འགྱུར་མེད།
སུ་མཱན་ཟེར་བའི་དབྱིན་དགེ་ཕོ་ཧྲེང་དེ་དགོན་པ་འདིར་སླེབས་མེད་ཙ་ན། དེ་རིང་གི་ཚོགས་འདུ་འདི་ཡང་ཕལ་ཆེར་མེད་ངེས།
དེ་ནི་མི་ལོ་ལྔ་ཙམ་གྱི་ཡར་སྔོན་ཏེ། དབྱིན་དགེ་ཁོང་དགོན་པ་འདིར་ཡོང་མ་ཐག་ཡིན་དུས་སུ་དགོན་པའི་ལས་ཀྱི་སྣེ་མོ་བ་ཚོས་དགེ་རྒན་དང་ལས་བྱེད་མང་ཆེ་བ་ཚོགས་འདུར་བསྐོངས་ནས་ཁོའི་བསམ་ཚུལ་ལ་ཉན། བསམ་ཚུལ་ཉན་སྟངས་ཀྱི་རྣམ་འགྱུར་ལ་བལྟས་ན་དབྱིན་དགེ་ཕོ་ཧྲེང་དེས་དགོན་པའི་ལས་དབང་ལ་འཕོ་འགྱུར་ཆེན་པོ་ཞིག་གཏོང་བའི་རེ་བ་གསར་པ་ཞིག་ཀུན་ཀྱི་ངོ་འཛུམ་དང་ལྷན་དུ་མངོན། འོ་རེད། དེ་ནི་དགོན་པའི་ངོས་ནས་དགེ་རྒན་གསར་པ་རེ་སླེབ་དུས་ཀྱི་སྣེ་ལེན་བྱེད་སྟངས་ཤིག་རེད་ལབ་ནའང་འགྲིག་འདུག དབྱིན་དགེས་ཚོགས་འདུའི་ནང་བཤད་པའི་སྐད་ཆ་གཙོ་བོ་ནི་འདི་འདྲ་ཞིག་སྟེ། ཕྱི་ལོགས་གཙུག་ལག་སློབ་གྲྭ་དང་སློབ་ཆེན་ཁག་ནང་ཟླ་རེར་ཤེས་ཡོན་འཛིན་སྐྱོང་ལ་ཉམས་ཞིབ་ཐེངས་རེ་བྱེད་སྲོལ་ཡོད་པ་བཞིན། དགོན་པ་འདིར་ཡང་དེ་ལུགས་ལག་བསྟར་བྱས་ན་དགེ་ཕན་ཆེ་ཚུལ་སྐོར་ནན་ཏན་གྱིས་བརྗོད་དུས། དེར་འདུས་ལས་སྣེ་བ་ཀུན་ཀྱིས་མགོ་བོ་གུག་གུག་བྱས་པ་ནས་བཟུང་ཟླ་རེའི་དགེ་རྒན་ཚོགས་འདུ་ཆེན་མོ་འདི་འགོ་བཙུགས།
ཀློག་མཁན་ལགས། ཁྱེད་ཀྱིས་དབྱིན་དགེ་ཁོང་ཕྱི་ལོགས་གཙུག་ལག་སློབ་ཆེན་ག་གེ་མོ་ནས་མཐར་ཕྱིན་ཅིང་ཆེད་དུ་འདིར་གདན་དྲངས་ཏེ་ཡོང་བ་རེད་སྙམ་ཡོད་ངེས་པས་འདི་ནས་གསལ་བཤད་མི་བྱེད་ཀ་མེད་ལ། ཁོང་ནི་ས་གནས་འདི་གའི་མི་མང་དཀྱུས་མ་ཞིག་ཡིན་ཞིང་རྫོང་མི་དམངས་སློབ་འབྲིང་མཐར་ཕྱིན་ཏེ་གཞུང་ལས་ཀྱི་རྗེས་སུ་བསྙེགས་ནའང་གཞུང་ལས་ལག་ལ་མ་ལོན་ནས་སྡོད་དུས། ང་ཚོའི་དགོན་པས་ཀྱང་སློབ་ཕྲུག་གི་དགོས་མཁོར་དམིགས་ཏེ་དབྱིན་དགེ་གོང་འབྲིང་ཞིག་འཚོལ་གྱིན་པ་དང་སྟབས་འགྲིགས་པས་མཐར་ཁོང་ང་ཚོའི་དགོན་པར་ཡོང་བ་རེད།
