ལོ་རིམ་བཞི་པའི་སློབ་གཉེར་བ། མཆོག་བཀྲ་ཤིས།
བདེན་བཞིའི་གནས་ལུགས་ཐུགས་སུ་ཆུད་ཅིང་མ་འདྲེས་སོ་སོར་སྟོན་མཛད་པ།།
ས་བཅུ་ལམ་ལྔ་རབ་ཏུ་རྫོགས་པའི་འཛམ་བུ་གླིང་གི་མངའ་བདག་པོ།།
གང་གི་དོན་དུ་མཛད་པ་བཅུ་གཉིས་སྟོན་པའི་ཐབས་མཁས་ཐུགས་རྗེ་ཅན།།
ལག་ཟུང་སྙིང་གི་དཀྱིལ་དུ་བཞག་ནས་ཁྱེད་ལ་སྒོ་གསུམ་གུས་པས་འདུད།།
འཇམ་དཔལ་མཉེས་པའི་བློ་གྲོས་མེད་ཀྱང་བདེན་དོན་འཚོལ་ལ་གཤིས་ཀྱི་དགའ།།
ཆོས་ཉིད་དོན་ལ་བསྙོན་མ་མཆིས་ཀྱང་ཅི་གསུང་བདེན་པར་འཛིན་སྲོལ་མེད།།
ཡོད་མེད་བདེན་རྫུན་ཆགས་སྡང་བློ་ཡིིས་ཕར་བཀག་ཚུར་བསྒྲུབ་མི་དགའ་ཡང་།།
རང་རྒྱུད་པདྨའི་མདངས་ཙམ་མཚོན་ཕྱིར་འདི་ནས་འཇུག་པར་སྤྲོ་དགས་འཚལ།།
ཞེས་སྟོན་པ་ཐུགས་རྗེ་ཅན་ལ་གུས་ཕྱག་སྔོན་དུ་བཏང་ནས་འདིར་བཤད་འདོད་པའི་གཏམ་གླེང་བར་བྱ་སྟེ། དང་པོ། དེང་སང་ནང་པའི་གྲྭ་བཙུན་གྱི་ནང་ནས་མངོན་མཛོད་ཀྱི་རི་རབ་མེད་པར་སྨྲ་བ་ལ་མི་འཐད་པའི་བསམ་ཚུལ་ཡོད་པར་འདོད་པ་ལ་འཐད་ལྡན་གྱི་འགྲེལ་བརྗོད་བྱེད་མཁན་གྲངས་ཀ་བརྒྱ་ལས་མི་ཉུང་བ་ཞིག་ཐོན་དང་འཐོན་བཞིན་འདུག དེ་དག་ལ་ཞིབ་ཀྱིིས་བལྟས་ན། ཕལ་ཆེར་ཕ་རོལ་པོའི་འདོད་པ་དང་དབྱིག་གཉེན་གྱི་དགོངས་པ་ཇི་བཞིན་དུ་མ་མཐོང་བའི་རང་མཚང་བསྟན་པ་ཙམ་ལས། དེ་མེད་པར་མི་འཐད་པ་ལ་རིགས་པའི་རྒྱབ་རྟེན་དང་། ཡོད་པར་འཐད་པ་ལ་ལོ་རྒྱུས་ཁུངས་ལྡན་གང་ཡང་ཡོད་ཚོད་མི་འདུག དོན་གྱིས་མངོན་མཛོད་ཀྱི་རི་རབ་ཡོད་པར་ཁས་འཆེ་བ་ནི་གསུང་བ་པོ་མཁས་མཆོག་དབྱིག་གཉེན་ཡིན་ཞིང་དེ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་གི་སློབ་དཔོན་ཡིན་པས་དེའི་བཀའ་དང་འགལ་བར་གྱུར་ན་ནང་པའི་ལྟ་གྲུབ་དང་རྒྱབ་འགལ་དུ་འགྲོ་བར་འཇིགས་ནས་ཁོང་གིས་ཡོད་ཅེས་གསུངས་ན་ཡོད་པ་དང་མེད་ཅེས་གསུངས་ན་མེད་པར་སྒྲ་སོར་བཞག་བྱས་པ་ཙམ་ལས་མ་འདས།
མ་ཟད་མངོན་མཛོད་ཀྱི་རིི་རབ་མེད་པར་སྨྲ་བ་ལ་མི་འཐད་པའི་བསམ་ཚུལ་བསྟན་པ་ནི་ཕ་རོལ་པོས་ཡོད་ན་ཚན་རིག་པས་མཐོང་དགོས་པ་ལས་དེས་མ་མཐོང་བའི་ཕྱིར་མེད་པར་བསྒྲུབས་པ་རེད་སྙམ་པའི་རྨོངས་ཚོད་བྱས་པ་ཙམ་ལས། ཕ་རོལ་པོས་མངོན་མཛོད་ཀྱི་རི་རབ་མེད་པ་ལ་སྒྲུབ་བྱེད་ཀྱི་རིགས་པ་བཀོད་པ་དེ་མི་མངོན་མུན་པའི་ཀློང་དུ་སྦས་པས་མཐོང་མི་འདུག དེས་ན་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བའི་བཟོ་འདྲ་ཞིག་བྱས་པ་ནི་འདྲེ་ཤར་སྒོར་ཡོད་ཚེ་གླུད་ནུབ་སྒོར་གཡུགས་པ་དང་མཚུངས་པས་དོན་གྱིས་དགག་པ་ག་ལ་འགྲོ། སྤྱིར་བཏང་ནས་འཇིག་རྟེན་གྱི་གཏམ་དཔེར་མི་སུམ་ཅུར་བསམ་བློ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པ་ལྟར་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་བར་མ་ངེས་པས་བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཡོང་སྲིད་ཀྱང་།
