ཇ་གཏམ།

ལོ་རིམ་གཉིས་པའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།

འཛམ་གླིང་སའི་གོ་ལ་ཧྲིལ་པོ་འདིའི་སྟེང་ན་འཚོ་བའི་འགྲོ་བ་མིའི་རིགས་ཀྱིས་གཙོས་པའི་སེམས་ལྡན་སྲོག་ཆགས་རྣམས། སུ་དང་སུ་ཡིན་ཡང་རང་རང་གི་ལས་སྔོན་སོང་གི་འབྲས་བུའི་རྣམ་སྨིན་ནི་འདྲ་མིན་སྣ་ཚོགས་ཏེ། ལ་ལར་འབད་རྩོལ་མེད་པར་ལྟོ་གོས་ཕུན་སུམ་ཚོགས་ལ་འཛོམས་པ། ལ་ལས་གཡོག་བྱས་ཀྱང་ལྟོ་གོས་རྙེད་དཀའ་བ། ལ་ལས་ཚེ་གང་སྐྱིད་པོ་དང་ཚེ་གང་སྡུག་པོ་སོགས་རྣམ་པ་དེ་དག་མི་སུ་འདྲ་ཞིག་གི་མགོར་ཡོང་ཚེ། ཁྱོད་ཀྱིས་འདོད་རུང་མི་འདོད་རུང་མི་ཁུར་ཐབས་མེད་ཡིན་སྟབས། སྐྱེས་བུ་དཔའ་བོ་ཡིན་རུང་འཆོས་ཐབས་བྲལ་བའི་རྒྱུ་སྔོན་སོང་གི་འབྲས་བུ་ནི་ཁུར་དགོས་ངེས་ཅན་ཡིན།

མ་གཞི་འཇིག་རྟེན་འདིར་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ནི་སེམས་ཅན་དག་གི་རང་གཤིས་ཡིན་ཡང་། བདེ་སྐྱིད་འཛོམས་དང་མི་འཛོམས་རང་ལག་ཏུ་མེད་པས། སྔོན་བསགས་ཀྱི་ལས་ལ་ལྟོས་དགོས་པ་ནི་ཐེ་ཚོམ་གྱི་གནས་སུ་མ་མཆིས། དེ་བས་ན་འཇིག་རྟེན་མི་རང་རང་ལ་སྐྱིད་སྡུག་གི་ལོ་རྒྱུས་རེ་ཡོད་པ་ཁོ་ཐག་ཡིན།

དང་པོ།

སྔ་དྲོ་ཞིག་ཐུན་གསུམ་གཉིད་དུ་ཡུར་བའི་རྨི་ལམ་གྱི་ཞིང་ན། སྔར་སློབ་གྲྭ་ལྷན་དུ་འགྲིམས་མྱོང་བའི་བློ་མཐུན་གྲོགས་པོ་འགའ་དང་མཉམ་དུ་སྙིང་གཏམ་གླེང་བ་དང་ཀུ་རེ་རྩེད་དགོད་ཀྱི་དྲིལ་ཆུང་དཀྲོལ་བཞིན་མཆིས། སྐབས་དེར་ “ཐག…. ཐག…” ཅེས་པའི་རྣ་བར་གཟན་པའི་སྒྲ་ཞིག་གྲག་བྱུང་། སྐད་ཅིག་ལ་གཉིད་ལས་སད་པས་ཞིབ་མོར་ཉན་ཚེ་སྒོ་བརྡུང་བའི་སྒྲ་སྟེ། ཡུད་ཙམ་ནས་ “གྲོགས་པོ། གྲོགས་པོ་” ཞེས་བོས་བྱུང་། མྱུར་དུ་མལ་ལས་ལངས་ཏེ་སྒོ་ཕྱེ་ནས་བལྟས་པས། ང་རང་གི་སྙིང་ཉེ་བའི་གྲོགས་པོ་བསྟན་འཛིན་རེད་འདུག “གྲོགས་པོ་ལགས་ད་དུང་ཡར་བཞེངས་མེད་པས། ད་མགྱོགས་པོ་བཞེངས་དང་། དེ་རིང་གི་གནམ་གཤིས་ནམ་རྒྱུན་དང་མི་འདྲ་བ་ཞིག་འདུག་” ཟེར།

ངས་སྒོ་ཕྱིར་ཐོན་ནས་མར་བལྟས་པས་ངེད་ཚང་གི་སྒོ་དར་དེ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་པ་དང་། ད་དུང་ལྡུམ་རའི་ནང་མཛེས་སྡུག་ཡིད་དབང་འཕྲོག་པའི་ཚོན་མདངས་སྣ་ཚོགས་ཀྱིས་བཀྲ་བའི་མེ་ཏོག་དག་རླུང་གིས་གཡོ་བཞིན་དེའི་སྟེང་ན་མདོག་མི་གཅིག་པའི་ཕྱེ་མ་ལེབ་དང་བུང་བ་མི་ཉུང་བ་ཞིག་འཕུར་གྱིན་མཆིས། ཞིབ་མོར་བལྟས་ན་དེ་དག་ང་ལ་འཚམས་འདྲི་ཞུ་བ་ལྟ་བུའི་སྣང་བ་ཞིག་དབང་མེད་དུ་སྟེར། སྐབས་དེར་ནམ་མཁའི་ཀློང་ན་སྤྲིན་པ་ཡང་མཐོང་རྒྱུ་མེད་པ་སྔོ་སང་ངེར་རེད། ཕྱོགས་བཞི་ནས་དྭངས་ཤིང་བསིལ་བའི་རླུང་མས་ “ཤུར་ཤུར་” ངང་སྒྲ་གྲག་ཡོང་། ངས་མྱུར་དུ་ངོ་གདོང་བཀྲུས་ཏེ། ངེད་གཉིས་སྤྲོ་འཆམ་ལ་ཆས་པ་ཡིན།

འགྲོ་ཞོར་དུ་ལམ་བར་ཞིག་ན་འཚོ་ཐབས་སྐྱོ་བའི་སྤྲང་ཕྲུག་འགའ། ལུས་ལ་གྱོན་པའི་དོར་མ་ལ་ལྷན་པས་ཁེངས་ཤིང་གད་སྙིགས་འདྲུ་བཞིན་པ་མཐོང་བྱུང་། སྐབས་དེར་ངས་རྒྱུན་པར་སྦས་གསང་བྱས་པའི་ཆུང་དུས་ཀྱི་བརྗེད་དཀའ་བའི་འདས་དོན་རྣམས་ངང་གིས་དྲན་འོང་། མིག་ཟུང་ནས་མཆི་མ་རང་དབང་མེད་པར་ལྷུང་བས། ཅང་སྨྲ་མི་ཤེས་པར་ཅུང་ཙམ་རིང་མགོ་འཐོམ་མེར་ལུས། བསྟན་འཛིན་གྱིས་ “འོ་ཙི། ཁྱོད་སེམས་ཆུང་བ་ལ། མིག་ཆུ་མ་གཏོང་དང་། དེ་འདྲ་བོ་འཇིག་རྟེན་འདིར་ཁེངས་ཡོད། ངུ་ན་ངུ་ཚོད་མེད། ངེད་གཉིས་སྤྲོ་འཆམ་ལ་འགྲོ་ཡི་ཡོད་རེད་པཱ། དགའ་དགའ་སྤྲོ་སྤྲོ་གྱིས་དང་།”

