འབྲེལ་དང་སྟབས་བསྟུན་ནས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་གནང་ཡོད།
བོད་ཚེས་ ༡༡ ཉིན་སྔ་དྲོའི་ཆར་སྐུ་གདུང་མཆོད་རྟེན་ལ་རབ་གནས་གནང་ཡོད་པ་དང་། ཉིན་དེའི་ཆུ་ཚོད་བཅུ་པ་ཙམ་ལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཕེབས་ཏེ་འདུ་ཁང་ནང་གི་རྟེན་གསུམ་དང་སྐུ་གདུང་མཆོད་རྟེན་བཅས་ལ་རབ་གནས་གནང་ཡོད།
གྲྭ་ཚང་དང་སློབ་གྲྭའི་འཛིན་རིམ་བཞི་པ་ཡན་གྱི་སློབ་གཉེར་བ་རྣམ་པས་ཟླ་བ་འབྱུང་ངོ་ཅོག་གི་ཚེས་བཅུ་ཉེར་ལྔ་ལ་རིག་འཛིན་འདུས་པ་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྔར་ལྟར་སྐོར་བཞིན་པ་དང་།
༸སྐྱབས་རྗེ་གྲུབ་དབང་བླ་མའི་ཐུགས་དགོངས་བཞིན་རྡོ་རྗེ་སློབ་དཔོན་ལ་བླ་མ་རེ་དང་གཞན་ཡང་སློབ་གྲྭ་དང་གྲྭ་ཚང་གི་དགེ་བདུན་པ་བཅོ་ལྔ་རེས་ཉིན་ལྟར་ཕུར་པ་ལྷ་ཁང་ནང་དུ་རཏ་གླིང་ཟབ་ཆོས་ཡི་དམ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་འཚོགས་དང་འཚོག་མུས་སུ་ཡོད།
བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༡༢ ཚེས་ ༡༨ ཉིན་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་གང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཁྱད་པར་ཅན་ལ་ཉིན་མོའི་ཆར་ཀརྨ་གླིང་པའི་ཞི་ཁྲོ་དང་། ཕྱི་དྲོར་ཡང་གསང་བླ་སྒྲུབ་ཐིག་ལེ་རྒྱ་ཅན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་འདས་མཆོད་འཚོགས་ཤིང་། དགོང་མོའི་ཆར་སེར་སྐྱ་ཡོངས་ཀྱིས་མགོན་པོ་གང་གི་ཞལ་ཐང་མཐོང་གྲོལ་ཆེན་མོར་སྙན་དར་ཕུལ་རྗེས། ལེགས་བཤད་མཆོད་སྤྲིན་དུ་དམིགས་ཏེ་བཤད་གྲྭའི་སློབ་གཉེར་བ་རྣམ་པས་འཆད་རྩོད་གཉིས་ཀྱི་སྒོ་ནས་མཇུག་ལེགས་པར་གྲུབ།
བོད་ཟླ་ ༡༢ ཚེས་ ༢༥ ནས་ཉིན་ལྔའི་རིང་རཏ་གླིང་ཕུར་ཟློག གུར་དྲག་མེ་རླུང་འཁྱིལ་བ། སེང་གདོང་མའི་ཟློག་པ། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་དགུ་གཏོར་འཚོགས་ཤིང་། ཉིན་མཐའ་མར་གཏོར་ཟློག་འཕངས་རྗེས་འཆམ་སྣ་བདུན་གྱི་མཇལ་ཁ་དང་། གནམ་གང་ཉིན་ཚེ་ཆོག་གསང་བ་འདུས་པ་དང་འཆི་བསླུ་བཏོན་ཡོོད།
བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༠༡ ཚེས་ ༠༡ ཉིན་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུས་པའི་གྲྭ་བཙུན་འདུས་སྡེ་ཡོངས་ཚང་འཛོམས་ཀྱིས་བཀྲ་ཤིས་བརྒྱད་པ་དང་འབྲེལ་ལོ་གསར་གྱི་རྟེན་འབྲེལ་ཙམ་ཞིག་མཛད།
བོད་ཟླ་ ༠༡ ཚེས་ ༠༨ ཉིན་མཆོག་གི་རྡོ་རྗེ་སློབ་དཔོན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་འདུས་པ་སྐོར་བཞིའི་ཡ་གྱལ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་ཆེན་དབུ་བཙུགས།
བོད་ཟླ་ ༠༡ ཚེས་༡༠ ཉིན་ཨོ་རྒྱན་མ་ཧཱ་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་གུ་རུ་མཚན་བརྒྱད་ཀྱི་འཆམ་སྣ་ཁག་མཇལ་ཁ་དང་།
བོད་ཟླ་ ༠༡ ཚེས་ ༡༤ ཕྱི་དྲོར་སྦྱིན་སྲེག་དང་། བོད་ཚེས་ ༡༥ ཞོགས་པར་དངོས་གྲུབ་ལྷ་དབང་གྲུབ་ནས་མགོན་པོ་ཚེ་དཔག་མེད་ཀྱི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དག་སྣང་ལས་བྱུང་བའི་སྒྲུབ་ཆེན་གྱི་འཆམ་སྣ་ཁག་མཇལ་ཁ་གནང་ཞིང་། ཕྱི་དྲོའི་ཆར་མི་སྐྱ་ཕོ་མོ་ཡོངས་ལ་སྒྲུབ་དབང་གནང་ནས། མཐར་མར་མེ་སྨོན་ལམ་དང་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་སྒྲུབ་ཆེན་མཐའ་གྲུབ།
བོད་ཟླ་ ༠༡ ཚེས་ ༡༨ ནས་བོད་ཟླ་ ༠༢ ཚེས་ ༡༨ སྤྱི་ལོ་ ༢༠༡༦ ཟླ་ ༠༢ ཚེས་ ༢༥ ནས་ཟླ་ ༠༣ ཚེས་ ༢༦ བར་ཟླ་བ་གཅིག་གི་རིང་སྔོན་འགྲོའི་བཀའ་ཁྲིད་སློབ་སྤྲུལ་ཆོས་དར་དང་། རྩ་རླུང་རྫོགས་ཆེན་གཉིས་མཁན་ཆེན་སྡེ་སྣོད་འཛིན་པ་ཚེ་དབང་རྒྱ་མཚོས་བསྩལ་ཏེ། དགེ་འདུན་པ་དང་གཞིས་གྲོང་ཁག་གི་མི་སྐྱ་རྣམས། གཞན་ཡང་ཕྱིའི་ཡུལ་གྲུ་ཁག་ནས་ཕེབས་པའི་སེར་སྐྱ་ཡོངས་ཀྱིས་རྒྱལ་བ་དཔལ་ཡུལ་བའི་ཐུན་མིན་རི་ཆོས་གནམ་ཆོས་སྔོན་རྩ་རྫོགས་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཡོད།
༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེས་སྨིན་བྱེད་ཀྱི་བཀའ་དབང་ཟབ་མོ་བསྩལ་པའི་སྐོར།
བོད་ཟླ་ ༢ ཚེས་ ༡༤ ཉིན་ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་བྷེང་ལོར་དུ་ཕེབས་ནས་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་སྐུ་འཁོར་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས། ཕྱི་དྲོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་འཁོད་ནས། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་གྲྭ་བཙུན་ཡོངས་ནས་སེར་འཕྲེང་གིས་གཙུག་ལག་ཁང་ཆེན་མོའི་ནང་དུ་ཕེབས་བསུ་ཞུས་ཏེ། འདུས་པ་ཡོངས་ནས་བཀྲ་ཤིས་བརྒྱད་པ་དང་གནས་བརྟན་ཕྱག་མཆོད། བསྟན་རྒྱས་སྨོན་ལམ་སོགས་ཞལ་འདོན་དང་སྦྲགས་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
སྤྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༢༤ བོད་ཟླ་ ༠༢ ཚེས་ ༡༦ ནས་བོད་ཟླ་ ༠༢ ཚེས་ ༢༢ བར་སྔ་དྲོའི་ཆར་མགོན་པོ་གང་གིས་དབང་སྒྲུབ་གནང་བ་དང་། ཆུ་ཚོད་དང་པོ་ནས་བཀའ་དབང་དངོས་གཞི་བཀའ་དྲིན་བསྩལ་པ་སྟེ།
དེ་ཡང་ཉིན་དང་པོར་གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་དང་། རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པའི་སྟ་གོན་དང་དངོས་གཞི་བསྩལ་གནང་མཛད།
བོད་ཟླ་ ༠༢ ཚེས་ ༡༧ ཉིན་བཀའ་མ་སྒྱུ་འཕྲུལ་དྲ་བའི་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་གྱི་སྟ་གོན་དང་དངོས་གཞི།
བོད་ཟླ་ ༠༢ ཚེས་༡༨ ཉིན་བཀའ་མ་སྒྱུ་འཕྲུལ་དྲ་བ་ཁྲོ་བོའི་དབང་གི་ཆོ་ག་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་ཀྱི་སྟ་གོན་དང་དངོས་གཞི།
བོད་ཟླ་ ༠༢ ཚེས་ ༡༩ ཉིན་གཏེར་སྟོན་ཀརྨ་གླིང་པའི་གཏེར་ཆོས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། སྨིན་བྱེད་སྒོ་འབྱེད་དབང་བསྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པ་འབྲེལ་ཚད་རང་གྲོལ་གྱི་སྟ་གོན་དང་དངོས་གཞི། སྨིན་གླིང་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སློབ་མ་རྗེས་འཛིན་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཕྲིན་ལས་རབ་རྒྱས་ཀྱི་དབང་བཅས་བསྩལ།
བོད་ཟླ་ ༠༢ ཚེས་ ༢༠ ཉིན་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་སྟ་གོན་དང་དངོས་གཞི། ཀློང་སྙིང་རིག་འཛིན་ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་གི་མཚམས་སྦྱོར་མུ་ཏིག་ཆེན་པོ་བཅས་གནང་ཡོད།
བོད་ཟླ་ ༠༢ ཚེས་ ༢༡ ཉིན་ཀློང་སྙིང་བཀའ་འདུས་རྒྱ་མཚོ་ལས། བླ་མ་དྲག་པོ་དཔལ་ཆེན་འདུས་པའི་སྟ་གོན་དང་དངོས་གཞི། མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་དགོངས་གཏེར་གེ་སར་སྐྱེས་བུ་ཆེན་པོའི་སྲོག་དབང་བཅས་གནང་།
བོད་ཟླ་ ༠༢ ཚེས་ ༢༢ ཉིན་རཏྣ་གླིང་པའི་གཏེར་ཆོས་འདུས་པ་སྐོར་བཞིའི་ཡ་གྱལ་ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་ཁྲིགས་བཀོད་འཆི་མེད་བདུད་རྩིའི་རོལ་མཚོ་དབང་རྫས་དང་བཅས་པ་གནང་།
སྤྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༢ བོད་ཟླ་ ༠༢ ཚེས་ ༢༥ ཉིན་༸སྐྱབས་རྗེ་མཆོག་སྐུ་མི་འགྱུར་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་བཞུགས་པ་དང་མཛད་ཕྲིན་དབྱར་མཚོ་ལྟར་རྒྱས་པའི་སླད་དུ་རྣམ་གླིང་འདུས་སྤྱི་ཡོངས་ཀྱིས་མཁའ་འགྲོ་སུན་བཟློག་གི་སྒོ་ནས་བརྟན་བཞུགས་རྒྱས་པ་དང་བཀའ་དྲིན་གཏང་རག་བཅས་ཕུལ།
སྤྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༡ བོད་ཟླ་ ༠༢ ཚེས་ ༢༤ ཉིན་༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་མཆོག་གི་དགོངས་བཞེད་ལྟར་སྙིང་ཐིག་མགོན་ཁང་རྙིང་པ་དེ་ཉིད་མགོན་ཁང་གསར་པར་གནས་སྤོ་མཛད། དེ་ཡང་བོད་ཚེས་ ༢༣ ཉིན་མགོན་ཁང་རྙིང་པར་བླ་མ་དང་དགེ་འདུན་པ་ལྔ་བཅུ་ཙམ་གྱིས་ཉིན་གཅིག་རིང་སྙིང་ཐིག་གསོལ་ཁ་གསུངས་ཤིང་། བོད་ཚེས་ ༢༤ ཞོགས་པར་༸སྐྱབས་རྗེ་གཡང་ཐང་རིན་པོ་ཆེེ་དབུ་བཞུགས་ཐོག་མགོན་ཁང་གསར་པའི་ནང་དུ་གསོལ་ཁ་གསོག་ཞོར་མགོན་པོ་གང་གི་བཀའ་བཞིན་རྟེན་རྣམས་རིམ་བཞིན་སྤྱན་དྲངས་ཏེ་བཞུགས་སུ་གསོལ། ཉིན་རྒྱབ་ལ་གྲྭ་བཙུན་ཚང་འཛོམས་ཐོག་ལྷ་ཁང་ཆེན་མོར་གསོལ་ཁ་གསུངས་གནང་མཛད།
