སློབ་དཔོན་བཀྲ་ཤིས་དགེ་ལེགས།
གདོད་ནས་ཀུན་བཟང་ངོ་བོར་བྱང་ཆུབ་ཀྱང་།།
མ་ངེས་གདུལ་བྱའི་རེ་འདོད་སྐོང་བའི་སླད།།
ཐར་པའི་ལམ་སྟོན་གྲུབ་དབང་བླ་མ་ལགས།།
ཞིང་འདིར་ངུར་སྨྲིག་འཛིན་པའི་ཚུལ་དུ་ཕེབས།།
སྲིད་པའི་སྨག་རུམ་ཁྲོད་དུ་བྱིང་བ་རྣམས།།
དམ་ཆོས་བདུད་རྩིའི་ཟེགས་མས་སྐྱོང་བཞིན་དུ།།
མངོན་མཐོ་ངེས་ལེགས་ལམ་བཟང་སྟོན་པ་ལ།།
ཁྱེད་ལས་ལྷག་གཅིག་སྲིད་འདིར་གང་ན་ཡོད།།
སྙིགས་མའི་དུས་སུ་བསྟན་པ་ཉག་ཕྲ་ཚེ།།
རི་ཆུ་བརྒྱ་ཕྲག་བཅད་དེ་ས་མཐའ་རུ།།
གཅེས་པའི་ལུས་དང་སྲོག་ལ་མ་འཛེམས་པར།།
དྲི་མེད་རྒྱལ་བའི་བསྟན་པ་སླར་ཡང་སྤེལ།།
སྔ་འགྱུར་བསྟན་པའི་འབྱུང་གནས་རྣམ་གླིང་ཞིང་།།
ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ཕྱག་བཏབ་པས།།
སྐར་ཚོགས་ས་ལ་བབ་འདྲའི་ངུར་སྨྲིག་སྡེའི།།
འཆད་རྩོད་རྩོམ་གྱི་སྙན་པ་འབྲུག་ལྟར་གྲགས།།
ཕྱུག་པོའི་མི་ལ་སྤྲེལ་ལད་མི་འཁྲབ་ཅིང་།།
བཙན་པོའི་མདུན་དུ་སྡར་སྐད་མི་ཤོར་བའི།།
རང་ཚུགས་བརྟན་པོས་བསྟན་དོན་སྒྲུབ་པ་ལ།།
རིགས་པའི་དཔའ་བོ་ཁྱེད་འདྲ་སྲིད་མཐའ་ཙམ།།
ཕལ་པའི་ཕལ་པ་དག་གི་འདོད་བློ་ལྟར།།
ནང་གི་བསྐྱེད་རྫོགས་ཟབ་མོའི་གདེང་ལྡན་པས།།
སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དངོས།།
གྲུབ་དབང་བླ་མ་སྤྱི་བོའི་གཙུག་ཏུ་བཀུར།།
སྔ་འགྱུར་བསྟན་པའི་ཤིང་རྟ་རིམ་བྱོན་གྱི།།
ཐུགས་ཀྱི་དགོངས་པ་གཅིག་ཏུ་སྐྱོང་མཁས་པས།།
རིགས་དང་རུས་མི་གཅིག་པའི་སྐྱ་སེར་ཚོས།།
ཁྱེད་ཀྱི་ཞབས་རྗེས་རེ་ལའང་སྨོན་གྱིན་འདུག །
ཕྱི་རོལ་ངུར་སྨྲིག་གོས་ཀྱིས་མཛེས་པ་དང་།།
ནང་ན་ཚུལ་ཁྲིམས་གཙང་མའི་དྲི་བསུང་འཐུལ།།
ཕྱི་ནང་གཡོ་ལྷད་མེད་པའི་རྒྱལ་སྲས་ཉིད།།
བདག་གི་དྲན་པའི་གཏིང་ན་གསལ་ལྷང་ངེ་།།
དབུ་ནག་བོད་མིའི་ཕ་ས་གཙང་མ་རུ།།
ཁྱེད་ཀྱི་ཕྲིན་ལས་ཀུན་ལ་ཁྱབ་ངེས་པས།།
དུས་ཀྱི་རླུང་འཚུབ་ལྡང་ལ་མི་གཡོ་བར།།
གོང་མའི་རྣམ་ཐར་ཇི་བཞིན་སྐྱོང་བར་མཛོད།།
ཕྱི་ཚུལ་བལྟས་ན་བྱིས་པའི་ཆ་ལུགས་འཛིན།།
ནང་གི་སེམས་ཉིད་སངས་རྒྱས་ཀུན་དང་མཉམ།།
ཕྱོགས་ཞེན་རི་མོ་བྲལ་བའི་གྲུབ་དབང་རྗེ།།
འགྱུར་མེད་རི་རྒྱལ་བཞིན་དུ་རྟག་བརྟན་ཤོག །