འོན་ཏེ་མི་ཞིག་ཐོག་མ་ཉིད་ནས་མུན་ནག་གི་དོང་ཞིག་ཏུ་འཛུལ་ཏེ་བསྡད་ན་ཁོས་དེར་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་ལྟ་བ་ལས་སྡུག་བསྔལ་ཁབ་རྩེ་ཙམ་ཡང་མི་ཚོར་བ་བཞིན། རང་ཕྱོགས་ལ་ཆགས་པའི་མི་ཞིག་གིས་རང་ཅག་གི་སྟོན་པས་ཅི་མཛད་ལེགས་པར་མཐོང་བ་དང་ཅི་གསུངས་བདེན་པར་འཛིན་པ་ལས་དེར་ཉེས་རྫུན་གྱི་ཆ་ཏིལ་འབྲུ་ཙམ་ཡང་མི་སྣང་། དེ་ནི་ཆགས་སྡང་བློ་ཡི་གཞན་དབང་དུ་སོང་བས་ཁྲ་ཆུང་མིག་ཟུང་གི་མདུན་དུ་ལྷགས་བཞིན་པའི་གནས་ཚུལ་དེ་དག་མཐོང་བའི་གཟུར་གནས་ཀྱི་བློ་གྲོས་མེད་པའི་སྐྱོན་ལས་སོ། །དེས་ན་གནས་ལུགས་མིག་འབྲས་བཞིན་བསྲུང་དགོས་ན་དྲང་པོའི་ལམ་ཆེན་དེར་འཛུལ་དགོས། བདེན་པ་ཚེ་སྲོག་ལས་གཅེས་དགོས་ན་ཕྱོགས་ཞེན་འཛིན་པ་དེ་སྤོངས་ཞེས་པ་ནི་སྡོམ་ཚིག་ཆེན་པོ་ཞིག་ཡིན་པས་གཅེས་པར་གྱིས་ཤིག
སྟོན་པའི་རིང་ལུགས་འཛིན་པའི་ཆོས་གྲོགས་ཚོ། །རང་གི་ཕྱོགས་དང་མཐུན་མིན་མ་ལྟོས་པར།།
གནས་ཚུལ་ཇི་བཞིན་གཏན་ལ་འབེབས་པ་ཡི། །གཟུར་གནས་བློ་ཡིས་བཤད་པར་ཡིད་རྟོན་གྱིས།།
ཞེས་ཀྱང་དབང་མེད་དུ་ཐལ་ལོ།།
གཉིས་པ། དེ་ནས་ཚན་རིག་པས་མ་མཐོང་བ་ཙམ་གྱིས་རི་རབ་མེད་པར་ངེས་མི་ནུས་ཞེས་སྨྲ་བ་ཁྱེད་ཀྱིས་སངས་རྒྱས་གཉིས་པ་དབྱིག་གཉེན་ནི་སྐྱེ་བ་དུ་མར་པཎྜི་ཏའི་སྐུ་སྐྱེར་བཞེས་པ་ཡོངས་སུ་གྲགས་ཤིང་གྲུབ་ན་ང་ཚོ་ཐ་མལ་པ་བཞིན་གང་དྲན་ངག་ལམ་ནས་ཤོད་མཁན་ཞིག་དང་བརྟག་དཔྱད་མ་བྱས་པར་ཁུངས་མེད་ལུང་མེད་ཀྱིས་རི་རབ་མེད་ཀྱང་ཡོད་པར་ཤོད་མཁན་ཞིག་གཏན་ནས་མིན་ཞེས་བརྗོད་དེ་རྟོན་པ་བཞི་གོ་ཟློག་ཏུ་བརྩིས་ནས་མངོན་མཛོད་ཀྱི་རི་རབ་དེ་ཡོད་པར་ཁུངས་སྐྱེལ་བྱས་འདུག་ཀྱང་། དེ་རྒྱུ་མཚན་ཡང་དག་ཏུ་མི་འཐད་པར་ཁོ་བོས་འདི་ནས་བཤད་པར་བྱ། སློབ་དཔོན་དབྱིག་གཉེན་སྐྱེ་བ་དུ་མར་པཎྜི་ཏའི་སྐུ་སྐྱེར་བཞེས་པ་ཡིན་དུ་ཆུག་ཀྱང་། དེ་ཙམ་ལ་མགོ་བོ་རྨོངས་ཏེ་ཁོང་གིས་རི་རབ་ཡོད་ཅེས་གསུངས་ནས་དེ་ལྟར་ཁས་ལེན་དགོས་པའི་ངལ་བ་བྱ་མི་དགོས་ཏེ།
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ལུང་གི་རྗེས་སུ་འབྲངས་པ་ཙམ་དུ་མི་བྱ་ཡི་རིགས་པས་རྗེས་སུ་དཔག་པར་བྱའོ། །ཞེས་གསུངས་པ་བཞིན། མངོན་མཛོད་ཀྱི་རི་རབ་ཡོད་ན་རིགས་པས་གཏན་ལ་འབེབས་དགོས་པ་ལས་ལུང་གིས་ཡོད་པར་ཁུངས་མི་འཁྱོལ་ལོ། །དེའི་རྒྱུ་མཚན་ནི་ལུང་ལ་རིགས་པ་དང་འགལ་མི་འགལ་ཅི་རིགས་ཡོད་པས་ལུང་ལས་རིགས་པ་གཙོ་ཆེ་བའི་གནད་ཀྱིས་ཡིན་ཏེ། ལེགས་ལྡན་འབྱེད་ཀྱིས། རིགས་པ་དང་འགལ་བའི་ལུང་ཙམ་རྗེས་སུ་འབྲངས་པའི་དེེ་ཁོ་ན་ཉིད་དུ་བསྒྲུབ་པ་ནི་བརྟག་མི་བཟོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །མ་ཟད་སློོབ་དཔོན་གྱིས་མཛོད་ནས་གསུངས་པ་དེ་དག་ཁྱེད་ཀྱིས་བཤད་པ་ལྟར་མདོ་ལས་ཁུངས་བཅོལ་བྱས་ཀྱང་། གླིང་བཞི་གླིང་ཕྲན་བསྟན་པའི་མདོ་གཞུང་རང་ལ་སྔ་ཕྱི་དངོས་ཤུགས་མི་མཐུན་པའི་འགལ་བའི་ཁུར་ཆེ་བས། མངོན་མཛོད་ནས་བཤད་པ་དེ་ངེས་པར་ཁས་ལེན་དགོས་པའི་རྒྱུ་མཚན་ཅི་ནས་ཀྱང་མ་མཐོང་། དེས་ན་དགེ་ཆོོས་ཀྱིས་སངས་རྒྱས་ཆོས་ལུགས་ལ་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་ཡིན་ཚེ་གཙོ་ཕལ་མཐོང་བའི་དགོངས་པ་གུ་ཡངས་པོ་ཞིག་བཞེས་ན་ལེགས་པ་ཡིན་གྱི་ལུང་རིགས་ཕྲ་མོ་ཡན་ཆད་མ་ཉམས་པར་འཛིན་ཁུལ་གྱིས་ལྐུག་པ་ཨུ་ཚུགས་བྱས་པས་མི་ཕན་ཞེས་པ་ལྟར། དོན་དངོས་ཀྱི་གནས་ལུགས་དང་ཡོངས་སུ་འགལ་བའི་སྐྱོན་ཆ་ཞིག་ཡོད་ན་དེ་ནི་དུས་རབས་ཀྱིས་བསྐྱུར་བ་ཡིན་པས་ལུང་གིས་ཨུ་ཚུགས་བརྒྱབ་ཀྱང་མི་ཕན་པས་དོར་རྒྱུ་ལས་འོས་མེད་དོ།།