ཀློག་མཁན་ལགས། ཚོགས་འདུ་འགོ་འཛུགས་པར་ད་དུང་སྐར་མ་བཅུ་ལྷག་འདུག་པས་ངས་ཁྱེད་ལ་ཚོགས་འདུའི་ནང་གི་མི་སྣ་གཙོ་བོ་གཅིག་གཉིས་ངོ་སྤྲོད་བྱ།
རྒན་ཧཱ་ཝ། ཧཱ་ཝ་ཟེར་བ་ནི་རྒྱ་གར་སྐད་དུ་རླུང་བུའི་མིང་ཡིན་པས་ཁོར་ཡུག་འདི་ནས་ཁོང་གི་མཚན་ལ་རྒན་ཧཱ་ཝ་རུ་འབོད། དགོན་པ་འདིར་སླེབས་མ་ཐག་པའི་མི་གསར་པ་ཞིག་ཡིན་ན་རྒན་ཧཱ་ཝ་ལས་ལྷག་པའི་དགེ་རྒན་ཚད་ལྡན་ཞིག་མཐོང་མི་སྲིད། རྒྱུ་མཚན་ནི། ཁོང་གིས་གསར་དུ་ཕྲད་མ་ཐག་པའི་མི་དང་ལབ་གླེང་བྱེད་དུས་འཛམ་བུ་གླིང་གི་ཕྱུག་བདག་དང་གྲགས་ཅན་མི་སྣའི་སྐོར་མ་གཏོགས་མི་ཤོད་ལ། ཤེས་ཡོན་དང་འབྲེལ་བའི་ལབ་གླེང་བྱེད་སྐབས་སུའང་ཁོང་གིས་གཟབ་ནན་དང་སྤོབས་པ་ཆེན་པོའི་སྒོ་ནས།
“མི་ཚེ་འདིའི་ནང་སློབ་སྦྱོང་ཧ་ཅང་ཧང་སང་ཡ་གང་བྱས་མེད་ནའང་། བཤད་གྲྭ་ཞིག་མཐར་ཕྱིན་ཡོད། དེའང་མཐར་ཕྱིན་ལོ་རིམ་སྐབས་ང་རང་ཨང་གསུམ་པ་ཡིན།” ཞེས་བཤད་འོང་། རྗེས་ནས་ཚང་མས་ཧ་གོ་འགྲོ་བ་ནི། རྒན་ཧཱ་ཝ་སློབ་མཐར་ཕྱིན་པའི་ལོ་དེར་ཁོང་ཚོའི་འཛིན་གྲྭའི་ནང་མི་གསུམ་མ་གཏོགས་མེད་པ་དེ་རེད།
རྒན་ཚེ་རྡོར། ཁོང་ནི་དགོན་འདིའི་གྲྭ་ཟུར་ཞིག་ཡིན་ལ་མཐོང་མ་ཐག་ཨ་རིའི་གླང་རྫིའི་ (cow