སྤྱི་ཟླ་ ༠༤ ཚེས་ ༡༦ བོད་ཟླ་ ༠༣ ཚེས་ ༡༠ ནས་འདུ་ཁང་ཆེན་མོའི་འོག་ཏུ་འབུམ་ལྔ་བསགས་སྦྱང་དབུ་བཙུགས་ཏེ་ཆོས་ཚན་རེ་རེའི་མཚམས་སུ་སློབ་སྤྲུལ་ཆོས་དར་མཆོག་གིས་བཀའ་ཁྲིད་གནང་ཞིང་། དགེ་འདུན་པ་གྲངས་ ༦༣ དང་གཞན་ཡང་གཞིས་གྲོང་ཁག་གི་མི་སྐྱ་རྣམས་དང་བཅས་ཁྱོན་མི་གྲངས་ ༡༠༧ ལྷག་ཙམ་གྱིས་དགེ་སྦྱོར་གྱི་ལས་ལ་བརྩོན་བཞིན་ཡོད།
སྤྱི་ལོ་ ༢༠༡༦ ཟླ་ ༠༥ ཚེས་ ༡༠ བོད་ཟླ་བཞི་པ་སྔ་མའི་ཚེས་ ༠༤ ཕྱི་དྲོར་སྔར་རྒྱུན་ལྟར་བཀའ་མའི་སྒྲུབ་མཆོད་སྐབས་ཀྱི་གྲལ་ཐོ་བཏོན།
བོད་ཟླ་ ༤ ཚེས་ ༥ ཞོགས་པར་བཀའ་མའི་སྒྲུབ་མཆོད་མདོ་ཚོགས་ཆེན་འདུས་པ་དང། སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། རོང་ཕུར། སངས་རྒྱས་མཉམ་སྦྱོར། ཡང་དག་ཟླ་གམ་དགུ་པ། གཤིན་རྗེ་བཅས་སྒྲུབ་ཁག་བདུན་གྱི་ས་ཆོག་གྲུབ་སྟེ་སེར་སྐྱ་མི་མང་ཡོངས་ལ་བཀའ་མའི་སྒྲུབ་མཆོད་ཀྱི་རྩ་འཆམ་མཇལ་ཁ་གནང་།
བོད་ཚེས་ ༠༦ ཞོགས་པར་ཐིག་ཆོག་གྲུབ་ནས་ཉིན་གཉིས་ཀྱི་རིང་རྡུལ་ཚོན་དཀྱིལ་འཁོར་བླུགས། ཚེས་ ༠༨ ཕྱི་དྲོར་སྒྲུབ་མཆོད་དངོས་གཞི་དབུ་བཙུགས།
བོད་ཚེས་ ༡༠ ཞོགས་པར་སེར་སྐྱ་ཡོངས་ལ་སྟོན་པའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང། ཚེས་༡༣ ཉིན་གར་འཆམ། ཚེས་ ༡༤ ཉིན་སྒྱུ་འཕྲུལ་ཁྲོ་བོའི་འཆམ་བཅས་མཇལ་ཁ་གནང་།
ཚེས་ ༡༥ སྔ་དྲོར་ལས་བཞིའི་སྦྱིན་སྲེག་དང་། ཕྱི་དྲོར་དངོས་གྲུབ་ལྷ་དབང་། མར་མེ་སྨོན་ལམ། བཀྲ་ཤིས་བསྔོ་སྨོན་བཅས་ཀྱིས་མཐའ་གྲུབ་པའོ། །དེ་དང་དུས་མཚུངས་སུ་བཤད་གྲྭའི་ལྷ་ཁང་ཆུང་བའི་ནང་མགོན་པོའི་སྒྲུབ་པ་སྔར་སྲོལ་བཞིན་འཚོགས་ཡོད།
བོད་རྒྱལ་ལོ་ ༢༡༤༣ ཟླ་བ་ ༦ ཚེས་ ༡༠ སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས ༦ རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་གང་ཉིད་ལྷོ་ནུབ་འོ་མ་ཅན་གྱི་མཚོ་རུ་མཚན་དཔེའི་མེ་ཏོག་གསར་དུ་བཞད་པའི་དུས་ཆེན་ཁེལ་ཡོད་པས། རྣམ་གྲོལ་གླིང་གི་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་སུ་རྫོགས་པས་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གཙུག་ལག་ཁང་དུ་མཉམ་འཚོགས་ཀྱིས་བླ་མ་རིག་འཛིན་འདུས་པའི་སྒོ་ནས་གུ་རུའི་ཚོགས་འབུམ་ཚད་འགྲོ་གནད་སྨིན་ཞིག་འཚོགས་གནང་ཡོད།
སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་མཛད་རིམ་མདོར་བསྡུས།
ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་ནི་ཐོག་མར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་གང་ཉིད་ཀྱིས་སྤྱི་ལོ་ ༡༩༨༥ ལོར་ཕྱག་བཏབ་གནང་ཞིང་།
སྒྲུབ་སྡེ་འདིར་བསྙེན་མཚམས་བཞུགས་མཁན་རྣམས་ཀྱི་ཐོག་མའི་ཆ་རྐྱེན་ལ། རྟེན་དགེ་ཚུལ་སློང་གི་སྡོམ་པ་ཡོད་པ། སྐབས་ཐོབ་བསྙེན་པ་བསག་དགོས་པའི་ཆོ་གའི་རིགས་ཀྱི་དབང་ལུང་ཚད་ལྡན་ཐོབ་ཡོད་པ། སྒྲུབ་ཁང་གི་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས་རྒྱུ་མ་ཟད་ཕྱི་ནང་གསང་གསུམ་གྱི་དམ་ཚིག་དང་། ཁྱད་པར་དུ་མཆེད་ལྕམ་གྱི་དམ་ཚིག་ལ་ཉམས་ཆག་མི་འབྱུང་བར་དམ་བཅའ་ཐུབ་པ་ཞིག་དགོས་ཞེས་གསུངས་པ་ལྟར་སྒྲུབ་ཐེངས་དང་པོའི་སྐབས་སུ་ཆ་རྐྱེན་དེ་ལྡན་གྱི་དགེ་འདུན་པ་བཅུ་ནས་དབུ་བཙུགས་ཏེ་རིམ་བཞིན་གོང་འཕེལ་དུ་སོང་ཡོད་ཅིང་། ༢༠༡༥ ལོའི་སྒྲུབ་ཐེངས་དགུ་པའི་སྐབས་དགེ་འདུན་པ་ ༣༧ ཐོན་པ་བཅས་ཁྱོན་བསྡོམས་སྒྲུབ་ཁང་འདི་ནས་བསྙེན་པ་ཚད་ལྡན་འཁྱོལ་བའི་དགེ་འདུན་པ་ཉིས་བརྒྱ་ལས་བརྒལ་བ་བྱུང་ཡོད།
སྒྲུབ་ཁང་ནས་ཐོན་རྗེས་གྲྭ་ཚང་རྒྱུན་ལས་ཀྱི་བཀའ་བཀོད་འོག་མ་མཐར་ཡང་དགོན་པའི་ཞབས་ཏོག་ལོ་བཞིའི་རིང་ཞུས་ནས་བླ་མ་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་དང་མཚན་གནས་འབུལ་གྱི་ཡོད།