གཞན་ཡང་ཁོང་གིས་གསུངས་ཚད་ཁྱེད་ཀྱིས་བདེན་པར་སྒྲུབ་མི་ནུས་ཏེ། དཔེར་ན་དགོངས་པ་ངེས་འགྲེལ་དང་ས་བཅུའི་མདོ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་ཡང་། རྣམ་རིག་པས་ངེས་དོན་དུ་ཁས་བླངས་པར། ཟླ་བའི་འཇུག་པ་ལས། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །ཞེས་སོགས་ཀྱིས་མདོ་སྡེ་དེ་དག་སྒྲ་ཇི་བཞིན་དུ་བཟུང་ན་རིགས་པའི་གནོད་བྱེད་ཡོད་པར་གཟིགས་ནས་དྲང་དོན་དུ་བཀྲལ་བ་བཞིན་སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས་ཀྱང་ཡུལ་དུས་དང་བསྟུན་ནས་གསུངས་པ་ཡོད་པའི་ཕྱིར་མཐའ་གཅིག་ཏུ་བདེན་དགོས་པ་དང་གནས་ཚུལ་ལ་མ་མཐུན་རང་མཐུན་བྱེད་དགོས་པ་ཅི་ཡིན་ནམ། ཡང་གསུང་བ་པོ་ནང་པའི་སློབ་དཔོོན་ཡིན་པ་དང་གསུང་བྱ་ནང་པའི་གཞུང་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན། དེ་ལྟ་ན་ནི་བློ་ལྡན་པ་སུས་ཀྱང་ཡིད་རྟོན་འཕེར་བར་དཀའ་སྟེ། རང་ཕྱོགས་ལ་ལྷུང་ཞིང་རྣམ་དཔྱོད་ཀྱིས་མ་ཐེག་པའི་ཕྱིར་རོ།།
དེས་ན་དགེ་ཆོས་ཀྱིས་དེ་ཕྱིར་ཤེས་རབ་ཡོད་ན་ཕྱོགས་གང་ནས་བལྟས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ། །གསུངས་པ་དེ་འདིར་གནད་དུ་ཁེལ་བ་ཞིག་མིན་ནམ། དེའི་ཕྱིར་གང་ཞིག་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་ན་བདེན་པ་དང་དེ་ལས་ལྡོག་པ་ནི་རྫུན་པར་ཆགས་ཀྱི་ཡོད་སྟབས་ཡ་གིའི་མཁས་པ་བརྒྱ་ཡི་གསུང་ཡིན་ཡང་རུང་། མ་གིའི་བླུན་པོ་སྟོང་གི་གཏམ་ཡིན་ཡང་ཆོག དེར་རྒྱབ་རྟེན་གྱི་ཚད་མ་མེད་ན་ངེས་པར་དུ་ཁས་བླང་དགོས་པའི་བཙན་དབང་སུ་ལ་ཡང་མི་འདུག
མདོར་ན་དོན་རྣམ་ངེས་ལས། དོན་ལ་རྣམ་པར་འཇུག་པ་ན། །དྲང་དོན་ངེས་དོན་ཤེས་བྱས་ནས། །དྲང་བའི་དོན་ལ་མི་རྟོན་པར། །ངེས་པའི་དོན་ལ་རྟོན་བྱ་སྟེ། །ཞེས་དང་། དགོངས་གཞི་གང་ལ་དགོངས་ནས་སུ། །ལྡེམ་དགོངས་དགོངས་པ་བརྒྱད་ལྟ་བུ། །སྒྲ་ཇི་བཞིན་ལ་ཚད་མ་ཡིས། །གནོད་གང་དགོས་ཕྱིར་གསུངས་པ་ཡང་། །ཞེས་པ་ལྟར། དྲང་ངེས་ཀྱི་དབྱེ་མཚམས་ཞིབ་མོར་དཔྱད་ཅིང་ཤེས་པའི་ཐོག་ནས་གང་ཞིག་ལ་སྒྲ་ཇི་བཞིན་དུ་རིགས་པས་གནོད་པར་མཐོང་ན་རྒྱལ་བ་ཉིད་ཀྱི་བཀའ་ཡིན་རུང་ཡིད་རྟོན་བྱ་དགོས་དོན་མེད་པའི་ཕྱིར་མངོན་མཛོད་ཀྱི་རི་རབ་ཁས་ལེན་དགོས་པ་དེ་བས་ཀྱང་མི་འདུག་གོ།
གཞུང་ལུགས་བརྒྱ་ཕྲག་འཆད་ལ་མཁས་ཀྱང་རུང་། །པཎ་ཆེན་ལྔ་བརྒྱའི་སྐུ་སྐྱེར་འཁྲུངས་ཀྱང་ཆོག།
གང་བཤད་དོན་ལ་གནས་པར་སུ་ཡིས་བཤད། །ངེས་པར་ཁས་ལེན་དགོས་པའི་རྒྱུ་མཚན་ཅི།།
ཞེས་དང་།
མཁས་པའི་དགོངས་པ་ཇི་བཞིན་མ་རྙེད་པར། །གང་དྲན་ཐོལ་གྱིས་བཤད་པ་ངལ་བའི་མཐའ།།
རྒྱ་མཚོའི་གཏིང་མཐའ་ཟབ་པའི་གཞུང་གི་དོན། །གཟུར་གནས་བློ་ཡིས་བཤད་ན་དོན་ཆེན་འགྲུབ།།
ཅེས་ཀྱང་བྱའོ།།