boy) ཉམས་མངོན་ཞིང་། གྲྭ་པ་ལོག་པ་ནས་ད་ལྟའི་བར་དུ་གོར་ཞྭ་ལེབ་ཆེན་དཀར་པོ་དེ་དང་ཀོ་ལྷམ་ཡུ་རིང་གཉིས་ནམ་ཡང་དོར་མ་མྱོང་། གྲྭ་ཕྲུག་ཚོར་སློབ་ཁྲིད་སྐབས་ཀྱི་ཆས་ཀའང་དེ་རང་ཡིན། ཁོང་ལ་གོམས་གཤིས་དམིགས་བསལ་བ་ཞིག་ཡོད་པ་ནི་སློབ་ཁྲིད་འགོ་མ་བཙུགས་སྔོན་དུ་པཱན་1གཅུས་ལེབ་ཅིག་ཁ་ནང་འཕེན་ཞིང་། སློབ་ཁྲིད་བྱེད་ཞོར་དུ་ཡང་ཡང་མཆིལ་མ་གཡུག་ཆེད་འཛིན་ཁང་ཕྱི་ལ་ཐོན་འགྲོ། ཁོང་འཛིན་ཁང་ལ་ཕེབས་པའི་དུས་ཚོད་འཆར་ཅན་ནི་ཏིང་ཏིང་བརྡུངས་ནས་སྐར་མ་བཅོ་ལྔའི་རྗེས་སུ་ཡིན་པས་ད་ལོའི་འཛིན་གྲྭ་བརྒྱད་པ་ཚོ་སློབ་ཕྲུག་གཞན་པ་ལས་གོམ་འགྲོས་བུལ་བ་ཡང་རྒན་ཚེ་རྡོར་གྱི་ཤན་ཞུགས་པ་རེད་ཟེར། ད་ཚོགས་འདུའི་དུས་ཚོད་རན་སོང་། ཀློག་མཁན་ལགས། ངོ་སྤྲོད་བྱ་རྒྱུ་ལྷག་པའི་མི་སྣ་གཅིག་གཉིས་ད་དུང་ཡོད་ཀྱང་དེ་ཚོ་ཁྱེད་ཀྱིས་ཚོགས་འདུའི་གཏམ་གླེང་ཁྲོད་ནས་རྒྱུས་ལོན་གནང་རོགས།
ཚོགས་འདུ་འགོ་བཙུགས་སོང་། གྲོས་ཚོགས་ཁང་པའི་ནང་གཟབ་ནན་དང་ཁུ་སིམ་པའི་མཁའ་དབུགས་ཀྱིས་ཁྱབ་འདུག སྐར་མ་གཉིས་ཙམ་གྱི་རྗེས་ནས་ཆོས་ཁྲིམས་པ་འཛུམ་མུལ་ཅན་དེས་འཛུམ་མུལ་མུལ་ངང་།
“ད་དེ་རིང་ཟླ་རེའི་དགེ་རྒན་ཚོགས་འདུ་ཆེན་མོ་འཚོག་སྐབས་ལ་ཁེལ་ཡོད་པས། ང་ཚོ་ཚང་མ་འདིར་འཛོམས་པ་རེད། དེ་བས་དགེ་རྒན་ཚོས་སློབ་ཕྲུག་ཚོའི་མདུན་ལམ་དང་ཤེས་ཡོན་ཡར་སྐྱེད་གཏོང་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་གང་མང་གནང་རོགས།”
ཞེས་བཤད་དེ་འཛུམ་མུལ་ལེར་བསྡད། ཚོགས་ཁང་ནང་ཡང་བསྐྱར་ཁུ་སིམ་པའི་མཁའ་དབུགས་ཤིག་གིས་ཡོངས་སུ་ཁྱབ། དེ་བས་ཚང་མས་དགེ་རྒན་རྙིང་ཤོས་རྒན་ཚེ་རྡོར་གྱིས་ཅི་ཞིག་བཤད་པར་སྒུག