 “བསྟན་འཛིན་ལགས། ངས་སྤྲང་ཕྲུག་དེ་ཚོ་མཐོང་དུས། ངའི་མི་ཚེའི་ནང་གི་འདས་ཟིན་པ་མང་པོ་ཞིག་དྲན་ཏེ་མིག་ཆུ་དབང་མེད་ཤོར་སོང་། དགོངས་དག ཁྱེད་ཀྱི་ཐུགས་སུན་པོ་བཟོས་སོང་” ཞེས་སྐད་ཆ་ཤོད་བཞིན་པའི་ངང་། ཇ་ཚོང་ཁང་ཞིག་གི་འགྲམ་དུ་སླེབས། ངེད་གཉིས་ཇ་ཕོར་གང་རེ་མངགས་ཏེ་ཟུར་ཞིག་ཏུ་བསྡད་པ་ཡིན། སྐབས་དེར་བསྟན་འཛིན་གྱིས་ “གྲོགས་པོ། ད་གིན་ཁྱོད། མི་ཚེའི་ནང་གི་འདས་དོན་རྣམས་དྲན་ཏེ་ངུས་པ་ངས་ཤེས་ཀྱི། ཡིན་ན་ཡང་འདས་པའི་དོན་དེ་གང་ཡིན་ངས་ཤེས་མ་སོང་། ཁྱོད་ཀྱིས་ང་ལ་བཤད་ན་འགྲིག་གམ་” ཟེར། ངས་ “ཆོ་མེད་ཀྱི་སྐད་ཆ་དག་གླེང་ནས་ཅི་བྱེད། བཞག་ཞོག་” ད་དུང་ “ཡ་ཁྱད་མཚར། ཇ་འཐུང་ཞོར་དུ་གཏམ་མི་ཤོད་ན། ག་དུས་བཤད། ཡ་ཇ་གཏམ་ཞིག་ཤོད་དང་” ཞེས་ཨུ་ཚུགས་བརྒྱབ་པས། ངས་འདས་དོན་རྣམས་གཞི་ནས་བཤད་འགོ་བརྩམས།

གཉིས་པ།

ང་རང་འཇིག་རྟེན་འདིར་སླེབས་ཏེ། མིག་ཟུང་ཕྱེ་ནས་མི་ལོ་ལྔ་སོང་ཟིན་པའི་སྐབས། དངོས་གནས་དུས་དེ་འདས་དོན་ནས་སྐྱིད་ཤོས་ཤིག་སྟེ། གང་ཡིན་ཞེ་ན། དྲིན་ཆེན་ཕ་མ་གཉིས་ཀྱིས་ང་ལ་ཐུགས་རྗེའི་བྱམས་བརྩེས་བསྐྱངས་ཤིང་རང་གི་ཡིད་ལ་གང་འདོད་པ་དེ་བཞིན་གནང་། ངས་ཐ་ན་ཚེ་རིང་ཐུང་ཅི་ཡོད་མི་ཤེེས་ལ། མི་ཚེ་འདི་རྫོགས་ཏེ་གཉེན་ཉེ་འབྲེལ་དང་ཁ་བྲལ་ནས་ཚེ་ཕྱི་མའི་ལམ་ལ་ཞུགས་དགོས་པ་དེ་བས་ཀྱང་མི་ཤེས། ངས་རྒྱུན་པར་བརྗེད་ཐབས་བྲལ་བའི་སྙིང་གྲོགས་པདྨ་དང་དུས་རྒྱུན་རྩེད་དགའི་དཔལ་ལ་རོལ་བཞིན་པའི་ངང་ལོ་ཟླ་རྣམས་རིམ་གྱིས་བཞུད། མཚམས་རེར་ངས་ཁྱིམ་མཚེས་ཀྱི་བྱིས་པ་དག་དང་ལྷན་དུ་ཡིབ་རེས་དང་འདེད་རེས་བྱས། ངའི་ཆུང་དུས་ནི་དགོད་སྒྲས་ཁེངས་ལ་ནད་ན་ཚ་མེད་པའི་ངང་འདས་ཟིན།

སྤྱིར་འཇིག་རྟེན་འདིའི་ནང་མི་ཀུན་ཀྱི་གཤིས་རྒྱུད་ནི་མི་གཅིག་སྟེ། གཤིས་ཀ་ནི་རང་བཞིན་ནམ་ངོ་བོའི་མིང་དུ་གོ་ཡང་མི་ལ་གཅིག་མཐུན་གྱི་གཤིས་ཀ་ཞིག་མེད་པ་ནི་སོ་སོའི་ཁམས་དང་མོས་པར་བརྟེན་ནས་བྱུང་བ་རེད། བདག་ཀྱང་མི་ཞིག་ཡིན་གཤིས། ཆུང་དུས་ནས་ལྷག་པར་དུ་ཆོས་པ་རྣམས་ལ་ཤིན་ཏུ་དགའ་བ་དང་། བླ་མ་ཚོ་ཁྱིམ་དུ་སྐུ་རིམ་གནང་དུ་ཕེབས་ཚེ། ང་ཡང་དེ་དག་དང་ལྷན་དུ་འདོན་པ་སོགས་འདོན་མི་ཤེས་ནའང་མགོ་ཡོར་ཡོར་ངང་འདོན་ཁུལ་བྱས། ངས་དེ་ལྟར་རྒྱུན་དུ་བྱས་པར་བརྟེན། ཉིན་ཁ་ཤས་རྗེས་ནས་སྤོ་བོ་ཡིས་ང་ལ་རྔ་ཆུང་ཆུང་ཞིག་གནང་བྱུང་། དེ་ནས་ངས་ཉིན་ལྟར་རྔ་ཆུང་དང་འབྲལ་མེད་ཐོག་འདོན་པ་འདོན་ཁུལ་བྱས། ཉིན་ཁ་ཤས་ནང་བླ་མ་དང་མི་རྒན་པ་འགས། ང་ལ་ཆོས་ཀྱི་བག་ཆགས་ཡོད་ཚུལ་དང་། མ་འོངས་པ་ན་ཆོས་པ་ཞིག་ཏུ་འགྱུར་བའི་རེ་བས་གྲྭ་པ་བྱེད་དགོས་པའི་ལམ་སྟོན་ཡང་བྱེད། ཡུལ་མི་གཞན་ཚོས་ཀྱང་བསྔགས་བརྗོད་དུ་བླ་མ་ཆུང་ཆུང་ཞེས་པའི་མིང་ཞིག་ཀྱང་བཏགས།