སྔོན་དང་མི་འདྲ་བར་ད་ལོའི་ཆར་སྒྲུབ་ཁང་ལ་གསར་ཞུགས་གནང་མཁན་གྲངས་འབོར་མང་བའི་རྐྱེན་གྱིས་བཞུགས་ཤག་མི་འདང་བའི་དཀའ་ངལ་ཡོད་སྟབས། བཞུགས་ཤག་གསར་པ་བཅུ་དང་ཚོགས་ཁང་ཆེ་བ་གཅིག་བཅས་གསར་དུ་བཞེངས་པ་དང་། ཚོགས་ཁང་གསར་པའི་སྐུ་རྟེན་གྱི་གཙོ་བོ་དབུས་སུ་སྟོན་པ་དང་། གཡས་སུ་རྡོ་རྗེ་འཆང་དང་སྤྱན་རས་གཟིགས་ཀྱི་སྐུ་བརྙན། གཡོན་དུ་གུ་རུ་སྣང་སྲིད་ཟིལ་གནོན་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་བརྙན་བཅས་བཞེངས་ཡོད།
སྤྱི་ལོ་ ༢༠༡༦ ཟླ་ ༠༥ ཚེས་ ༢༢ བོད་ཟླ་ ༠༤ སྔ་མའི་ཚེས་ ༡༦ རེས་གཟའ་ཉི་མའི་སྔ་དྲོ་ཕྱག་ཚོད་ ༡༡.༣༠ ཐོག་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུས་པའི་མཁན་སློབ་རྣམས་ཀྱིས་རབ་གནས་སོགས་མཛད།
སྤྱི་ལོ་ ༢༠༡༦ ཟླ་ ༠༥ ཚེས་ ༢༧ བོད་ཟླ་ ༠༤ སྔ་མའི་ཚེས་ ༢༡ རེས་གཟའ་པ་སངས་ཉིན་སྔ་དྲོ་ ༩.༣༠ ཐོག་ལ་རྣམ་གླིང་ཆེས་མཐོའི་འགན་འཛིན་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་གཙོས་པས་རབ་གནས་གནང་བར་མ་ཟད། མཁན་རིན་པོ་ཆེས་སྦྱིན་སྲེག་གི་ས་བསླང་དང་སྒྲུབ་གྲྭ་གསར་ཞུགས་རྣམས་ལ་རྩ་ཁྲིམས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱི་ལོ་ ༢༠༡༦ ཟླ་ ༠༦ ཚེས་ ༡༢ བོད་ཟླ་ ༠༤ ཕྱི་མའི་ཚེས་ ༠༨ ནས་ ༡༤ བར་སྒྲུབ་གྲྭར་གསར་ཞུགས་རྣམས་ཀྱིས་སྒྲུབ་པ་འཚོགས་པ་དང་། བོད་ཚེས་ ༡༥ ཞོགས་པའི་ཆར་ཚེ་ཆོག་འཆི་བསླུ་དང་སྦྱིན་སྲེག་བཅས་ཀྱིས་མཐའ་གྲུབ་སྟེ། ཕྱི་དྲོའི་ཆར་ནས་ལོ་གསུམ་ཟླ་གསུམ་རིང་མཚམས་སྒོ་བཅད་རྒྱ་དམ་པོར་བསྡམས།
ད་ལན་སྒྲུབ་ཁང་དུ་གསར་ཞུགས་གནང་མཁན་ལ་མཁན་པོ་ ༢ དང་སྤྲུལ་སྐུ་ ༢ སློབ་དཔོན་ ༢༢ དགེ་འདུན་པ་རྒན་གྲས་ ༢༡ བཅས་ཁྱོན་བསྡོམས་མི་གྲངས་ ༤༧ བྱུང་ཡོད།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག
སྔར་རྒྱུན་ལྟར་བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༡༡ ཉིན་གུང་སེང་མཐའ་གྲུབ་སྟེ་བཤད་གྲྭ་སླར་དབུ་བཙུགས་ཤིང་། དགོང་མོའི་ཕྱག་ཚོད་དགུ་པའི་ཐོག་སློབ་གཉེར་བ་ཚང་འཛོམས་ཀྱིས་བཀྲ་ཤིས་བརྒྱད་པ་དང་བར་བསམ་སྒྲོལ་གསུམ་སོགས་གསུངས་ནས་རྟེན་འབྲེལ་མཛད།
གཞན་ཡང་ཉིན་དེའི་སྔ་དྲོའི་ཆར་བཤད་གྲྭར་གསར་དུ་ཞུགས་པའི་སློབ་གཉེར་བ་རྣམས་ཀྱིས་ངག་རྒྱུགས་ཕུལ་ཞིང་། ཚེས་ ༠༤ ཉིན་བློ་རིགས། རྟགས་རིགས། བསྡུས་གྲྭ། རྒྱལ་རབས་ཆོས་འབྱུང་། སུམ་རྟགས་དག་གསུམ་བཅས་ཀྱི་འབྲི་རྒྱུགས་ཕུལ་བ་དང་། ད་ལོའི་ཆར་བཤད་གྲྭར་གསར་དུ་ཞུགས་པའི་སློབ་གཉེར་བ་ཁྱོན་བསྡོམས་གྲངས་ ༡༢༠ ཕེབས་ཡོད།
བོད་ཟླ་ ༠༢ ཚེས་ ༠༥ ནས་ ༡༣ བར་ཉིན་དགུའི་རིང་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གིས། རྣམ་གྲོལ་གླིང་གི་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་དང་། གཞན་ཡང་ཕྱི་ཕྱོགས་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ལོ་སྔོན་མའི་གསུང་ཆོས་ལྷག་འཕྲོ་མཁན་ཆེན་ངག་དབང་དཔལ་བཟང་གིས་མཛད་པའི་གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་གྱི་རྣམ་པར་བཤད་པ་ཉི་མའི་སྣང་བའི་ཟབ་ཁྲིད་བཀའ་དྲིན་བསྩལ། ཚེས་ ༡༤ ཉིན་སྙིང་ཐིག་ཡང་གསང་བླ་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འཁོར་གཏང་རག་དང་བཅས་མཇུག་གྲུབ།
བོད་ཟླ་ ༠༢ ཚེས་ ༠༨ ཉིན་འདུ་ཁང་ཆེན་མོའི་འོག་ཏུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་ཡོངས་ལ་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་ ༢༠༡༥ ལོོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དང་སྦྲགས་ཡིག་རྒྱུགས་རྩེ་ཕུད་སོན་པའི་ཨང་དང་པོ་དང་གཉིས་པ་རྣམས་ལ་གསོལ་རས་དང་། དེ་བཞིན་རྩ་བ་ལྡེབ་གྲངས་བརྒྱ་ཡན་ཆད་འབུལ་མཁན་རྣམས་ལ་གསོལ་རས་གནང་རྗེས། མཁན་ཆེན་རྣམ་གསུམ་མཆོག་ནས་བཀའ་སློབ་ཟབ་རྒྱས་བསྩལ་ཏེ་མཛད་རིམ་མཐའ་གྲུབ།