གསུམ་པ། འདི་ཡན་གྱིས་མངོན་མཛོད་ཀྱི་རི་རབ་ཡོད་པའི་ལུང་གི་སྒྲུབ་བྱེད་མི་འཐད་པར་བསྒྲུབས་ནས། ད་ནི་རི་རབ་མེད་པའི་སྒྲུབ་བྱེད་དགོད་པར་བྱ་སྟེ། ཚད་མ་རིགས་པའི་གཞུང་ནས་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ལ་བཞག་སྟེ་ཚད་མས་དམིགས་མ་དམིགས་ཀྱི་སྟེང་ནས་ཡོད་མེད་ཐག་བཅད་པ་མ་གཏོགས་ལུང་གིས་ཡོད་མེད་ཐག་གཅོད་བྱེད་ཀྱིན་མེད། དཔེར་ན་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལྟ་བུ་ཚུར་མཐོང་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཡིན་ཡང་མུ་སྟེགས་རྒྱང་འཕེན་པ་ལ་རིགས་པ་ཁོ་ནས་བསྒྲུབས་པ་མ་གཏོགས་ལུང་གིས་བསྒྲུབས་མེད། ཤིན་ཏུ་ལྐོག་གྱུར་གྱི་ལས་འབྲས་སོགས་ཕལ་པས་ལུང་ལ་བརྟེན་ནས་རྟོགས་པ་ཡོད་ཀྱང་། དེ་ཡང་དཔྱད་པ་གསུམ་གྱིས་དག་པ་ཞིག་དགོས་པས་ན་མཐར་ཡོད་ཚད་རིགས་པ་ལ་ཁུངས་མ་བཅོལ་ཀ་མེད་ཡིན་པ་ནི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཤེས་ཐུབ། དེས་ན་ཐ་སྙད་འདིར་ཡོད་ན་ཚད་མ་གཉིས་གང་རུང་གིས་དམིགས་དགོས་པ་ལས་དེས་མ་དམིགས་ན་མེད་པས་ཁྱབ་པའི་ཕྱིར།
མངོན་མཛོད་ཀྱི་རི་རབ་མེད་པར་ཁས་བླངས་ཀྱང་ནང་པའི་ཆོས་སྨྲ་བ་ང་ལྟ་བུ་ཞིག་གིས་ཁ་སྐྱེངས་དགོས་དོན་མེད་དེ། ༸གོང་ས་མཆོག་གིས་གསུངས་པ་བཞིན་ནང་པའི་ཆོས་ཀྱི་སྙིང་དོན་ནི་བདེན་པ་བཞི་ལས་བརྩམས་ཏེ་སྲིད་ཞིའི་གནས་ལུགས་གཏན་ལ་འབེབས་པའི་རིགས་ལམ་གྱི་དོན་སྙིང་ལྡན་པ་ཞིག་ཡིན་པ་ལས་བཅོམ་ལྡན་འདས་ཀྱིས་རི་རབ་ཡོད་མེད་ཀྱི་རྣམ་གཞག་གཞན་གཏན་ལ་འབེབས་པའི་སླད་དུ་བརྩམས་པའི་གཞུང་ལུགས་ཡན་གར་བ་ཞིག་མ་ཡིན་པའི་ཕྱིར་རོ། །འོ་ན་མངོན་མཛོད་ཀྱི་རི་རབ་དེ་ཚད་མ་གཉིས་ཀྱིས་ཅིའི་ཕྱིར་མ་མཐོང་ཞེ་ན་བཤད་པར་བྱ་སྟེ། གལ་ཏེ་མངོན་སུམ་གྱིས་དམིགས་ན། དེ་ནི་དཔག་ཚད་བརྒྱ་ཕྲག་ཅན་གྱི་རི་བོ་ཆེན་པོ་ཞིག་ཡིན་པར་བཤད་པའི་ཕྱིར་ན་ཚན་རིག་པས་མཐོང་མི་ནུས་པའི་རྒྱུ་མཚན་ཅི་ནས་ཀྱང་མེད་དེ། དཔེར་ན་དེང་སང་གོ་ལ་འདིའི་སྟེང་དུ་ཡོངས་གྲགས་སུ་རི་བོ་མཐོ་ཤོས་ནི་ཇོ་མོ་གླང་མ་ཡིན་པས་དེ་ནི་ཚན་རིག་པས་མཐོང་བ་མ་ཟད་འུ་ཚོས་ཀྱང་མཐོང་བའི་ཕྱིར་རོ། །མངོན་མཛོད་ཀྱི་རི་རབ་ནི་དེ་ལས་ཀྱང་མཐོ་བ་དང་ཆེ་བར་བཤད་སྲོལ་ཡོད་པས་སོ། །རིག་མིན་གྱི་གཟུགས་ནི་མིན་པས་ཅིའི་ཕྱིར་མིག་ལམ་དུ་མི་མངོན་པ་ཡིན་ནམ། དེར་ང་ཚོས་ལན་རྣམ་དག་ཅིག་གདབ་དགོས།
གཞན་ཡང་རི་རབ་དེ་བདེན་བཞིའི་གནས་ལུགས་དང་ཆོས་ཉིད་གང་ཡང་མིན་པས་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་མིན་པ་མངོན་སུམ་གྱིས་གྲུབ་པ་དང་། རང་རིག་སོགས་ཀྱི་ཡུལ་མིན་པ་ནི་ཤིན་ཏུ་ནས་ཀྱང་ཤེས་སླ་བས་འདིར་མ་བཤད། རྗེས་དཔག་གིས་ནི་མ་དམིགས་ཏེ་དེ་ནི་རྟགས་ལ་བརྟེན་དགོས་པ་གང་ཞིག་ལ་ཕལ་ཆེ་བས་དོན་ལ་སློབ་དཔོན་གྱིས་གསུངས་པའི་ཕྱིར་ཟེར་བ་ཙམ་ལས་གཞན་རྟགས་གང་ཡང་དགོད་རྒྱུ་ཡོད་ཚོད་མི་འདུག