རྒན་ཚེ་རྡོར་གྱིས་གཡས་གཡོན་ལ་བལྟས་ཏེ་གོར་ཞྭ་དཀར་པོའི་འོག་ནས་དང་ཐོག་ཚང་མར་འཛུམ་ཆུང་ཞིག་སྟོན། དེ་ནས་སྟོད་གོས་ཁུག་མའི་ནང་ནས་པཱན་གཅུས་ལེབ་ཅིག་བཏོན་ཏེ་ཁ་ནང་འཕངས་ནས་མུར་མུར་དུ་བླད་པའི་ཚུགས་ཀ་དེས་ཚང་མར་གད་མོ་བསླངས་པས་ཚོགས་ཁང་ནང་དགོད་སྒྲ་འུར་དིར་རེར་གྱུར། འགྲམ་གྱི་དབྱིན་དགེ་ཕོ་ཧྲེང་དེས་རྒན་ཚེ་རྡོར་གྱིས་མ་བཤད་ན་ད་ནི་རང་གི་སྐབས་ལ་བབ་འདུག་སྙམ་ནས་མགྲིན་པ་གཟེངས་ཏེ་རྒྱ་སྐད་2ལམ་ནས་བཤད་རྒྱུར།
“ང་ཚོ་ནང་ཚོགས་ཡིན་པས་ངས་སྐད་ཆ་འདི་གླེང་བ་ཡིན། དེ་ནི་གྲྭ་པ་ཚོའི་ཀུན་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད་པ་མཁྱེན་དགོས། གང་ཡིན་ཟེར་ན། དེ་རིང་ཁ་སང་ང་ཚོ་དགོན་པའི་གྲྭ་པ་རེ་ཟུང་གྲོང་སྡེའི་ནང་འགྲིམ་དུས་བུ་མོ་ཚོར་སྙད་བརྐོ་ཡི་འདུག དོན་དག་འདིའི་སྐོར་ལ་མི་སྐྱ་ཚོས་ཇུས་གཏོགས་མ་བྱས་སྔོན་ནས་ཆོས་ཁྲིམས་པས་ནང་ཁུལ་དུ་བཀའ་སློབ་ཅིག་གནང་ན་དགེ་ཕན་ཆེ།”
ཞེས་དབུགས་ཐེངས་གཅིག་ལ་བཤད། ཆོས་ཁྲིམས་པ་འཛུམ་མུལ་ཅན་དེས་གཙོས་པའི་དགེ་རྒན་ཁ་ཤས་ཕན་ཚུན་ལ་ལྟ་ཞོར་རང་ས་ནས་ཁོང་དགོད་ཤོར། ཁོ་ཚོས་ཁོང་དགོད་ཤོར་བར་རྒྱུ་མཚན་མེད་པ་མིན་ཏེ། ཉིན་ཤས་སྔོན་དུ་དབྱིན་དགེའི་ཟུར་བརྟེན་དགའ་མ་རྒྱགས་པ་ཆུང་ཆུང་དེ་ཡང་སྟོབས་ཤུགས་དོ་ཡ་མེད་པའི་གྲྭ་པ་ཞིག་གི་རྗེས་སུ་འབྲངས་ཡོད་པ་མིན་ནམ། རྒན་ཚེ་རྡོར་དགོད་ཞོར་འཛུམ་ཞོར་དུ་སྐད་མགོ་མཐོན་པོའི་སྒོ་ནས།
“གྲྭ་པ་བསྡད་ཟིན་དུས་གཙང་མ་བསྡད་ན་ཡག་གི་རེད། དེ་མིན་ན་ང་འདྲ་པོ་གཟན་ཤམ་འབུད་རྐྱང་བྱེད་དགོས་རེད་མ་གཏོགས། མི་གཅིག་གིས་ཐོབ་ཐང་གཉིས་རེ་ལེན་རྒྱུ་ཡིན་ཟེར་ན། དེ་རྒྱལ་ཁབ་གང་གི་ཁྲིམས་ལའང་ཡོད་མ་རེད་དོ།།” ཞེས་གོར་ཞྭ་དཀར་པོ་དེ་སྒུལ་ཙམ་བྱས། ཤོད་སྟངས་དེས་ཁོ་རང་གྲྭ་པ་ལོག་པ་དེ་འཇོན་ཡོད་པའི་རྣམ་འགྱུར་ངོམས། རྒན་ཚེ་རྡོར་གྱི་གཏམ་དེ་ཁ་ནས་ཕུད་མ་ཐག་ཚོགས་ཁང་ནང་ཡང་བསྐྱར་གད་མོ་འུར་དིར་རེར་གྱུར། དེ་ནི་དགེ་རྒན་ཚོས་ཁོའི་གཉེན་སྟོན་ཉིན་མོ་དྲན་པས་ཡིན་ཡང་སྲིད། རྒན་ཚེ་རྡོར་གྱི་ལུས་སེམས་ངལ་གསོ་སའི་ཨ་མ་འབོལ་ཤིག་ཤིག་དེའང་ལག་འབབ་གཉིས་པ་ཞིག་ (second hand) ཡིན་ལ། རྒན་ཚེ་རྡོར་གྱི་མནའ་མར་ཡོང་དུས་སུ་མོ་རང་གཅིག་པུ་མིན་པར་ཁྱོ་ག་སྔ་མའི་ཕྲུ་གུ་གཉིས་པོའང་ཁྲིད་ཡོད།
ད་ནི་རྒན་ཧཱ་ཝ་ཁ་གྲག་རན་པ་མིན་ནམ། རྒན་ཧཱ་ཝས་གྲེ་བ་བསངས་ཏེ་ཅི་ཞིག་ཤོད་གྲབས་བྱེད་དུས་གྲལ་མགོའི་བླ་རྒན་ཡ་མེད་དེ་སྟག་ཤོར་གཟིག་ཤོར་གྱིས་ངར་སོང་།
“ང་ནི་བླ་མ་དཀོན་མཆོག མང་པོ་མང་པོ་ཞིག་གང་ཡང་མི་ཤེས། མི་ཁ་རི་ཁ་ཐུག་དང་དྲང་པོ་དྲང་གཞག་ཡིན། ཇོ་བོ་རིན་པོ། ང་ཚོ་སུ་ཡིན་ནའང་དགོན་པའི་ལས་ཀ་ལ་ལྷག་བསམ་ཡོད་དགོས། འགྲིག་གི་མེད་ན་འགྲིག་གི་མི་འདུག་ལབ་རྐྱང་ཡིན། ང་ནི་སུ་ཅིག་ལའང་ཧ་མི་ལས། བླ་མ་དཀོན་མཆོག དེ་དུས་རིན་པོ་ཆེ་ཡིན་ནའང་དམིགས་བསལ་གང་ཡང་མེད། ཁ་རི་ཁ་ཐུག་ཡིན། ཁྱེད་རང་ཚོས་སོ་སོ་ག་རེ་ཡིན་དྲན་གྱི་འདུག ཇོ་བོ་རིན་པོ། ང་ནི་གང་ཡང་ཧ་མི་ལས་ཡ།”
བླ་རྒན་ཡ་མེད་དེས་རྒྱ་ཅོག་སྒང་ཁུ་ཚུར་ཆོབ་སྒྲ་གྲག་པ་ཞིག་བཞུས་ཏེ་སྐད་ཆའི་མཇུག་བསྡུས་པ་ན། བོད་སྐད་མི་གོ་བའི་དབྱིན་དགེ་ནི་བླ་རྒན་དེས་ཁོ་ལ་ངར་སོང་སྙམ་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། དེ་བས་འགྲམ་གྱི་རྒན་ཚེ་རྡོར་གྱིས་རྒྱ་སྐད་ཤབ་ཤུབ་ཀྱིས་ཅི་ཞིག་གསལ་བཤད་བྱས་པ་ན་གཞི་ནས་ཁོ་ལྷོད་ལ་བབས། བླ་རྒན་གྱིས་ཁུ་ཚུར་བརྡབས་པའི་རྐྱེན་གྱིས་ཡིན་ནམ། ཚོགས་ཁང་ཁུ་སིམ་མེར་གྱུར་པའི་གོ་སྐབས་དང་བསྟུན་ཏེ་རྒན་ཧཱ་ཝས་གཡས་གཡོན་ལ་སྐོར་ལྟ་ཞིག་བྱས་ཏེ་ངར་འགོ་ཚུགས།