གསུམ་པ།

ཟླ་བ་ཁ་ཤས་རྗེས་སུ་ངེད་ཅག་གི་གྲོང་གསེབ་ནས་ཐག་མི་རིང་བའི་ས་ན་ལྷུན་པོ་ཞེས་པའི་གྲོང་གསེབ་ཅིག་ཡོད། དེར་སྦས་པའི་རྣལ་འབྱོར་བླ་མ་པདྨ་རིག་འཛིན་རྡོ་རྗེས་གཙོས་བླ་མ་འགའ་ཞིག་གིས། ཡུལ་ཕྱོགས་འདིར་མ་འོངས་པ་ན་གསང་སྔགས་ཀྱི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ཆེད། གྲྭ་བཙུན་གང་མང་ཞིག་བསྡུ་ལེན་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་ལ་གཏང་རྒྱུའི་གསལ་བརྡ་བྱུང་བ་ལྟར། ང་ཚོའི་གྲོང་དུ་བླ་མ་རྣམས་ཁྱིམ་ཚང་རེ་རེ་ལ་ཕེབས་ཏེ་གྲྭ་བཙུན་གཏོང་མཁན་དག་གི་ཐོ་འགོད་བྱེད་བཞིན་མཆིས། རིམ་བཞིན་ངེད་ཚང་ལ་སླེབས། ཨ་མས་བླ་མ་རྣམ་པར་སྐད་ཆ་ཚིག་ཁ་ཤས་དྲིས་ནས། དེ་སྔོན་དགོན་པའི་མིང་དང་ས་གནས་ཀྱི་མིང་ཙམ་ཡང་མ་ཐོས་པ་དང་། གཅིག་ནས་ང་ལོ་ཆུང་བའི་རྐྱེན་གྱིས་གྲྭ་པར་མི་གཏོང་རྒྱུའི་ཐག་ཆོད་བྱས་བྱུང་། ངས་ “གྲྭ་པ་འགྲོ་རྒྱུ་ཡིན་” ཞེས་སྐད་ཆེན་པོའི་ངང་ངུས་པས། ཨ་མས་ “ཡ་བུ་ཚོད་ཟུང་། ཚོད་ཟུང་” ཟེར། ངས་མུ་མཐུད་ནས་ངུས་པ་ཡིན།

དགོང་མོ་ཞིག་ལ་ཨ་མས་“བུ་ས་གནས་དེར་འགྲོ་བར་ས་ཐག་རིང་པོ་རེད། མ་ཟད་རྐུན་ཇག་ཀྱང་མང་པོ་ཡོད། སྐྱིད་པོ་ཁྱོན་ནས་མེད་” ཟེར། ཐབས་སྣ་ཚོགས་ཀྱི་སྒོ་ནས་བསླུ་བར་བྱས། འོན་ཀྱང་ངས་མ་ཉན་པར་ནན་གྱིས་བསྐུལ་མ་བྱས་པ་ཡིན། ཕྱི་ཉིན་ཨ་མས་བླ་མའི་སྐུ་མདུན་དུ་བཅར་ནས་ཐོ་འགོད་བྱས་འདུག་པས་ཨ་མ་སྒྲོལ་མ་ངའི་གམ་དུ་འོངས་ཏེ། “བུ་ཁྱོད་ཟླ་བ་གཅིག་གི་རྗེས་ནས་གྲྭ་སར་འགྲོ་རྒྱུ་རེད་” ཟེར། ངས་དེ་མ་ཐག་ཏུ་ཨ་མ་ལ་ཡུད་ཙམ་ངང་འཐམས་ནས་ “ཐུགས་རྗེ་ཆེ་” ཞུས་པ་ཡིན། གཏམ་བཟང་གོ་རྗེས། དངོས་གནས་བཅོས་མིན་གྱི་དགའ་ཚོར་བཤད་མི་ཤེས་པ་ཞིག་སེམས་གཏིང་ནས་སྐྱེས་བྱུང་།

བཞི་པ།

རིམ་གྱིས་ཉི་མའི་ཕྲེང་བ་རེ་རེ་བཞིན་ཕར་འདས་ཤིང་། ང་ཚོ་ཡང་འགྲོ་བའི་དུས་ཉེ་རུ་ཉེ་རུ་སླེབས། ད་གནངས་ཉིན་ཡུལ་ཕྱོགས་འདི་ནས་བསྡུ་ལེན་བྱས་པའི་གྲྭ་བཙུན་རྣམས། རྒྱ་གར་ལྷོ་ཕྱོགས་ལ་འགྲོ་རྒྱུའི་སྟ་གོན་བྱས། ཡུལ་ལུང་འདིར་གནའ་དུས་ཀྱི་ལུགས་སྲོལ་ལ། ས་ཐག་རིང་པོ་གང་དུ་འགྲོ་ནའང་། ལམ་ལ་བར་ཆད་མི་ཡོང་བའི་ཆེད་ཆོས་སྐྱོང་ལ་ཕྲིན་བཅོལ་དང་། བསང་གསོལ་འདོན་སྲོལ་ཡོད་པ་བཞིན། སང་ཉིན་ངེད་ཚང་ལའང་ཕྲིན་བཅོལ་དང་བསང་གསོལ་གདོན་རྒྱུ་ཡིན་སྟབས། ངས་ཨ་མ་དང་ལྷན་དུ་བསང་གསོལ་གྱི་རྫས་སོགས་གྲ་སྒྲིག་བྱས། སྤོ་བོ་བསང་ལེན་དུ་ཕྱིན་ཁར་རྨོ་མོ་མཆོད་ཁང་ནང་གད་འཕྱག་པ་དང་། ང་ཚོས་ལས་ཀ་བགོས་ཏེ་བྱས།

སྔ་དྲོ་དེར་བླ་མ་རྣམས་གདན་དྲངས་ནས་རིམ་གྲོ་སྐྱབས་འཇུག་གང་མང་གནང་རྗེས་བླ་མ་རྣམ་པས་སློབ་གསོ་དང་འབྲེལ། མི་ལུས་རྙེད་པར་དཀའ་ཚུལ། དེ་བས་ཀྱང་ཆོས་ཐོབ་པར་དཀའ་བ་སོགས་བསླབ་བྱ་མང་དག་ཅིག་གནང་བྱུང་། དགོང་མོར་གྲོང་པའི་ཉེ་འབྲེལ་དང་། སྲུ་མོ། ཨ་ཁུ་རྣམས་ཀྱིས་ལག་ན་ཁ་དར་དང་། དངུལ་སྒོར་ལྔ་བཅུ་ལས་མི་ཉུང་བ་རེ་ཁྱེར་ཏེ་ང་ཚོའི་ནང་ལ་སླེབས། “བུ་ཁྱོད་ཁ་དྲོ། ཚེ་རིང་། ཆོས་མགོ་ཐོན་པ་གྱིས་ཨ་” ཟེར་ཞོར་དུ་ཁ་དར་ངའི་སྐེ་ལ་བསྐོན། དངུལ་དེ་ལམ་གྲོན་ཆེད་ཡིན་ཞེས་པང་དུ་བཞག་སྟེ། ཇ་ཕོར་པ་གང་རེ་བཏུངས་ནས་ལོག་ཕྱིན།

དགོང་མོ་དེར་ཨ་མ་དང་མཉམ་དུ་ཉལ་བ་ཡིན། ཨ་མའི་སེམས་ལ་ཅི་ཞིག་དྲན་པ་ཡིན་མི་ཤེས། མིག་ནས་མཆི་མ་བཞུར་བཞིན། “བུ་ཁྱོད་རིག་པ་བསྒྲིམས་ཏེ་ཆོས་ཀྱི་སློབ་སྦྱོང་ཡག་པོ་བྱོས་ཨ། ངེད་མ་བུ་གཉིས་ལས་ངན་དབང་གིས། ཨ་ཕས་ཤུལ་ཏུ་བསྐྱུར་ནས་ཁ་ཕྱིར་འཁོར་མེད་པར་གཞན་དང་གཉེན་སྒྲིག་བྱས། གལ་སྲིད་ང་འཇིག་རྟེན་འདིར་མ་ཤི་བར་ཚེ་སྲོག་གནས་ན་རྒས་དུས་རེ་སྒུག་བྱེད་ས་ཁྱོད་གཅིག་ལས་མེད། བུ་ཁྱོད་རིག་པ་སྒྲིམས་ཨ་” ཟེར་བཞིན་མིག་ནས་མཆི་མ་རྫོགས་རྒྱུ་མེད་པར་བཏང་བྱུང་། “ཨ་མ་ཁྱེད་དེ་འདྲ་ངན་པ་རེ་མ་དྲན་དང་། ངས་རང་ནུས་གང་ལྕོགས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་” ཟེར་ཞོར་དུ། ཨ་མའི་མིག་ཆུ་འབྱིད་རོགས་བྱས་པ་ཡིན། ཨ་མས་ལག་པ་བསྲིངས་ཏེ་ངའི་མགོར་བྱིལ་བྱིལ་བྱེད་བཞིན་གཉིད་དུ་ཡུར།

ཉིན་དེ་སླེབས་བྱུང་། སྔ་དྲོ་དེར་སྒེའུ་ཁུང་ནས་བལྟས་པས་རླངས་འཁོར་དཀར་པོ་གསུམ་གྱི་སྟེང་ནང་པའི་དར་ལྕོག་རེ་འཕྱར་བཞིན། “སངས་རྒྱས་ཀྱི་བསྟན་པ་རྒྱས་གྱུར་ཅིག་” ཅེས་སྐད་རྒྱག་གིན། ལམ་ལ་ཆས་བཞིན་མཆིས། སྤོ་བོས་ “ད་ཕེབས་སོང་” ཟེར་ཞོར་དུ་ཕྱིན་ནས་བསང་མེ་སྤར། ཅང་མ་འགོར་བར་ངེད་ཚང་གི་ཁྱིམ་སྒོར་སླེབས། ཨ་མས་ངའི་རྒྱབ་ཁུག་དེ་ཁྱེར་ནས་རླངས་འཁོར་ནང་བཞག “ལམ་ལ་གཟབ་གཟབ་གྱིས་” ཟེར། ང་རང་རླངས་འཁོར་ནང་འཛུལ་ནས་ལམ་ལ་ཆས་སྐབས། ང་དང་ཡུན་རིང་དུ་འབྲེལ་བའི་གྲོང་དང་གྲོང་མི། ལྷག་པར་ཨ་མ་དང་སྤོ་བོ། རྨོ་མོ་དག་མིག་མདུན་ནས་རིམ་གྱིས་ཡལ་སོང་།

ལྔ་པ།

ང་ཚོས་ཉིན་མཚན་ལ་མ་ལྟོས་པར་ཞག་ལྔ་ཕྱིན་རྗེས་ད་གཟོད་དགོན་པ་དེར་འབྱོར་བྱུང་། ཞག་ཁ་ཤས་རིང་འཛིན་ཁང་སྟོང་པ་ཞིག་ཏུ་བསྡད་ཅིང་། དེར་ཉིན་ལྟར་གྲྭ་ཆུང་མང་པོ་འཛིན་ཁང་གཅིག་ཏུ་འཚོགས་ཏེ་གྲྭ་ཆུང་གཅིག་གིས་དབྱུག་པ་བཟུང་ནས་ནག་པང་སྟེང་དུ་བྲིས་པའི་ཡིག་གཟུགས་དེར་རེ་རེ་བཞིན་གཙགས་ཏེ། “ཀ་ཁ་ག་ང་” ཞེས་སྐྱོར་བ་དང་གཞན་དག་གིས་ཀྱང་གྲྭ་ཆུང་དེའི་རྗེས་ཟློས་བྱས་ཏེ་སྦྱོང་བར་བྱེད། ཕྱིས་ནས་ང་ཚོ་ཚང་མ་སོ་སོར་གྱེས་ཏེ་ཉིན་ལྟར་སློབ་གྲྭར་འགྲོ་བཞིན་ཡོད། ང་ཚོ་གྲོང་སྡེ་གཅིག་པའི་གྲོགས་ལྔ་མཉམ་དུ་གྲྭ་ཤག་གཅིག་ཏུ་ཁེལ་བྱུང་།

ང་ཚོས་རིམ་གྱིས་ཀ་ཁ་སྦྱངས་ཏེ་སྦྱོར་ཀློག་དང་སྡུད་ཀློག་དག་སྦྱོང་བཞིན་པའི་སྒང་ཡིན། དགོན་འདིར་ང་ཚོ་གསར་པ་ཡིན་པས་གོམས་འདྲིས་མེད་པར་བརྟེན་ཉིན་ཞིག་ང་ཚོའི་གྲོགས་པོ་གཅིག་དགུང་ཟས་ལེན་དུ་ཕྱིན་ནས་ཤག་ཏུ་ལོག་མ་ཤེས་པར་འབྲས་སྡེར་མ་གང་ཁྱེར་ཏེ་གྲྭ་ཤག་གཞན་ཞིག་ཏུ་འཛུལ་འདུག ཕྱིས་སུ་གྲྭ་པ་ཞིག་གིས་གྲོགས་པོ་དེ་བསྐྱལ་བྱུང་བས། གྲོགས་པོ་དེས་བཤད་པར་ད་དུང་ང་ཚོའི་ཤག་འདྲ་བོ་མང་པོ་འདུག་ཟེར། དེ་ལྟའི་ངང་ནས་ཟླ་བ་ཁ་ཤས་བུད་ཟིན།