དེས་ན་ཁོ་བོས་མངོན་པ་ནས་བཤད་པའི་རི་རབ་དེ་ཚད་མ་གཉིས་གང་གིས་ཀྱང་ཡོད་པར་མ་དམིགས་པའི་ཕྱིར། ཞེེས་ཡ་ང་བ་དང་ཐེ་ཚོམ་གང་ཡང་མེད་པའི་སྒོ་ནས་ཁ་གསལ་གྱིས་བཤད་པ་ཡིན་ནོ། །གཞན་ཡང་ས་ཁམས་རིག་པའི་ཐོག་ནས་བརྟགས་ན་དེ་ལྟ་བུའི་རི་རབ་དེ་འཛམ་གླིང་འདིའི་སྟེང་དུ་གླིང་ཕྲན་བདུན་དང་རྒྱལ་ཁབ་བརྒྱ་དང་གོ་བཞི་གང་གི་ཕྱོགས་སུ་གཏོགས་སམ་ག་པར་ཡོད་ཅེས་དྲིས་ཚེ་སུས་ཀྱང་ལན་འདེབས་མི་ནུས་པས་མེད་པར་མངོན་སུམ་གྱིས་ཐག་ཆོད་པ་མིན་ནམ། འདི་ནས་གསལ་བཤད་བྱ་དགོས་པ་ཞིག་ལ། གཟུར་གནས་ཀྱི་བློ་གསར་པ་འགའ་ཞིག་གིས་ཡ་ཐོག་རྒྱ་གར་རིག་བྱེད་ཀྱི་གཞུང་ལ་བརྟགས་ནས་རི་རབ་ཅེས་བྱ་བ་ནི་གངས་ཏི་སེ་ཡིན་པར་ཁ་གསལ་གྱིས་བཤད་འདུག་པས་དེ་ནི་བདེན་ཤས་ཆེན་པོར་མཐོང་།
འོ་ན་ཁོ་བོས་མངོན་མཛོད་ཀྱི་རི་རབ་མེད་པར་བཤད་པ་དེ་ཇི་ལྟར་འཐད་དམ་སྙམ་ན། དབྱིག་གཉེན་གྱིས་སྒྲོ་བཏགས་སྣ་ཚོགས་ཀྱིས་གཡོགས་ཏེ་གངས་ཏི་སེ་ལས་ལོགས་སུ་རི་རབ་ཅིག་ཡོད་ཁུལ་བྱས་འདུག་པས་དེ་ནི་དངོས་ཡོད་གནས་ཚུལ་དང་མ་མཐུན་པའི་ཕྱིར་ན་མངོན་མཛོད་ཀྱི་རི་རབ་མེད་ཅེས་བཤད་པ་ལས། རིག་བྱེད་ཀྱི་གཞུང་དུ་གསལ་བའི་རི་རབ་དེ་མེད་པར་མ་བཤད་པའི་ཕྱིར་ཀུན་ཀྱིས་མཁྱེན་དགོས་པ་དེ་ལྟར་ལགས་སོ།།
ཡོད་མེད་རིགས་པས་གྲུབ་ལ་མི་རེ་བར། །དམ་པའི་ལུང་རེ་དྲངས་ནས་སུས་ཐག་ཆོད།།
དེའི་ཕྱིར་མཁས་པའི་གོ་གནས་བསྙེག་འདོད་ན། །གནས་ལུགས་དཔྱོད་པའི་བློ་གྲོས་མཐོང་བར་གྱིས།།
བཞི་པ། ཡང་ཁྱེད་ཀྱིིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་སྔར་ལེབ་ལེབ་ཡིན་རུང་ད་སྐབས་རིལ་རིལ་དུ་ཅིའི་ཕྱིར་འགྱུར་མི་རུང་ཞེས་བརྗོད་པས་མི་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་འཛམ་གླིང་སྔར་ལེབ་ལེབ་ཏུ་ཡོད་པ་ཞིག་ལ་ད་ལྟ་རྡོག་རྡོག་ཏུ་བཤད་པ་དེ་ཡང་མི་འཐད་པར་བསམ་ཚུལ་མདོར་བསྡུས་ཤིག་བཏོན་ན་མངོན་པ་ནས་ལྷོ་འཛམ་བུ་གླིང་ཞེས་བཤད་པ་ནི་རྒྱ་གར་གྱི་ཡུལ་གྲུ་ཉི་ཚེ་བ་ཞིག་གི་མིང་ཡིན་པ་ལས་ད་ལྟ་ཡོངས་སུ་གྲགས་པའི་ World ཞེས་པའི་སའི་གོ་ལ་དང་དོན་ག་ལ་འདྲ། འོན་ཀྱང་ད་ཆར་དེ་གཉིས་གཅིག་ཁོ་ནར་འཇིག་རྟེན་གྱི་ཁམས་ཀུན་ཏུ་ས་གྲགས་གནམ་གྲགས་སུ་གྱུར་པ་ནི་གནའ་རབས་ཀྱི་ལོ་རྒྱུས་ལ་མ་བརྟགས་པའི་སྐྱོན་ཞིག་ཡིན་པ་ལས། སྔ་མོའི་ལོ་རྒྱུས་ལ་ཞིབ་ཏུ་བལྟས་ན་ཐོག་མའི་འབར་གས་ལས་གྲུབ་པའི་གོ་ལ་ཟླུམ་པོ་དེ་མངོན་མཛོད་ལུགས་ཀྱི་འཛམ་གླིང་དེ་ཡིན་པར་ག་ལ་བསྒྲུབ་ནུས། ནང་པའི་གཞུང་ནས་བཤད་པའི་འཛམ་གླིང་ནི་གླིང་ཕྲན་གྱི་ཆ་ནས་ཨེ་ཤི་ཡ་ asia དང་རྒྱལ་ཁབ་ཀྱི་ཆ་ནས་རྒྱ་དཀར་ནག་དང་བོད་སོགས་ཀྱི་ཁོངས་སུ་འདུ་ལ་ད་ཆར་ཚན་རིག་པས་བཤད་པའི་འཛམ་གླིང་ནི་གླིང་ཕྲན་བདུན་ཚོགས་ཅན་གྱི་ས་ཡི་གོ་ལ་ཆེན་མོར་གོ་བས་ན་དེའི་ཐད་ལ་ཆོས་ཚན་གཉིས་ཀྱི་ཤོད་སྟངས་དང་འདོད་ཚུལ་ལ་དབྱིབས་གཟུགས་སོགས་མི་མཐུན་པའི་འགལ་འདུ་སྣ་ཚོགས་ཡོད་པའི་གནད་དེ་ལ་ཐུག་པ་ཡིན། ནང་པའི་མདོ་འགའ་ཞིག་ལས་འཛམ་གླིང་གི་དབྱིབས་གཟུགས་སྣ་ཚོགས་དང་གྲངས་མཐའ་ཡས་པར་གསུངས་པ་ནི།