བོད་ཟླ་གཉིས་པའི་ནང་འདུལ་བ་འཛིན་པ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གིས་རབ་ཏུ་འབྱུང་བར་འདོད་པ་རྣམས་ལ། དགེ་ཚུལ་སློང་གི་སྡོམ་པ་གནང་ཡོད་དེ།
དགེ་ཚུལ་སྡོམ་པ་ཞུ་མཁན་ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་སློབ་གཉེར་བ་གྲངས་ ༡༤༤ དང་། བཙུན་དགོན་ནས་ ༢༥ བྱུང་ཡོད་ཅིང་། དེ་བཞིན་རྫོགས་ཆེན་དགོན་དང་ཨོ་རི་ས་ནས་ཕེབས་པའི་སློབ་གཉེར་བ་གྲངས་ ༣༦ བཅས་ཕེབས་གནང་ཡོད་། དགེ་སློང་གི་སྡོམ་པ་ཞུ་མཁན་ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་སློབ་གཉེར་བ་གྲངས་ ༧༢ བཅས་ཁྱོན་བསྡོམས་པས་ད་ལོར་དགེ་ཚུལ་སློང་སྡོམ་པ་ཞུ་མཁན་མི་གྲངས་ ༢༧༧ བྱུང་ཡོད།
བོད་ཟླ་ ༠༢ ཚེས་ ༡༠ ནས་ཉིན་གཅིག་དང་ཕྱེད་རིང་མཁན་རིན་པོ་ཆེ་འཇམ་དབྱངས་ཚེ་རིང་མཆོག་གིས་བཤད་གྲྭའི་སློབ་གཉེར་བ་གཙོས་པའི་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཀུན་དཔལ་འགྲེལ་པའི་ལྗགས་ལུང་གནང་།
བོད་ཟླ་ ༠༢ ཚེས་ ༢༤ སྤྱི་ཟླ་ ༠༤ ཚེས་ ༠༢ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་ཁྲིད་དངོས་གཞི་དབུ་བཙུགས་པ་དང་། བཤད་གྲྭའི་དཔེ་ཁྲིད་རྒན་མཁན་སློབ་གྲངས་ ༣༤ ཡིས་འཛིན་སྐྱོང་གནང་བཞིན་ཡོད།
བོད་ཟླ་ ༠༢ ཚེས་ ༢༤ ནས་ ༢༧ ཉིན་བཞིའི་རིང་མཁན་ཆེན་པདྨ་ཤེས་རབ་མཆོག་གི་བཀའ་གཞིར་བཟུང་ཐོག བཤད་གྲྭའི་གོ་སྒྲིག་འོག་ཤེས་རིག་ཟུར་དྲུང་ཚེ་རིང་བསམ་གྲུབ་མཆོག་གིས། ཤེས་ཡོན་གྱི་ངོ་བོ་དང་དགོས་དམིགས། དགེ་རྒན་གྱི་ལས་འགན། རྒྱུགས་སྤྲོད་ལམ་སྲོལ། སློབ་ཁྲིད་འཆར་ཟིན། ཁྲིད་ཆས་བཟོ་འགོད་གནང་ཕྱོགས་དང་འབྲེལ་བའི་བརྗོད་གཞིའི་ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་ནས་མཐར་ཕྱིན་པའི་མཁན་སློབ་བརྒྱ་ལྷག་ཙམ་ལ་དགེ་རྒན་ཟབ་སྦྱོང་གནང་ཡོད།
བོད་ཟླ་ ༠༢ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་མཐོ་སློབ་ཆེན་མོའི་ཚོགས་ཁང་དུ་བཀའ་འགྱུར་དག་ཚར་དང་། སྙིང་ཐིག་བསང་གསོལ། ཕུར་ཟློག་བཅས་བཤད་གྲྭའི་ཞབས་རིམ་བསྒྲུབས།
བོད་ཟླ་ ༠༣ ཚེས་ ༠༣ སྤྱི་ཟླ་ ༠༤ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལས་བྱེད་གསར་རྙིང་འཕོ་ལེན་སྐབས་དགོང་མོའི་ཆར་ལོ་གཅིག་རིང་གི་རྩིས་ཕྲ་གསལ་བཤད་དང་འབྲེལ་ལས་བྱེད་རྙིང་པ་རྣམས་ལ་ ༢༠༡༦ ལོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་གིས་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་བསྩལ་པ་དང་རྒྱུན་ལས་རྙིང་པས་ལོ་གཅིག་རིང་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གནང་ཡོད།
དེ་བཞིན་བོད་ཟླ་ ༠༣ ཚེས་ ༠༤ བཞིའི་དགོང་མོར་ ༢༠༡༦ ལོའི་རྒྱུན་ལས་གསར་པ་རྣམས་ཀྱིས་འཛིན་སྐྱོང་དང་འབྲེལ་བའི་བཀའ་སློབ་གནང་།
བོད་ཟླ་ ༠༤ ཚེས་ ༢༩ སྤྱི་ཟླ་ ༠༦ ཚེས་ ༠༤ ཉིན་དཔལ་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དུས་བཟང་ཁྱད་པར་ཅན་ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་དབུ་བཞུགས་ཐོག བཤད་གྲྭའི་དགེ་སློབ་ཡོངས་རྫོགས་ཀྱིས་རྣམ་གླིང་འདུ་ཁང་ཆེན་མོའི་ནང་དུ་འཇམ་དཔལ་རྒྱུད་ལུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་འདས་མཆོད་འཚོགས་ཤིང་། ལེགས་བཤད་ཀྱི་མཆོད་སྤྲིན་དུ་དམིགས་ཏེ་ཉིན་དགུང་ཆར། ཐུན་མིན་བཞེད་པ་ལྔའི་སྐོར་དང་། མཐའ་བཞི་སྐྱེ་འགོག་གི་སྐོར། སེམས་བསྐྱེད་ཀྱི་སྐོར་བཅས་ཆོས་བཤད་ཀྱི་རིམ་པ་དང་།
དགོང་མོའི་ཆར་སེར་སྐྱ་ཡོངས་ཀྱིས་མགོན་པོ་གང་ཉིད་ཀྱི་ཞལ་ཐང་མཐོང་གྲོལ་ཆེན་མོའི་མདུན་སྙན་དར་བསྒྲོན་རྗེས། རྒྱུད་གསུམ་གྱི་རྣམ་གཞག་གི་ཆོས་བཤད་དང་། བཤད་གྲྭའི་ལོ་རིམ་བརྒྱད་པའི་སློབ་གཉེར་བ་གཉིས་ཀྱིས་ཚོགས་ལངས། དེ་བཞིན་ལོ་རིམ་གསུམ་པ་དང་དྲུག་པ་བཅས་ཀྱིས་དབུ་མ་དང་ཤེར་ཕྱིན་གྱི་བརྗོད་གཞིའི་ཐོག་ལུང་རིགས་ཀྱིས་རྩོད་པའི་བརྒལ་བརྟག་གནང་བ་བཅས་འཆད་རྩོོད་གཉིས་ཀྱིས་མཛད་རིམ་གྲུབ་རྗེས། མཐར་རྟེན་འབྱུང་བསྔོ་སྨོན་ཤིས་བརྗོད་དང་བཅས་མཇུག་ལེགས་པར་གྲུབ།
སྤྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༡༩ བོད་ཟླ་ ༠༥ ཚེས་ ༡༥ འཛམ་གླིང་སྤྱི་བསང་ཉིན་མཐོ་སློབ་ཆེན་མོའི་ཚོགས་གཙོ་གཙོས་པའི་མཁན་སློབ་རྣམས་དང་། ལོ་རིམ་དགུ་པ་དང་ལྔ་པའི་སློབ་གཉེེར་བ་ཡོངས་རྫོགས། དེ་མིན་རང་མོས་ལྟར་སློབ་གཉེར་བ་མི་ཉུང་བ་ཞིག་རླུང་རྟ་གཏོར་དུ་བྷེ་ཏ་པུ་རིའི་རྩེར་ཕེབས་ཡོད་པ་དང་། དེ་བཞིན་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྣམས་ཀྱིས་དགོན་པར་གནམ་ཆོས་བསང་ཆེན་འཚོགས་གནང་ཡོད།
རྣམ་གླིང་གཞི་རིམ་སློབ་གྲྭའི་མཛད་རིམ་སྙིང་བསྡུས།
བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་ཕོ་སྤྲེལ་སྤྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༡༡ བོད་ཟླ་ ༠༢ ཚེས་ ༠༣ ཉིན་སློབ་གྲྭ་གུང་གསེང་ནས་སླར་ཡང་དབུ་བཙུགས།
བོད་ཟླ་ ༠༢ ཚེས་ ༠༧ ཉིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ནས་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང་། གཞན་འཛིན་གྲྭ་བདུན་པ་མན་ཆད་ཀྱི་ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ཤོག་གྲངས་ལྔ་བཅུ་ཡན་འབུལ་མཁན་རྣམས་ལ་གསོལ་རས་བསྩལ་པ་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་།
བོད་ཟླ་ ༠༢ པའི་ཚེས་ ༢༤ རེས་གཟའ་པ་སངས་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་དཔེ་ཁྲིད་དབུ་བཙུགས།
ད་ལོའི་ཆར་སློབ་གྲྭར་རྒྱ་བལ་འབྲུག་སོགས་ནས་གསར་ཞུགས་གནང་མཁན་སློབ་གཉེར་བ་གྲངས་བཅུ་ཕྲག་བརྒྱད་ལྷག་ཙམ་བྱུང་ཡོད་ཅིང་། ད་ལྟའི་ཆར་སློབ་གྲྭར་སློབ་གཉེར་བ་དགུ་བརྒྱ་ལྷག་ཙམ་གྱིས་སློབ་སྦྱོང་ལ་བརྩོན་བཞིན་པ་ལགས།
ད་ལོར་སློབ་གྲྭའི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་ལ། མཁན་པོ་ ༢ སློབ་དཔོན་ ༢༥ གཞན་བཤད་གྲྭ་ནས་བཏང་གནང་བའི་ཆོ་གའི་དགེ་རྒན་ ༡༡ དབྱིན་ཇི་དགེ་རྒན་ ༡༡ འཛིན་གྲྭ་གསུམ་པ་མན་ཆད་ལ་མཚན་མོའི་ཆར་ཀློག་སློབ་མཁན་ ༡༤ དང་། སློབ་གྲྭ་འདི་ག་རང་ནས་འཛིན་རིམ་གསུམ་པ་མན་ཆད་ལ་དབྱིན་ཇི་དང་ཨང་རྩིས་སློབ་པའི་དགེ་རྒན་ ༡༤ བཅས་ཡོངས་བསྡོམས་དགེ་རྒན་ ༧༧ ཡོད།
བོད་ཟླ་ ༠༣ ཚེས་ ༠༡ ཉིན་རྒྱུན་ལས་གསར་རྙིང་དབུ་བཞུགས་ཐོག་རྣམ་གླིང་སློབ་གྲྭའི་རྒྱུན་ལས་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་དུ་སློབ་ཕྲུག་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོལ་རས་དང་། གསར་པ་རྣམས་ལ་རྟེན་འབྲེལ་གྱི་ཁ་བཏགས་ཕུལ་ཞིང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ལོ་གཅིག་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སྟེ་ལས་བྱེད་གསར་རྙིང་འཕོ་ལེན་གྱི་མཛད་རིམ་ཁག་ལེགས་པར་གྲུབ་ཡོད།
བོད་ཟླ་ ༠༣ ཚེས་ ༠༣ རེས་གཟའ་ཉི་མའི་དགོང་མོར་སློབ་གྲྭའི་རྒྱུན་ལས་གསར་པ་དང་མཁན་སློབ་རྣམས་ཀྱིས་ད་ལོའི་ཆར་དཔེ་ཁྲིད་དང་འཛིན་སྐྱོང་གནང་ཕྱོགས་སྐོར་དང་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གསུང་བཤད་གནང་།
གཞི་རིམ་སློབ་གྲྭར་སློབ་ཕྲུག་ཡོངས་རྫོགས་ཀྱིས་ལོ་འཁོར་མོ་གཅིག་ལ་བོད་ཡིག་ཟླ་རྒྱུགས་ཐེངས་བཞི་རེ་དང་དབྱིན་ཡིག་ཟླ་རྒྱུགས་ཐེངས་བཞི་རེ་གཏོང་སྲོལ་ཡོད་པ་ལས། བོད་ཟླ་ ༠༤ ཕྱི་མའི་ཚེས་ ༠༡ ཉིན་བོད་ཡིག་ཟླ་རྒྱུགས་དང་པོ་དང་། འཛིན་གྲྭ་གསུམ་པ་མན་ཆད་ཀྱིས་བོད་ཟླ་ ༠༤ ཕྱི་མའི་ཚེས་ ༠༦ དང་འཛིན་གྲྭ་བཞི་པ་ཡན་གྱིས་བོད་ཟླ་ ༠༤ ཕྱི་མའི་ཚེས་ ༢༦ ཉིན་དབྱིན་ཡིག་ཟླ་རྒྱུགས་ཐེངས་དང་པོ་བཏང་ཡོད།
སློབ་གྲྭ་འདིར་ལོ་འཁོར་མོ་གཅིག་གི་ནང་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམ་པས་བོད་ཀྱི་སྐད་རིགས་རྒྱུགས་ཉུང་མཐར་ཡང་ཐེངས་གསུམ་རེ་གཏོང་གི་ཡོད་པ་ལས་ཐེངས་དང་པོ་བོད་ཟླ་ ༠༤ ཕྱི་མའི་ཚེས་ ༢༩ ནས་ བོད་ཟླ་ ༠༥ ཚེས་ ༠༡ བར་ཉིན་གསུམ་གྱི་རིང་བཏང་ཡོད།
བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག་ལས།
བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།
བོད་རྒྱལ་ལོ་ ༢༡༤༣ ཟླ་བ་ ༠༡ ཚེས་ ༠༡ གནམ་ལོ་གསར་ཚེས་ཉིན་ཞོགས་པ་ཕྱག་ཚོད་ ༠༣ པའི་ཐོག་བཙུན་དགོན་གྱི་འདུ་ཁང་དུ་སྒྲོལ་ཆོག་དང་བསང་སོགས་འཚོགས་རྗེས། རྣམ་གླིང་འདུ་ཁང་ཆེན་མོའི་ནང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས། མཁན་སློབ་དགེ་བའི་བཤེས་གཉེན་དགེ་འདུན་དང་བཙུན་མ་བཅས་ལྷན་འཛོམས་ཐོག་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་རྣམ་གསུམ་གྱི་བཞུགས་ཁྲིར་མཇལ་དར་ཕུལ་རྗེས་ལོ་གསར་གྱི་རྟེན་འབྲེལ་ཙམ་མཛད།
བོད་ཟླ་ ༠༡ ཚེས་ ༠༨ ནས་ ༡༥ བར་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་ཆོག་གི་སྒོ་ནས་སྒྲུབ་པ་འཚོགས། གཞན་ཡང་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་གཞིར་བཟུང་མི་ཉམས་རྒྱུན་སྐྱོང་གིས་ལོ་ལྟར་བོད་ཟླ་ ༠༡ ཚེས་ ༡༨ ནས་བོད་ཟླ་ ༠༢ ཚེས་ ༡༨ བར་ཟླ་བ་གཅིག་གི་རིང་གནམ་ཆོས་སྔོན་རྩ་རྫོགས་གསུམ་ཉམས་བཞེས་གནང་།
གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་ལྟར་ཕྱོགས་མཐའ་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ལྷག་མེད་དུ་ཞི་ཞིང་བདག་གཞན་ཐམས་ཅད་གནས་སྐབས་དང་། མཐར་ཐུག་གི་ཕན་བདེའི་ཆེད་དུ་དམིགས་ཏེ་རྒྱུན་དུ་སྔ་དྲོའི་ཆར་སྒྲོལ་ཆོག་དང་། ཕྱི་དྲོར་ཆོས་སྐྱོང་ལ་བསྐང་གསོ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་རིག་འཛིན་འདུས་པའི་ཚོགས་འཁོར་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་བཏང་དང་གཏོང་བཞིན་པ་དང་། དད་ལྡན་ཡོན་བདག་རྣམས་ཀྱི་དམིགས་བསལ་ཞབས་རིམ་གང་བསྒྲུབ་དགོས་པའི་རེ་འདོད་ལྟར་སྒྲུབ་བཞིན་ཡོད།
བོད་ཟླ་ ༠༢ ཚེས་ ༢༣ ཉིན་ ༸སྐྱབས་རྗེ་གཡང་ཐང་རིན་པོ་ཆེ་དབུ་བཞུགས་ཐོག་བཤད་གྲྭའི་ཚོགས་གཙོ་མཁན་པོ་ཡེ་ཤེས་རྡོ་རྗེ་མཆོག་དང་བླ་མ་ཕུར་པ་ཕྲིན་ལས། དེ་བཞིན་དགེ་འདུན་པ་ཞལ་གྲངས་འགའ་དང་། བཙུན་མ་ཡོངས་བཅས་མཉམ་ཞུགས་ཐོག་རིག་འཛིན་འདུས་པའི་ཚོགས་འཁོར་སྒོ་ནས་སྐུ་གདུང་མཆོད་རྟེན་ལ་རབ་གནས་རྒྱས་པ་ལེགས་པར་གྲུབ།
བོད་ཟླ་ ༠༣ ཚེས་ ༠༥ ཉིན་ཚོགས་གཙོ་མཁན་པོ་ཡེ་ཤེས་རྡོ་རྗེ་མཆོག་དང་བཙུན་དགོན་འགན་འཛིན་སློབ་སྤྲུལ་འབྲོང་ངུར་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཐོག་བཙུན་དགོན་གྱི་ལས་བྱེད་གསར་རྙིང་འཕོ་ལེན་གནང་།
བོད་ཟླ་ ༠༣ ཚེས་ ༠༦ ཉིན་དགེ་སློབ་ལྷན་འཛོམས་ཐོག་ ༢༠༡༦ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་བཤད་གྲྭའི་ཚོགས་གཙོ་གཅིག་ལྕོགས་མཁན་པོ་པ་སངས་ཚེ་རིང་མཆོག་ནས་བཙུན་མའི་ལས་བྱེད་གསར་བསྐོས་རྣམས་ཀྱིས་གཙོས་བཙུན་མ་འདུས་སྡེ་ཡོངས་ལ་ལྷག་བསམ་དང་འབྲེལ་སྒྲིག་གཞི་སྤྱོད་ལམ་གང་ཅིའི་ཐད་ནས་བག་ཡོད་ཚུལ་ལྡན་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་གནང་།
བཙུན་དགོན་སྤྱིའི་ཞབས་རིམ་ལོ་ལྟར་བོད་ཟླ་ ༠༣ ཚེས་ ༢༠ ནས་ ༢༣ བར་བཙུན་མ་ཡོངས་ནས་བཀའ་འགྱུར་དང་། སྒྲོལ་ཆོག བསང་གསོལ་བཅས་དང་། བོད་ཚེས་ ༢༤ ནས་ ༢༦ བར་ཉིན་གསུམ་རིང་བླ་མ་ཕུར་པ་ཕྲིན་ལས་མཆོག་དང་། གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ ༣༠ གདན་དྲངས་ནས་ཕུར་པ་རྡོ་རྗེ་གཞོན་ནུའི་སྒོ་ནས་རིམ་གྲོ་ལེགས་པར་བསྒྲུབས།
བོད་ཟླ་ ༠༤ ཚེས་ ༠༨ ནས་ཚེས་ ༡༥ བར་རྡོ་རྗེ་སེམས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། ཚོགས་འཁོར་རྒྱས་སྤྲོས་དང་མར་མེའི་སྨོན་ལམ་མཇུག་བསྔོ་བ་བཅས་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་བཀའ་མའི་སྒྲུབ་མཆོད་འཚོགས།
སྤྱི་ལོ་ ༢༠༡༦ ལོར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་བཙུན་མ་གསར་ཞུགས་ ༤༣ ཕེབས་གནང་ཡོད་པ་དང་། དེ་བཞིན་བཙུན་དགོན་དུ་ལས་བྱེད་ཆེ་ཆུང་བསྡོམས་པས་ཞལ་གྲངས་ ༡༡༥ ཙམ་གྱིས་ལྷག་བསམ་རྣམ་དག་གིས་འཛིན་སྐྱོང་གནང་བཞིན་པ་ལགས།
བཙུན་དགོན་བཤད་གྲྭའི་མཛད་རིམ་ཁག