དྲུག་པ།

མི་རེར་སྐྱིད་ན་སྐྱིད་ས་ཁ་ཁ་དང་། སྡུག་ན་སྡུག་ལུགས་སོ་སོ་ཟེར་བའི་དཔེ་ལྟར་ཉིན་ཞིག་ང་ཚོའི་ཤག་གི་རྒན་བདག་གིས་ང་ལ་ “ད་སང་ཉིན་སྔ་དྲོ་ཁྱོད་འདོན་པ་འདོན་དུས་དབུ་མཛད་བྱེད་དགོས་” ཟེར། “ང་དགོན་འདིར་འབྱོར་ནས་ཟླ་བ་ཁ་ཤས་ལས་ཕྱིན་མེད། ཐ་ན་ངས་སྦྱོར་ཀློག་ཀྱང་ཡག་པོ་མི་ཤེས། དབུ་མཛད་བྱེད་ག་ལ་ནུས་” ཞུས་པས་རྒན་བདག་གདོང་དམར་པོ་ཆགས་ཏེ་ཁྲོས་པའི་ངང་། རྒྱུ་མཚན་མང་པོ་མ་ཤོད། གང་ལྟར་སང་ཉིན་དབུ་མཛད་མ་བྱས་ན་ཁྱོད་ལ་ལྟད་མོ་ཡོད་ཟེར།

སྔ་དྲོ་དེར་ངས་འགོ་ཁྲིད་བྱེད་ག་ལ་ནུས། འོན་ཀྱང་རྒན་བདག་གིས་དྲིལ་བུ་ཞིག་ངའི་ལག་ཏུ་གཏད་ནས་ “མགྱོགས་པོ་ཐོན་” ཟེར། ངས་མགོ་བོ་བསྒུར་ནས་ཁ་མ་གྲག་པར་བསྡད་པ་ཡིན། གང་འཚམས་ནས་རྒན་བདག་གིས་དབུ་མཛད་གཞན་ལ་བྱེད་དུ་བཅུག་ནས་ “ཁྱོད་ཡར་ལོངས་” ཟེར་བས་དལ་གྱིས་ལངས་པ་ཡིན། འགྲམ་ལྕག་ཚ་ཐག་ཆོད་ཁ་ཤས་བཞུས་རྗེས་དེར་ཡོད་པའི་གྲོགས་པོ་ཚང་མ་རིམ་བཞིན་བསླངས་ཏེ་ངའི་ལག་མཐིལ་དུ་དབྱུག་པ་རེ་རེ་གཞུར་བཅུག ན་ཟུག་གིས་བཟོད་མ་ཐུབ་པར་ངུ་བཞིན་སྡོད་པ་ལས་ཐབས་མེད། རྒན་བདག་གིས་ད་དུང་ངུ་མ་བཅུག་པར་འདོན་པ་འདོན་བཞིན་པའི་བར་དེར་གད་མོ་དགོད་དུ་བཅུག ང་ནི་སེམས་བསམ་པའི་གཏིང་ནས་ཁོང་ཁྲོས་ཀྱང་བྱེད་ཐབས་གང་ཡང་མ་མཆིས།

ད་གཟོད་ཉིན་ཞག་འདི་དག་ནི་རྫོགས་མཐའ་མེད་པ་ཞིག་ཡིན་ཏེ། སེམས་ལ་སྔངས་སྐྲག་གིས་ཁེངས་ནས་མཚན་མོ་གཉིད་ཀྱང་ཁུག་དཀའ་བས་ཡིད་ཀྱི་རས་ཡོལ་ངོས་སུ་ཨ་མའི་བཞིན་རས་ངང་གིས་ཤར་འོང་། མལ་ནང་དུ་མིག་ནས་མཆི་མ་ཆུ་བཞུར་བ་བཞིན་གཏོང་དགོས་བྱུང་། ཤག་དེར་ཡོད་པའི་གྲོགས་པོ་ཚོའི་མགོ་དང་རྐང་ལག་ལ་རྨ་ཁས་ཁེངས་ཤིང་། སྟོད་ཐུང་གོང་བ་ཟད་པོར་ཟུར་ནས་རལ་སྐྱོན་ཡོད་པ་རེ་གྱོན་མཁན་ཤ་སྟག་ཡིན།

སྔ་དྲོ་ཞིག་སློབ་གྲྭར་སྐྱོད་སྐབས་ཕ་ཡུལ་གཅིག་པའི་ཇོ་ཇོས་ང་ལ་སྟོད་ཐུང་གསར་པ་ཞིག་བྱིན་བྱུང་། “ང་རང་གི་ཆེད་དུ་ཉོས་པ་ཡིན་ཡང་ཏོག་ཙམ་ཆུང་དྲགས་འདུག་པས་ཁྱོད་རང་ཁྱེར་རྒྱུག་” ཟེར། ང་རང་དགའ་ཐག་ཆོད་དེ་གྱོན་ནས་འཛིན་གྲྭར་ཕྱིན། སློབ་གྲྭ་གྲོལ་ནས་ཤག་ཏུ་ལོག་པས་རྒན་བདག་ངའི་གམ་དུ་འོངས་ནས། “ཡ་སྟོད་ཐུང་གང་ནས་བརྐུས་པ་ཡིན་” ཟེར། ངས་ “བརྐུས་པ་མིན། ཇོ་ཇོས་བྱིན་སོང་” ཞུས་པས་བསམ་ཡུལ་ལས་འདས་པ་ཞིག་ལ། ཡུད་ཙམ་ཞིག་ནང་རྒན་བདག་གིས་མི་གཉིས་ཡར་བསླངས་ཏེ་སྟོད་ཐུང་གསར་པ་དེ་ཕྲལ་དུ་བཅུག དེ་གཉིས་ཀྱིས་འཐེན་ཐེངས་གཅིག་ལ་སྟོད་ཐུང་དུམ་བུ་གཉིས་སུ་ཕྲལ། ངུ་བཞིན་སྡོད་པ་ལས་ཐབས་གང་ཡང་མ་མཆིས། ང་ཚོ་སྔ་དགོང་རྒྱུན་པར་རང་སྦྱོང་བྱེད་ཀྱིན་ཡོད་རུང་། དེ་ནི་རང་གི་སྤྲོ་སྣང་དང་བསྟུན་ནས་མིན་པར་མཐའ་གཅིག་ཏུ་རྟག་པར་ཨུ་ཚུགས་ཀྱིས་སྦྱང་དགོས་པས་དུས་ཚོད་རྫོགས་ལ་ཤེས་རྒྱུ་མེད་པར་སུན་སྣང་ཆེན་པོ་བཟོས་ཡོང་།