མདོ་ཕལ་པོ་ཆེ་ལས། ཞིང་རྣམས་འདི་ཀུན་སེམས་ཀྱིས་རྣམ་བརྟགས་ན། །དེ་ལྟར་ལས་རྣམས་རྒྱ་མཚོ་བསམ་མི་ཁྱབ། །སྐྲ་རྩེ་གཅིག་ལ་བསམ་གྱིས་མི་ཁྱབ་ཅིང། །ཐམས་ཅད་རྡུལ་སྙེད་སྣ་ཚོགས་དབྱིབས་སུ་སྣང་། །ཞེས་དང་། རྒྱུད་འབུམ་ཏ་པ་ལས། འཇིག་རྟེན་ཐམས་ཅད་ཁམས་ཆེན་པོ། །ཕྲ་རབ་རྡུལ་རྣམས་དང་མཉམ་པ། །ཞེས་པ་ལྟར་འགྲོ་བ་སོ་སོའི་ལས་སྣང་མི་འདྲ་བར་དགོངས་ནས་གསུངས་པར་སྣང་ལ། འོན་ཏེ་མངོན་མཛོད་ནས་ལེབ་ལེབ་ཏུ་གསུངས་པ་ནི་སྔར་བཤད་པ་ལྟར་ཡུལ་གྲུ་བྱེ་བྲག་ལ་དགོངས་པས་དེ་དང་མི་འདྲའོ། །ཚན་རིག་པས་གོ་ལའི་དབྱིབས་གཟུགས་ཟླུམ་པོར་བཤད་པ་ནི་གླིང་ཕྲན་བདུན་གྱིས་ཁྱབ་པའི་གོ་ལ་ཧྲིལ་པོ་འདིར་གོ་དགོས་པ་ལས་ཡུལ་གྲུ་ཉི་ཚེ་བ་ཞིག་ལ་གོ་བར་མི་བྱའོ།།
མདོར་ན་མངོན་པ་ནས་བཤད་པའི་འཛམ་གླིང་གི་ཐ་སྙད་སྦྱོར་ས་དང་། དེང་སང་ཡོངས་སུ་གྲགས་པའི་སའི་གོ་ལ་ World ཞེས་པའི་མིང་སྦྱོར་ས་གཉིས་ཕྱོགས་གང་ནས་བལྟས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པའི་ཕྱིར་ན་དེ་གཉིས་གཅིག་ཏུ་འཁྲུལ་ནས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་རྟགས་སུ་བཀོད་དེ་འཛམ་གླིང་སྔར་དབྱིབས་ལེབ་ལེབ་ཏུ་ཡོད་པ་ལ་ཕྱིས་རིལ་རིལ་ཏུ་གྱུར་པ་རེད་ཅེས་བཤད་དགོས་བྱུང་ནས་གནའ་བོའི་ལོ་རྒྱུས་ལ་ཞིབ་ལྟ་དང་དཔྱད་རྒྱུའི་གོ་སྐབས་མ་ཐོབ་པར་འདོད་པའི་བཤད་ཡམ་བྱས་པ་ཙམ་དུ་ཟད་དོ།།
ལྔ་པ། ནང་པར་ཕྱོགས་ཞེན་ཆེ་བའི་དགེ་འདུན་པ་འགས་༸གོང་ས་མཆོག་གིིས་གོ་ལ་ཧྲིལ་པོ་འདི་ཡི་སྟེང་དུ་མངོན་མཛོད་ཀྱི་རི་རབ་མེད་པར་བསྒྲུབས་དང་སྒྲུབ་བཞིན་པ་དེ། དེང་གི་རིག་གསར་པ་ཚན་རིག་པའི་ཞེ་འདོད་བསྒྲུབ་པའི་ཕྱིར་ཡིན་གྱི། ནང་པའི་ངོས་ནས་དེ་ལྟར་ཅི་ནས་ཀྱང་གསུངས་པ་མིན་ཏེ། རང་ཉིད་ནང་པ་ཡིན་པས་སོ་ཟེར།
དེ་ནི་ལེགས་ལྡན་འབྱེད་ཀྱིས། རང་གི་ཕྱོགས་ཉམས་དོགས་པས་གཞན། །མི་འདོད་འགྱུར་བ་གང་སྨྲས་པ། །དེ་ནི་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རང་གི་ཕྱོགས་ཏེ་ནང་པས་མངོན་མཛོད་ཀྱི་རི་རབ་ཡོད་པར་ཁས་བླངས་པའི་དམ་བཅའ་ཉམས་པར་དོགས་ནས་༸གོང་ས་མཆོག་གི་དགོངས་པ་གཞན་དུ་བསྒྱུར་ཁུལ་བྱས་འདུག་ཀྱང་། གྲུབ་མཐའ་རིན་ཆེན་ཕྲེང་བའི་བཀའ་ཁྲིད་སྐབས་སུ། ངས་ནང་པ་དང་ཚན་རིག་པ་སུ་འདྲ་ཞིག་དང་ཕྲད་ཀྱང་རི་རབ་ལ་ཡིད་ཆེས་མེད་ཅེས་གསལ་པོར་བྱས་ཏེ་ཤོད་ཀྱིན་ཡོད་ཅེས་དང་། འགའ་ཤས་ཀྱིས་ཏཱ་ལའི་བླ་མ་ཤེས་རབ་འཆལ་འདུག་དགོངས་སྲིད་ཀྱང་ངས་མངོན་པ་མཛོད་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ་གྱི་བཤད་པ་དེ་སྒྲ་ཇི་བཞིན་པར་ཁས་ལེན་གྱི་མེད་ཅེས་གསུངས་པས་རིག་གསར་ཚོའི་འདོད་བློ་སྐོང་ཆེད་དུ་མིན་པར་དོན་དངོས་པོའི་གནས་ཚུལ་ལ་མེད་པར་གསུངས་སོ། །འོ་ན་ཁོང་གིས་མངོན་མཛོད་ཀྱི་རི་རབ་མེད་པར་གསུངས་པ་དེ་རིག་གསར་ཚོས་མ་མཐོང་བ་རྒྱུ་མཚན་དུ་བྱས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཧ་ཅང་ཐལ་ཆེ་བའི་ཕྱིར། དེ་ཉིད་ལས་༸གོང་ས་མཆོག་གིས་གནད་དོན་འདི་ཚན་རིག་པས་བཤད་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་བདེན་པར་ཁས་བླངས་པ་གཏན་ནས་མིན་ཞེས་གསུངས་པས། མངོན་མཛོད་ནས་བཤད་པ་དང་ཚན་རིག་པས་བཤད་པ་གཉིས་དཔྱད་བསྡུར་བགྱིས་ཏེ་ཡོད་ན་ཚད་མས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་སྣང་རུང་མ་དམིགས་པ་རེད་ཅེས་གསུངས་སོ།།