བོད་རྒྱལ་ལོ་ ༢༡༤༣ ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༡༡ ཉིན་སྔར་རྒྱུན་ལྟར་བཤད་གྲྭ་གུང་སེང་ནས་སླར་དབུ་བཙུགས་པ་དང་། གསར་ཞུགས་སློབ་གཉེར་བ་རྣམས་ནས་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་བཅས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ཕུལ།
ད་ལོའི་ཆར་བཤད་གྲྭར་གསར་ཞུགས་སློབ་གཉེར་བ་སྔོན་འགྲོའི་འཛིན་གྲྭ་ལ་ ༣༠ དང་ལོ་རིམ་དང་པོ་ལ་ ༤༡ ཕེབས་གནང་ཡོད།
བོད་ཟླ་ ༢ ཚེས་ ༨ ཉིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེས་མཐོ་སློབ་ཆེན་མོའི་སློབ་གཉེར་བ་དང་ལྷན་དུ་ ༢༠༡༥ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་བསྩལ་ཅིང། རྩེ་ཕུད་ཨང་དང་པོ་དང་གཉིས་པ། དེ་བཞིན་གཞུང་ཆེན་ཁག་གི་རྩ་བ་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམས་ལ་གསོལ་རས་གནང་བ་དང་། མཁན་ཆེན་རྣམ་གསུམ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་རྗེས་མཛད་རིམ་མཇུག་ལེགས་པར་གྲུབ།
རྣམ་གླིང་བཤད་གྲྭའི་འཛིན་སྐྱོང་འོག་བཤད་གྲྭ་ནས་མཁན་སློབ་ ༥ དང་སློབ་དཔོན་མ་ ༡༨ བཅས་ཀྱིས་བོད་ཟླ་ ༠༢ ཚེས་ ༢༤ ནས་དཔེ་ཁྲིད་སྔ་མའི་སློབ་ཚན་རྣམས་དབུ་བཙུགས་ནས་ད་ལྟའི་ཆར་ཆོས་ཁྲིད་གནང་བཞིན་པ་ཡོད།
བོད་ཟླ་ ༠༤ ཚེས་ ༢༩ ཉིན་ཁྱད་ཆོས་ཆེ་བ་དྲུག་གི་བདག་ཉིད་དཔལ་གསང་ཆེན་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཆོག་གི་འདས་མཆོད་སྐབས་སློབ་གཉེར་བ་རྣམས་ཀྱིས་ཆོས་བཤད་དང་། ཚོགས་ལངས། དམ་བཅའ། རྟགས་གསལ། བཀྲ་ཤིས་ཚིག་བཟང་དང་བཅས་རྒྱལ་བ་གང་ཉིད་ཐུགས་དགྱེས་པའི་ལེགས་བཤད་ཀྱི་མཆོད་སྤྲིན་རྒྱ་ཆེར་ཕུལ་ནས་མཐར་རྟེན་འབྲེལ་བཀྲ་ཤིས་བསྔོ་སྨོན་གྱི་སྒོ་ནས་མཐའ་གྲུབ།
ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ཞལ་གྲངས་ ༨ དང་། ཕྱོགས་མཐའ་ཁག་ནས་སྙན་ཞུ་ལྟར་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་ལ་དགེ་རྒན་ཆེད་སློབ་དཔོན་མ་ཞལ་གྲངས་ ༢༥ ཕེབས་ཡོད་པ་དང་། སྤྱི་ལོ་ ༢༠༠༤ ནས་ད་ལྟའི་བར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ཞལ་གྲངས་ ༡༡༨ བྱུང་ཡོད།
བཙུན་དགོན་སློབ་གྲྭའི་མཛད་རིམ་ཁག
བོད་རྒྱལ་ལོ་ ༢༡༤༣ ཟླ་ ༠༢ ཚེས་ ༡༠ ཉིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་རྣམ་གྲོལ་ཚེ་རིང་། མཁན་རིན་པོ་ཆེ་ཚེ་དབང་རྒྱ་མཚོ་མཆོག་བཅས་དབུ་བཞུགས་ཐོག་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ ༢༠༡༥ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་དང་། ཨང་དང་པོ་གཉིས་པ་གསུམ་པ་དང་། བློ་རྒྱུགས་ཤོག་གྲངས་བརྒྱ་ཡན་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གིས་གསོལ་རས་བསྩལ་ཅིང་། འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་བ་དང་འབྲེལ་སློབ་ཕྲུག་ཡོངས་ལ་ཡ་རབས་བཟང་སྤྱོད་དང་། སློབ་སྦྱོང་དེ་ཡང་འདི་ཕྱི་གཉིས་ལ་ཕན་པའི་ཆེད་དུ་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་། གཞི་རིམ་གྱི་སྒྲིག་གཞི་དང་སློབ་ཚན་རྣམས་ནི་རྣམ་གླིང་སློབ་གྲྭ་དང་གཅིག་མཚུངས་ཡིན།
སློབ་སྟོན་པ་སློབ་སྤྱི་རྒན་གཞོན་གཉིས་ཀྱིས་གཙོས་སློབ་དཔོན་མ་ ༢༡ ཙམ་གྱིས་འཛིན་སྐྱོང་འོག་སློབ་གྲྭར་ལོ་བརྒྱད་ཀྱི་རིང་ལ་གངས་ཅན་བོད་ཀྱི་ཐུན་མོང་རིག་གནས་ཡིག་གཟུགས་ནས་བཟུང་རིམ་བཞིན་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་མཚན་ཉིད་རིག་པ་ལ་སོགས་པ་དང་། དེང་རབས་ཤེས་ཡོན་ཐད་དབྱིན་ཇིའི་སྐད་ཡིག་དང་། ཨང་རྩིས། ཚན་རིག་སོགས་ཀྱི་སློབ་ཚན་ཁག་མང་པོ་ཞིག་ལ་སྦྱང་བརྩོན་དང་། འཛིན་རིམ་ལྔ་པ་ཡན་ཆད་ནས་འབུད་བརྡུང་དཀྲོལ་གསུམ་གཙོས་ཆོ་ག་ཕྱག་ལེན་ཡང་སྦྱོང་བཞིན་ཡོད། བཙུན་དགོན་འདིར་ཡུལ་གྲུ་ཁག་མང་པོ་ཞིག་ནས་ཕེབས་པའི་བཙུན་མ་ཡོངས་བསྡོམས་ ༦༠༠ ལྷག་ཙམ་གྱིས་སློབ་སྦྱོོང་དང་ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་བཞིན་པ་ལགས་སོ།།