“སོ་སོའི་ལོ་རྒྱུས་བཤད་ན་ང་ཡང་མི་ཕལ་པ་ཞིག་མིན་ཚོད་ཡིན། བཤད་གྲྭའི་ལོ་རིམ་ཁྲིམས་སྒྲིག་གཞི་དང་མ་འགལ་བར་ཐོན་ཏེ་ཡོང་བ་ཡིན་ལ། འཛིན་གྲྭ་ཐོན་ཏེ་ལོ་བརྒྱད་ལྷག་ཕྱིན་ཡོད་ནའང་ད་དུང་དགོན་པའི་ལས་ཀའི་ནང་ཡོད། བྱ་རྒོད་པོ་གནམ་ལ་འཕུར་ནའང་། དེའི་གྲིབ་མ་ས་ནས་རིག་ཐུབ་མཁན་ཡིན་ལ། རྟ་རྒོད་པོ་བང་འགྲོས་མགྱོགས་ནའང་། ལམ་གར་འགྲོ་སྲབ་ཀྱིས་སྒྱུར་ནུས་མཁན་ཞིག་ལོས་ཡིན། ངས་མ་བྱས་ས་མེད་ལ། བྱས་པ་དེ་ཚོ་རེ་རེ་ནས་བགྲང་ཚོད་ཀྱང་མི་འདུག འོ་ད་ང་ནི་ལས་ཀ་ནས་དགོངས་པ་ཞུ་རྒྱུ་མ་གཏོགས་རེ་བ་གང་ཡང་མི་འདུག”
ཅེས་སྒམ་ནན་གྱིས་བཤད་དེ་མིག་ཤེལ་གསེར་ཡུ་ཅན་དེ་ཡར་ཕུད་ཙམ་བྱས། འབོལ་ཁྲི་ལ་བསྙེས་ཏེ་ཀུ་ཤུ་ཁ་པར་ནང་ཉུལ་བཞིན་པའི་རྒན་གྱོང་པོ་ཧོབ་དེ་ཁ་ལ་གཉིད་ལས་སད་པ་བཞིན།
“མ་གཞི་ང་ཚོ་རྦད་དེ་ལྷོད་དྲགས་འདུག འདྲེ་ཕྲུག་ཚོ་ལ་ག་ཚོད་བྱམས་པོ་བྱས་ནའང་འགྱུར་བ་སྤུ་ཙམ་ཡང་མི་མཐོང་། ངོ་མ་དེང་སང་ཕྲུ་གུ་ཚོ་སྐྱག་ལང་ལ་ཤོར་ཆེ་འདུག ཁྲིམས་སྒྲིག་གཞི་ཐར་ས་མེད་པ་ཞིག་བཟོ་རྒྱུ་གལ་ཆེ། སྔ་མ་ང་ཚོ་ཡིན་ན་ཀ་མད་སུམ་ཅུ་ཤེས་པའི་ཆེད་དུ་རྒྱུག་རྡུང་དྲུག་ཅུ་བཟེད་མྱོང་ཡ། ཨེ། ངས་ངོ་མ་ལབ་ཡིན། ད་དེང་སང་དགེ་རྒན་ཚོ་གུ་ཡངས་དྲགས་འདུག དང་པོ་ཉན་ན་བསླབ་བྱ་བརྒྱག་དགོས། དེས་མི་ཉན་ན་པགས་པ་བརྗེ་པོ་མ་བརྒྱབ་བར་ཉེས་རྡུང་གཏོང་དགོས། ཡང་མིན་ན་ཆད་པ་ནན་པོ་ཞིག་གཅོད་དགོས། དེས་ཀྱང་མི་ཉན་ན་དགོན་པ་ནས་གནས་དབྱུང་གཏོང་ཆོག སྐད་ཆ་འདི་ཚོ་ངས་གསར་དུ་ལབ་པ་གང་ཡང་མིན་ཡ། གནའ་སྔ་མོ་ནས་དགོན་པའི་འགྲོ་སྟངས་ནང་ཡོད་པ་ཞིག་བཤད་ཡིན།”