ཕྱོགས་སྔའི་འདོད་པ་མ་མཐོང་བར། །བར་སྣང་དབྱིངས་ལ་མདའ་འཕངས་བཞིན།།
བྱིས་པའི་ཉོག་གཏམ་སྒྲོག་པ་ནི། །མི་མཁོ་བས་ན་མ་སྨྲ་ཞིག།
ཅེས་ཀྱང་ཐལ་ལོ།།
ཡང་དགེ་འདུན་པ་ལ་ལས་རི་རབ་ཡོད་ཀྱང་དེ་འཕགས་པ་རྣམས་ཀྱི་དག་གཟིགས་ཚད་མའི་ཡུལ་དུ་གྱུར་པ་ལས་སོ་སྐྱེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོོ། །ཞེས་ཟེར། དེ་ལྟ་ན་ནི་དོན་རྣམ་ངེས་ལས། རྒྱ་ཆེ་བ་ཡི་ཡེ་ཤེས་ནི། །ཇི་ལྟའི་ཆོས་ཉིད་དམིགས་ལས་སྐྱེ། །ཞེས་གསུངས་འདུག་པས་དེ་བདེན་ན་སྐབས་འདིར་རྒྱ་ཆེ་བའི་ཡེ་ཤེས་ནི་དག་གཟིགས་ཚད་མར་གོ་དགོས་པའི་ཕྱིར། རི་རབ་རྟོགས་པ་ལ་ཆོས་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་ན་ཧ་ཅང་ཐལ་ཆ་ཅན་ཞིག་མིན་ནམ།
དངོས་དོན་འཚོལ་ལ་དགའ་བའི་བློ་ལྡན་རྣམས། །ལུགས་གཉིས་མི་མཐུན་རྩོད་པའི་གླེང་བའི་གཞིར།།
ཆགས་སྡང་དྲི་མ་ཟད་པའི་ཤེས་རབ་ཀྱིས། །བརྟགས་ཤིང་དཔྱད་ནས་སྨྲས་ན་མི་ལེགས་སམ།།
འོན་ཀྱང་དེང་གི་ལྟ་གྲུབ་གླེང་བ་རྣམས། །རང་གཞན་ཕྱོགས་གཉིས་ཁྱད་པར་དབྱེ་ཐོག་ནས།།
མི་བདེན་བསླུ་བའི་ལུང་ཚིག་ཕྲ་མོ་ཡིས། །གཞན་ལ་སྒྲོ་སྐུར་བྱེད་པ་ཡ་རེ་མཚར།།
མཇུག་གཏམ། ད་ཆར་འཛམ་གླིང་འདིའི་སྒང་དུ་གཞུང་འབྲེལ་གྱི་ངོས་ནས་མཚན་ལྡན་གྱི་རྟགས་སྟོན་ཐུབ་མཁན་གྱི་ཆོས་ལུགས་བཅུ་དྲུག་ཡོད་པ་ལས་ཡོངས་གྲགས་སུ་མི་འབོར་གྱི་ཆ་ནས་ཨང་དང་པོ་ཡེ་ཤུ་དང་། དེ་ནས་རིམ་བཞིན་དུ་ཁ་ཆེ་དང་ཧིན་དྷུ་གཉིས་པ་དང་གསུམ་པ། ནང་པ་བཞི་པ་རུ་ཆགས་ཡོད། ལྟ་གྲུབ་ཀྱི་གནས་ཚད་མཐོ་ཤོས་ནི་ནང་པ་ཡིན་པར་དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་ལྟོས་གྲུབ་རིག་པ་གསར་དུ་གཏོད་པའི་ཚན་རིག་པའི་མཁས་དབང་ཨ་ཡི་སི་ཊན་གྱིས། ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་ཡོད་ན་དེ་ནི་ནང་པ་རེད་ཅེས་བཤད་པ་དེ་ཁོ་ནས་ཤེས་ནུས། ཁོང་ནི་ནང་པ་མིན་ན་ཡང་གཟུར་གནས་ཀྱི་ཚན་རིག་པ་ཞིག་ཡིན་པའི་ཆ་ནས་ནང་པར་དེ་ལྟར་ཆེ་བསྟོད་བྱས་པ་ལགས་སོ།།
རྒྱུ་མཚན་དེར་བརྟེན་ཀུན་ཀྱི་ཡང་རྩེར་སོན་ཅིང་བླ་ན་མེད་པའི་ཆོས་ལུགས་དེ་དང་ལྷན་དུ་ཚུར་དཔྱད་བསྡུར་དང་གཤིབ་འདྲིས་ཀྱིས་དོན་དངོས་པོའི་གནས་ཚུལ་དང་མཐུན་པའི་ཁ་བརྡ་བྱེད་མཁན་གྱི་སྙིང་སྟོབས་ཅན་ཞིག་ནི་དེང་གི་ཚན་རིག་པ་ཁོ་ན་ཡིན་པའི་ཕྱིར་ན། ༸གོང་ས་མཆོག་གིས་གསུངས་པ་བཞིན་ཆོས་ཚན་གཉིས་ཀྱི་དཔྱད་གཞི་མི་འདྲ་བ་ཐ་དད་ཙམ་ཞིག་ལས་བདེན་དོན་འཚོལ་བར་གཅིག་གྱུར་ཡིན་ཞིང་ཕན་ཚུན་འགལ་འདུ་མེད་ཅིང་མཐུན་ཤས་ཆེ་བས་ཚན་རིག་པས་བཤད་པ་ལ་ང་ཚོས་ཡིད་ཆེས་སྐྱེ་དགོས་པ་ཞིག་མངོན་སུམ་དུ་གྲུབ་ཡོད།