གུང་སེང་སྐབས་གར་ཡང་འགྲོ་མི་ཆོག་སྟེ། རྒན་བདག་གིས་རེས་གཟའ་སྤེན་པའི་ཉིན་གུང་ནས་ཉི་མའི་དགོང་མོའི་བར་ང་ཚོ་ཚང་མ་ཤག་ནང་བཅུག་སྟེ། སྒོའི་ཕྱི་ནས་གཏན་པ་བརྒྱབ་འགྲོ་ཡི་ཡོད། ང་ཚོ་ཕ་ཡུལ་གཅིག་པའི་གྲོགས་པོ་ལྔ་པོ་མཉམ་དུ་བསྡད་ནས་ནང་མི་དག་དྲན་རེས་བྱས་ཏེ་ངུ་སྐབས། དེར་འགའ་ཞིག་གིས་ “ངུ་དགོས་དོན་གང་ཡིན་” ཞེས་སྐད་ཆ་དྲིས། ང་ཚོས་ལན་དུ་ “ནང་མི་དྲན་ནས་ངུ་ཡི་ཡོད་” ཅེས་ལན་བརྒྱབ། དེ་དག་གིས་སེམས་གསོ་ཕར་ཞོག ད་དུང་དེ་ལྟར་ངུས་ནས་ག་ལ་ཕན། ཁྱེད་རང་ཚོ་ཚེ་གང་འདི་རུ་འདུག་དགོས་ཟེེར་དུས། ང་ཚོའི་ངུ་འབོད་ད་དུང་ཤུགས་ཆེ་རུ་འགྲོ་རྒྱུ་ལས་མེད། མ་གཞི་ངས་གྲྭ་ཤག་འདིར་འཇིགས་སྐྲག་དང་སྔངས་སྐྲག་ཁོ་ནའི་ངང་དུས་འདའ་བ་ལས་སྐྱིད་པའི་ཚོར་སྣང་སྐད་ཅིག་གཅིག་ཙམ་ཡང་མྱངས་མ་མྱོང་། མཚམས་རེར་ངས་གསང་སྤྱོད་ནང་དུ་ཕྱིན་ཏེ་ལག་གཉིས་ཐལ་མོར་སྦྱར་ནས། དགོན་པའི་ལྷ་ཁང་གི་མིང་རེ་རེ་བཏོན་ནས་དེ་རིང་ང་ལ་རྒན་བདག་གིས་མི་བརྡུང་བར་ཤོག་ཅེས་སྨོན་ལམ་ཡང་ཐེངས་མང་བཏབ།

གུང་སེང་གི་ཉིན་མོ་ཞིག་ལ་རྒན་བདག་གིས་ང་ལ་ “ཁྱོད་ཡར་ལངས་ནས་ང་ཚོ་ལ་སྨྱོས་པའི་རྣམ་འགྱུར་སྟོན་” ཟེར། ངས་རྒན་བདག་ལ་ “སྐུ་མཁྱེན་དེ་འདྲ་ངས་མི་ཤེས། དེ་རིང་ང་ཚེ་ཐར་གཏོང་རོགས་” ཞུས་པ་ཡིན། སྐབས་དེར་རྒན་བདག་གིས་ང་ལ་ “དེ་འདྲ་ཡིན་ན་ལག་མཐིལ་དུ་དབྱུག་པ་ཚར་བརྒྱ། ཡང་ན་སྨྱོ་ཚུལ་བྱ་རྒྱུ་འདི་གཉིས་ལས་གདམ་ཁ་ཡིིན་” ཟེར། དབྱུག་པ་བརྒྱ་འཛེད་ག་ལ་ནུས། ངས་ཕྱི་མ་དེ་བདམས་པ་ཡིན། སྨྱོ་ཚུལ་བྱས་པས་ཀུན་ཀྱིས་ངོར་བཞད་གད་ཀྱི་གནས་སུ་གྱུར། མ་ཟད་མིང་གི་གནས་ཀྱང་གྱུར་ཏེ། དེ་ནས་བཟུང་ང་ལ་སྨྱོན་པ་ཞེས་འབོད། ངས་གྲྭ་ཤག་དེར་དཀའ་སྡུག་མང་པོ་མྱངས་ནས་ལོ་ཟླ་ཡུན་གྱིས་བཞུད་རྗེས། ཉིན་ཞིག་དེ་ནས་ཕྱིར་ཐོན་རྒྱུའི་གོ་སྐབས་ཐོབ་བྱུང་།

བདུན་པ།

ད་གཟོད་ངས་སྔ་དགོང་རྒྱུན་པར་རང་གི་སྤྲོ་སྣང་དང་བསྟུན་ནས་སློབ་སྦྱོང་སྦྱངས་པ་དང་། ད་ཆར་ངའི་སེམས་པ་འཇིགས་སྐྲག་གིས་སྟོངས་པས། སེམས་བསམ་པའི་གཏིང་ནས་དགའ་བ་ལ་གསལ་བཤད་བྱེད་དཀའ་བ་ཞིག་རེད། གྲྭ་ཤག་དེ་ནས་ཐོན་དུས་ངའི་ལག་ཏུ་ཡོད་པ་ནི། མལ་ཆས་གཅིན་དྲི་བྲོ་བ་ཞིག་དང་། དེབ་གཅིག་ལས་མེད། ཐ་ན་མཐིལ་ལྷམ་ཞིག་ཀྱང་མེད་པ་ཡིན།

སྐབས་དེ་དུས་བདག་པོས་མི་ཤེས་པའི་གོ་སྐབས་དང་བསྟུན་ནས་མཐིལ་ལྷམ་ཞིག་རྐུ་དགོས་བསམ་ནའང་རང་ཉིད་ལ་ཉེན་ཁ་ཚབས་ཆེན་ཞིག་ལས་གཞན་ཅང་མ་མཆིས་ཏེ། བདག་པོ་སོ་སོས་མཐིལ་ལྷམ་ཕྱོགས་ཡོངས་གྲིས་གཏུབས་ཏེ་དཀྱིལ་དུ་དབྱིན་ཡིག་རེ་བྲིས་ནས་རྟགས་བརྒྱབ་ཡོད་པ་ཤ་སྟག་ཡིན། དེ་བས་ང་དང་གྲོགས་པོ་འགས་གླིང་སྐོར་འགྲོ་སའི་ཉེ་འགྲམ་དེར། དགོན་པ་སྤྱིའི་གད་སྙིགས་གཡུག་ས་ཞིག་ཡོད་པ་དེར་ཕྱིན་ནས་མཐིལ་ལྷམ་བསྒྲུགས། མཚམས་རེར་སྟབས་ལེགས་སྟེས་དབང་གིས་གཡས་ཕྱོགས་ཀྱི་མཐིལ་ལྷམ་ཨང་བཅུ་ཅན་དང་གཡོན་ཕྱོགས་ཀྱི་ཨང་བརྒྱད་ཅན་རེ་རྙེད་དུས་དགའ་ཐག་ཆོད་དེ། ཆེ་བའི་ཕྱོགས་གཏུབས་ཏེ་ཚད་ལ་རན་པ་བཟོས་ནས་གྱོན་གྱིན་ཡོད།

ཡང་སྐབས་རེ་གླིང་སྐོར་འགྲོ་ལམ་དེར་བྷོན་ཊ་1འཚོང་སར་ཕྱིན་ནས་འབའ་ཁུག་ནང་དངུལ་མེད་ནའང་གཞན་གྱིས་སྟེར་མི་ཡོང་ངམ་སྙམ་པའི་རེ་བ་བཅངས་ཏེ་བསྒུགས་བསྡད། མཚམས་རེར་གཞན་གྱིས་བྷོན་ཊ་བཟས་ཚར་ནས་གཡུགས་པའི་ཚོད་མའི་ཁུ་བ་བསྒྲུགས་ནས་ཟ། དེ་ལྟའི་ངང་རིམ་བཞིན་ནར་སོན་བྱུང་། དེ་ནས་གྲོང་ཆོོག་མཚམས་རེར་ཕྱིན་པའི་ཡོན་དང་ཆོས་བཏོན་པའི་ཡོན་བསགས་ནས་ནང་ལ་ཕྱིན་པ་ཡིན།