དབུགས་སྟོད་ལ་འཚང་བཞིན་པའི་རྒན་གྱོང་པོས་ད་ནི་རང་གི་ལས་འགན་འགྲུབ་སོང་སྙམ་པ་ལྟར་ཡང་བསྐྱར་འབོལ་ཁྲི་ལ་བསྙེས་ཏེ་ཀུ་ཤུ་ཁ་པར་ནང་ཉུལ་འགོ་བརྩམས། ད་གིན་ནས་ཅི་ཞིག་ཤོད་རྩིས་ཀྱིས་ཡར་ལང་གྲབས་ལང་གྲབས་བྱེད་པའི་གསར་བུ་ངར་ངར་ཤོར་ཤོར་དེ་འདུག་སྟེགས་ལས་ཧོབ་དེ་ཁར་ལངས་པ་ན། གྲལ་མགོའི་རྒན་གྲས་ཚོ་ཡང་ད་ལོ་རང་འཛིན་གྲྭ་ཐོན་མ་ཐག་པའི་མི་གསར་དེས་ཅི་ཞིག་བཤད་པར་ཞིབ་ཀྱིས་ཉན། ཁོས་གཡས་གཡོན་ལ་ལྟ་ཙམ་ཡང་མི་བྱེད་པར་ཡིན་ཤག་བྱས་ནས་བཤད་རྒྱུར།
“ངས་བསམས་ན། མ་གཞི་ནས་ང་ཚོ་དགེ་རྒན་ཚོ་སྤོབས་པ་ཆུང་དྲགས་འདུག དངོས་གནས་ཆུང་དྲགས་འདུག དྷ་རམ་ས་ལ་ནས་དབྱིན་ཇི་མགོ་སེར་ཚོས་བོད་ཡིག་ཟླ་བ་ཁ་ཤས་ལས་མ་སྦྱངས་ནའང་། རང་ཡུལ་གྱི་གཙུག་ལག་སློབ་ཆེན་ནང་ནས་བོད་ཡིག་དགེ་རྒན་བྱེད་པར་ཁོ་ཚོ་ཐོགས་པ་མེད་ཚོད་འདུག དེ་དང་བསྡུར་ན་ང་ཚོ་ནི་ལོ་ངོ་མང་པོ་ཞིག་ལ་དཀའ་ལས་བརྒྱབ་ནས་ཡོང་བ་མིན་ནམ། ངས་བསམས་ན། ང་ཚོས་སློབ་ཕྲུག་ཚོར་ཤེས་ཡོན་དང་མདུན་ལམ་སྦྱིན་རྒྱུ་ནི་ཧ་ཅང་ལས་སླ་པོ་རེད། དེ་བས་ང་ཚོས་སློབ་ཕྲུག་ཚོའི་མདུན་ནས་ཡིན་ཤག་བྱ་རྒྱུ་ལས། སྟབས་མ་བདེ་བ་དེ་འདྲ་བྱེད་དོན་གང་ཡང་མི་འདུག དེ་འདྲ་མིན་ནམ་ལགས། ངས་དངོས་གནས་ལབ་ཡིན་”
སྐད་ཆ་དེར་མཐུད་ནས་ཉིན་ཐོ་ཤོག་ལྷེ་ཕྱེད་ཀའང་མི་འཁྱོངས་པའི་དགེ་རྒན་ཞིག་གིས།