འོན་ཏེ་ཆོས་ལ་རྨོངས་དད་ཆེ་དྲགས་པའི་ཀླད་རྙིང་མགོ་མཁྲེགས་ཅན་དག་གིས་ཚན་རིག་པ་རྣམས་ལས་རྒྱུ་འབྲས་ཁས་མི་ལེན་ཟེར་ནས་རྒྱང་འཕེན་དང་ལོག་ལྟ་ཅན་དུ་རྗོད་མཁན་གྲངས་ཀྱིས་མི་ལང་བ་དེ་དག་ནི་རང་ཉིད་ཚན་རིག་ལ་རྒྱུས་མངའ་དང་སྦྱངས་མྱོང་གཏན་ནས་མེད་པའི་རང་མཚང་བསྟན་པ་ལས། དོན་ལ་ཚན་རིག་པ་རྣམས་མངོན་སུམ་ལ་བསྙོན་པ་ག་ལ་ཡིན་ཏེ། མིག་མཐོང་ལག་ཟིན་དུ་གྲུབ་པ་རྣམས་གསལ་ལེར་ཁས་ལེན་ཞིང་ཉེ་ཆར་ཨ་རིའི་ཚན་རིག་པ་གྲགས་ཅན་ཞིག་གིས་སྐྱེ་བ་སྔ་ཕྱི་དྲན་པའི་མི་སྣ་ལྔ་བརྒྱ་ལྷག་ངོ་སྤྲོད་བྱས་འདུག་ལ། ཨ་མི་རི་ཀར་སྐྱེ་བ་ཞེ་བདུན་དྲན་པའི་བུད་མེད་ཅིག་ཀྱང་ཡོད་ཚུལ་བཤད་པས། ཤིན་ལྐོག་གི་ཚེ་སྔ་ཕྱི་སོགས་ལ་ཡང་བརྟག་དཔྱད་ཀྱི་ལམ་ནས་དོན་འགྱུར་གྱི་ཐེ་ཚོམ་ངང་དུ་གནས་པའི་ཕྱིར་སྔ་མོའི་རྒྱང་འཕེན་པ་དང་ག་ལ་མཚུངས་ཏེ་མཐའ་གཅིག་ཏུ་སྐྱེ་བ་སྔ་ཕྱི་སོགས་མེད་པར་དམ་མ་བཅས་པས་སོ། །ཡོད་པར་ཁས་མ་བླངས་པ་ཙམ་གྱིས་མེད་པར་དམ་བཅས་པར་མ་ངེས་ཏེ་བཏང་སྙོམས་སུ་བཞག་པ་ཡོད་པའི་ཕྱིར་རོ། །ཚེ་སྔ་ཕྱི་སོགས་དངོས་སུ་ཁས་མ་བླངས་ན་ལོག་ལྟ་ཅན་དུ་འགྱུར་བར་མཁས་པ་སུ་ཞིག་གིས་ཀྱང་མ་བཤད་ལ་རིགས་པས་ཀྱང་སྒྲུབ་མི་ནུས་ཏེ། མཐོང་ལམ་མཉམ་བཞག་པ་དང་སེམས་མེད་བེམ་གཟུགས་ཀུན་དེར་ཐལ་བའི་ཕྱིར་རོ།།
ད་ཆར་ཚན་རིག་པས་མཐོང་བའི་གོ་ལའི་དབྱིབས་གཟུགས་ཟླུམ་པོར་བཤད་པ་དང་། དེ་དག་གིས་མ་རྙེད་པའི་རི་རབ་སོགས་མ་གྲུབ་པར་དམ་བཅས་པ་ལ་མི་དགའ་བའི་ཕྱོགས་ལྷུང་མགོ་མཁྲེགས་ཅན་སྣ་ཚོགས་ཀྱིས་འོ་ན་དམྱལ་བ་ཡང་མེད་པར་ཐལ། རིག་གསར་ཚོས་མ་དམིགས་པའི་ཕྱིར་ཞེས་ཁྱབ་མེད་དང་མ་གྲུབ་པའི་གཏན་ཚིགས་ཀྱིས་ཐལ་ངག་འཕེན་ཁུལ་བྱེད་ཀྱང་། དམྱལ་བ་ནི་དེང་སང་འུ་ཚོ་ཕལ་པ་རྣམས་ལ་སྙིང་ཁམས་འདར་སིག་སིག་དང་སེམས་ཁམས་ཚ་ཤིག་ཤིག་གིས་མིག་ལམ་དུ་མངོན་བཞིན་པའི་ཉམས་ཐག་དུད་འགྲོ་འདི་དག་ལས་གཞན་ཅིའང་མེད། ད་དུང་ཁྱེད་ཅག་གིས་ཡིད་མི་ཆེས་ན་དུད་འགྲོ་སོགས་གཞན་གྱིས་ཆུ་ཁོལ་མར་འཚོད་པ་དང་མེ་རླབས་དམར་ཕུང་ཕུང་གིས་བསྲེག་པའི་འཇིག་རྟེན་གྱི་དཀའ་སྡུག་ཚད་མེད་མྱོང་བ་འདི་མནར་མེད་དངོས་ཀྱི་ལས་མིན་ན་ཅི་རེད། འདི་དག་ནི་འུ་ཚོ་ལས་ཀྱང་ལྷག་པར་ཚན་རིག་པས་མཐོང་བའི་ཕྱིར། དེ་དག་གིས་མ་མཐོང་བའི་ཤིན་ལྐོག་ཡིན་ཚུལ་ཞིག་ཁྱེད་ཅག་ག་གེ་མོས་ག་ལ་སྒྲུབ་ནུས། དེས་ན་དམྱལ་བ་སོགས་དེང་གི་ཚན་རིག་པ་རྣམས་ཀྱིས་མ་མཐོང་བའི་ཆོས་ཅན་དུ་འཕེན་པ་ནི་ཁ་བདེ་ལྕེ་མྱུར་གྱི་སྐྱོན་བརྗོད་སྔ་དྲགས་པ་མིན་ནམ། ལེགས་པར་སོམས་ཤིག་གོ།
མདོར་ན་གོང་དུ་བཤད་པ་ལྟར་ལྟ་གྲུབ་ཀུན་ཀྱི་ཡང་རྩེར་སོན་ཅིང་བླ་ན་མེད་པའི་ཆོས་ལུགས་དེར་འགྲན་བཟོད་པའི་སྙིང་སྟོབས་ཅན་དེང་གི་ཚན་རིག་པ་རྣམས་ལ་སྔ་མོའི་རྒྱ་གར་གྱི་རྒྱང་འཕེན་པ་དང་ལོག་ལྟ་ཅན་དུ་སྒྲོ་བཏགས་པ་འདིས་རང་ཉིད་དུས་རབས་ཀྱི་ཤེས་ཚད་མ་ལོངས་པར་རྗེས་སུ་ལུས་པའི་སྐྱོན་ཆེན་པོ་ཞིག་བསྟན་པ་ལས་གཟུ་བོར་གནས་པའི་སྐད་ཆ་གང་ཡང་མིན་པས་ཕྱིན་ཆད་དེ་ལྟར་མ་བཤད་ན་ལེགས་ཞེས་མཐའ་མའི་སྐུལ་མ་ཞིག་ཡིན་ནོ།།
རྣམ་རིག་བཀྲ་བའི་དེང་གི་ཚན་རིག་པས།།
མ་མཐོང་ཙམ་གྱིས་མེད་པར་མི་ལྟ་ཡང་།།
གཞལ་བྱ་གསུམ་གྱི་ཁོངས་སུ་མ་བསྡུས་པའི།།
རི་རྒྱལ་ལྷུན་པོ་གང་གིས་རྙེད་འགྱུར་རམ།།
ཞེེས་ཀྱང་ཐལ་ལོ།།