བརྒྱད་པ།

ཉིན་ཁ་ཤས་རྗེས་ང་རང་ཕ་ཡུལ་ལ་འབྱོོར་སོང་། དུས་ཚོད་ནི་ཉིན་དགུང་རྒྱབ་ཡོལ་ཙམ་ཞིག་ལ་གྲོང་གསེབ་དེར་སླེབས། ཡར་བལྟས་ན་ཐད་ཀར་ངའི་ཁྱིམ་དེ་མཐོང་འོང་། ཁྱིམ་ཕྱི་ནང་ན་མི་མང་པོ་ཞིག་བྲེལ་འཚུབ་འཚུབ་ངང་ཡར་རྒྱུག་རྒྱུག་མར་རྒྱུག་རྒྱུག་བྱེད་བཞིན་འདུག མ་ཟད་རྐང་དུང་དང་ཌ་རུ་སོགས་ཀྱི་སྐད་རྒྱང་རིང་ནས་གོ་ཡོང་། ང་མྱུར་བོར་ཕྱིན་ནས་མཆོད་ཁང་ནང་འཛུལ་ཏེ་ལྟ་དུས་མཆོད་མེ་འགའ་བསྒྲོན་ཡོད་ལ། བླ་མ་ཁ་ཤས་ཤིག་འདོན་པ་འདོན་གྱིན་བཞུགས་འདུག སྤོ་བོས་ལག་ན་ཕྲེང་བ་བཟུང་ནས་མ་ཎི་བགྲང་ཞིང་། རྨོ་མོས་ཕྱག་འཚལ་གྱིན་འདུག ང་མཐོང་བ་དང་སྤོ་བོ་དང་རྨོ་མོ་མྱུར་དུ་ངའི་གམ་དུ་འོངས། “ནམ་སླེབས་ཡིན་” ཞེས་སྐད་ཆ་དྲིས། བསམ་ཡུལ་ལས་འདས་པ་ཞིག་ལ། ད་ལྟ་གཏོང་བཞིན་པའི་ཚོགས་འཁོར་དེ་ངའི་ཨ་མའི་ཆེད་དུ་ཡིན་པ་དང་། ཨ་མ་འདས་གྲོངས་སུ་ཕྱིན་ནས་ལོ་འཁོར་མོ་གཅིག་སོང་འདུག དེ་ལྟར་ཐོས་རྗེས་ངའི་སེམས་སྟོང་སང་ངེ་ངང་མགོ་བོ་འཐོམ་འཐོམ་ཆགས་སོང་། ངས་རིག་པ་བསྒྲིམས་ཏེ་ཡུད་ཙམ་རིང་སྨོན་ལམ་བཏོན་པ་ཡིན།

ཉིན་ཁ་ཤས་ང་རང་ཁྱིམ་དུ་བསྡད། སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ང་ལ་གསེར་གྱི་གའུ་ཞིག་སྤྲད་བྱུང་། “བུ་གའུ་འདི་ཡག་པོ་ཉར་རོགས། ཁྱོད་རང་ལ་མ་འོངས་པར་ཏན་ཏན་ཕན་ཐོགས་ཡོང་། རྒྱུ་རྙིང་པ་ཡིན། ད་ཁྱོད་རང་སེམས་སྡུག་མ་བྱེད། རང་གཞན་ཐམས་ཅད་དུས་སྔ་ཕྱི་ཡི་ཁྱད་པར་ཙམ་མ་གཏོགས། ཉིན་ཞིག་ཡོད་ཚད་བོར་ནས་འགྲོ་དགོས་རེད། གང་མགྱོགས་དགོན་པར་སོང་ལ། ཆོས་ཡག་པོ་སྦྱོངས་” ཉམས་མྱོང་དང་འབྲེལ་བའི་སློབ་གསོ་མང་པོ་གནང་བྱུང་། ཕྱི་ཉིན་དེར་ང་རང་ནང་ནས་ཐོན་པ་ཡིན།

ད་ནི་ཆུ་ཚོད་དྲུག་པའི་ཐོག་མེ་འཁོར་འགྲོ་རྒྱུ་ཡིན་པས། ངས་ཆུ་ཚོད་ལ་ལྟ་དུས་དྲུག་པ་ཟིན་གྲབས་འདུག དལ་གྱིས་མེ་འཁོར་འགྲོ་སྐབས། སྒེའུ་ཁུང་ལས་ཕྱིར་ལྟ་དུས་བུ་མོ་ཞིག་གིས་རྒད་མོ་ཅིག་ཁྲིད་ནས་ཡོང་གིན་འདུག བུ་མོ་དེས་ཚུར་བལྟས་ནས། མེ་འཁོར་འགྲོ་བཞིན་པ་མཐོང་བས། རྒད་མོ་དེ་རེ་ཞིག་གཡུགས་ནས། གློ་བུར་དུ་རྒྱུགས་ཡོང་ཞིང་ལག་བརྡ་བྱས། ངས་མྱུར་དུ་སྒེའུ་ཁུང་སྟེང་གི་ལྕགས་ཐག་འཐེན་པས། མེ་འཁོར་དལ་གྱིས་བཀག་སོང་། ཕྱིར་ཐོན་ནས་བུ་མོ་དེའི་ཁུག་མ་ཁྱེར་རོགས་བྱས་པ་ཡིན། དེ་གར་མེ་འཁོར་ནང་གི་ལྟ་རྟོག་པ་སླེབས་ནས་སྒོར་ལྔ་བརྒྱ་ཉེས་ཆད་བཅད།

བསམ་བློ་ཡང་འཁོར་མ་མྱོང་བ་ཞིག་ལ་ང་ཚོ་སྡོད་ས་ཡང་མཉམ་དུ་རེད་ཤག ཨ་མ་དང་བུ་མོ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུས་ཤིང་། རིམ་གྱིས་ང་ཚོ་ཕན་ཚུན་ངོ་སྤྲོད་བྱས། བུ་མོའི་མིང་ལ་དབྱངས་འཛོམས་ཟེར་ཞིང་གཞན་རྒད་མོ་དེ་ནི་མོའི་རྨོ་མོ་དང་། ཁོང་གཉིས་མོན་གྷོཊ་གཞིས་ཆགས་ནས་ཡིན་པར་བཤད།

དགུ་པ།

མོས་“ད་ཆར་ང་ཚོ་བལ་ཡུལ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་མཇལ་དུ་ཕྱིན་པ་ཡིན་” གཞན་ཡང་རིམ་གྱིས་གནས་སྐོར་དུས་སུ་བྱུང་བའི་གནས་ཚུལ་དང་། བལ་ཡུལ་ནས་ཁུར་ཡོང་བའི་མངར་རྫས་རིགས་སྣ་ཚོགས་བྱིན་བྱུང་། ད་དུང་མོའི་ཕ་མ་གཉིས་ཆུང་དུས་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་སོགས་ཧ་ཅང་སྙིང་ཉེ་པོའི་ཐོག་ནས་ཤོད་པར་བྱེད། ངས་ཀྱང་རང་གི་མི་ཚེའི་གནས་སྟངས་དང་། ད་ཆར་ང་ཡང་ཕ་མ་གཉིས་ཀ་མེད་པའི་དྭ་ཕྲུག་ཅིག་ཡིན་པ་ངོ་སྤྲོད་བྱས་པས། མོས་ “ང་གཉིས་བསོད་ནམས་ཟད་པའི་མི་ཞིག་ཡིན་”ཟེར། ངེད་གཉིས་ཉིན་མོ་དེར་ཕན་ཚུན་གཏམ་བཤད་བྱས་ཏེ་ཉིན་གང་འབྲལ་བ་མེད་པ་ལུས་དང་གྲིབ་མ་ནང་བཞིན་ཏེ། མཚམས་རེར་མོ་གཉིད་ཁུག་དུས་མགོ་ངའི་པང་དུ་བཞག་ནས་ཉལ་བ་དང་། མཚམས་རེར་མོས་ང་ལ་གླུ་གཞས་བཏང་། ཅི་ཡིན་མ་ཤེས་པར་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་། འབྲལ་མི་ཕོད་པའི་འབྲེལ་འདྲིས་ཤིག་ཏུ་གྱུར།

ཞོགས་པ་དེར། ངེད་གསུམ་ཞོགས་ཇ་འཐུང་བཞིན་པའི་སྐབས་རྨོ་མོས་ “ཁྱོད་གཉིས་མཉམ་དུ་ཐུག་པའི་ཉིན་མོ་ནས། དུས་ཚོད་དག་དགོད་སྒྲ་ཤིག་ཤིག་ངང་རྫོགས་སོང་། བུ་ཉོན་དང་། ངའི་བུ་མོ་ནི་སློབ་སྦྱོང་ཐོན་ནས་གཞུང་ལས་ཤིག་ལས་བཞིན་པའི་སྒང་ཡིན། མོའི་ཕ་མ་གཉིས་ཀ་ང་ཡིན་པས། ངས་རྒྱུན་པར་མོ་ལ་གཏན་གྲོགས་ཡག་པོ་ཞིག་འཐོབ་པའི་སྨོན་ལམ་རྒྱག་གིན་ཡོད། ད་ཕལ་ཆེར་ངའི་སྨོན་ལམ་དེ་དཀོན་མཆོག་གིས་གསན་གནང་བ་འདྲ། མོ་ལ་དཀོན་མཆོག་གིས་གནང་བའི་གཏན་གྲོགས་ཁྱོད་རང་ཡིན། ཁྱོད་རང་གཉིས་གཉེན་སྒྲིག་བྱས་ན་ཨེ་ཆོག་ཟེར་”

སྐབས་དེར་མོ་རང་དགོད་འཛུམ་འཛུམ་ངང་། ངའི་གདོང་ལ་མིག་གིས་ལྟ་ཙམ་ལྟ་ཙམ་བྱས། གདོང་ལ་ངོ་ཚ་བའི་རྣམ་འགྱུར་ཞིག་ཀྱང་གསལ་འདུག ངས་བསམ་བློ་ཡུན་རིང་ཞིག་བཏང་མཐར་མོ་དང་ལྷན་དུ་གཉེན་སྒྲིག་བྱ་རྒྱུ་ཐག་ཆོད་བྱས་པ་ཡིན། རྨོ་མོས་ “འོ་ཡ་ངའི་བསམ་པ་རྫོགས་སོང་། རེ་སྨོན་འགྲུབ་སོང་” ཞེས་མང་དག་ཅིག་བརྗོད།

དུས་དེ་ནས་བཟུང་ང་རང་དགོན་པར་མ་ཕྱིན་པར། མོན་གྷོཊ་གཞིས་ཆགས་འདིར་འོངས་པ་ཡིན། ལོ་གཅིག་རྗེས་དབྱངས་འཛོམས་དང་གཉེན་སྒྲིག་བྱས། མོའི་གཞུང་ལས་ལས་བྱུང་བའི་གླ་དེ་མ་གཏོགས། གཞན་ཡོང་ཁུངས་ཤིག་མེད་སྟབས། ངའི་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་བྱིན་པའི་གསེར་གྱི་གའུ་དེ་རྒྱུ་ཤིན་ཏུ་རྙིང་པ་ཡིན་པས། ཚོང་པ་ཞིག་ལ་བཙོངས་པར་རིན་གོང་མི་ཉུང་བ་ཞིག་ཁུགས་བྱུང་། ད་གཟོད་འབད་རྩོལ་མི་དགོས་པར་མི་ཚེ་བསྐྱལ་རྒྱུ་ཡི་མ་རྩ་ཡོད་སྟབས། དབྱངས་འཛོམས་ལ་གཞུང་ལས་མཚམས་འཇོག་བྱེད་དུ་བཅུག་པ་ཡིན། ད་ལྟ་མོ་དྷི་ལིར་ཕྲུ་གུ་སློབ་གྲྭར་སྐྱེལ་དུ་བུད་སོང་ཟེར་སྐབས་ “ཀྲི་ལིང་ལིང་།…. ཀྲི་ལིང་ལིང་།….” ཞེས་སྒྲ་གྲག

དེ་ནི་བསྟན་འཛིན་ལ་ཁ་པར་སླེབས་སོང་བས། ཁོས་ “མོ་ང་ལ་བསྒུགས་ནས་བསྡད་ཡོད་ཟེར་གྱི། དེ་རིང་དངོས་གནས་སེམས་པ་སྟོང་སེང་ངེ་བཟོས་སོང་། ད་གིན་འདས་དོན་དྲན་ནས་མིག་ཆུ་བཏང་བ་ཁག་མི་འདུག ཡ་ད་ཇ་སྦྱིན་བདག་གྲོགས་པོ་ཁྱེད་རང་ཡིན། མོ་བསྒུགས་ནས་བསྡད་ཡོད་རེད། ང་འགྲོ་རྒྱུ་ཡིན་” ཟེར་བཞིན་བྲེལ་འཚུབ་འཚུབ་ངང་རྒྱུགས་ཕྱིན་སོང་།

བསྟན་འཛིན་གྱི་རྒྱབ་གཟུགས་དེ་ངའི་མིག་ལམ་ནས་ཆུང་ནས་ཆུང་དུ་གྱུར་ཏེ་མཐོང་ལམ་ནས་ཡལ།


  1. རྒྱ་གར་སྐད་དུ་ཟན་རིལ་སྣུམ་བཙོས་ལ་གོ
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།