”སྐད་ཆ་དེ་ལ་ངོ་མ་རྒྱུ་མཚན་འདུག མ་གཞི་ང་ཚོས་བོད་ཡིག་སྦྱོང་བརྡར་སྤྲད་རྒྱུ་མང་དྲགས་རེད། སུམ་རྟགས་དག་གསུམ་ནི་ཞར་སྦྱོང་བྱ་རྒྱུ་ཡིན་པ་ལས། ཆེད་སྦྱོང་བྱེད་ས་མ་རེད། གནའ་སྔ་མོའི་མཁས་པ་མང་ཆེ་བས་གཞུང་ལུགས་སྦྱོང་ཞོར་དུ་རིག་གནས་ཞར་ལ་ཤེས་པ་མ་ཡིན་ནམ། ང་ཚོས་ངེས་པར་དུ་གནས་ཚུལ་འདི་ལ་འགྱུར་བ་གཏོང་དགོས་ཀྱི་འདུག”
” …………………………”
དེའི་རྗེས་སུ་ང་ཡིན་ཟེར་བའི་མི་ཚོ་གཅིག་རྗེས་སུ་གཅིག་འཚངས་ཏེ་ངར་སོང་ལ། རིམ་གྱིས་ནང་ཕན་ཚུན་ཚིག་ཟུར་འཕེན་རེས་བྱས་ཏེ་གང་འཚམས་ནས་ཁ་རྩོད་དྲག་པོ་ཞིག་ལ་གྱུར། ཚོགས་ཁང་ཕྱི་ལོགས་ནས་ཉན་ན་དེ་རིང་གི་ཚོགས་འདུ་དེ་ངོ་མ་ཚ་ཚ་འུར་འུར་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར་ཞིང་། དཔེ་དེབ་དང་ཁ་པར་ནང་གཡེང་བའི་སློབ་ཕྲུག་ཚོ་ནི་དེ་རིང་ཡང་བསྐྱར་བཅའ་ཁྲིམས་གསར་པ་གང་འདྲ་ཞིག་གཏན་འབེབས་བྱས་ཡོད་དམ་སྙམ་པའི་འཚེར་སྣང་དང་སྦྲགས་ཏེ་དུས་ཚོད་སྐྱེལ་བཞིན་འདུག
ད་ནི་དུས་ཚོད་ཀྱང་ཧ་ལམ་ཟིན་ཚོད་ཡིན། ཆོས་ཁྲིམས་པ་འཛུམ་མུལ་ཅན་དེ་མ་གཏོགས་པའི་མི་མང་ཆེ་བ་མགོ་བོ་ནང་ལ་གུག་འདུག ཁོང་ཚོ་བཤད་བཤད་ནས་ཐང་ཆད་པའམ་ཡང་ན་མུ་མཐུད་དེ་ཕན་ཚུན་ཕོག་ཐུག་གཏོང་འདོད་མེད་པ་འདྲ། ཆོས་ཁྲིམས་པ་འཛུམ་མུལ་ཅན་དེས་གྲེ་བ་བསངས་ཙམ་བྱས་ཏེ་འཛུམ་མུལ་མུལ་ངང་།
“ད་ཟ་མའི་དུས་ཚོད་རན་སོང་ལ། དེ་རིང་གི་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་བས་ཕེབས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། དེ་ནས་ང་ཚོ་ཟླ་བ་རྗེས་མའི་ཉིན་ལ་ཡང་དེ་རིང་བཞིན་ཡང་བསྐྱར་འཛོམ་རྒྱུ་བྱ།”………..
གསེར་ཏོག་དགོན་པ་ནི་གཡུ་ལོ་ཚང་ཚིང་གི་ནགས་འདབས་དབུས་ན་ལྷིང་འཇགས་སེེར་འགྱིངས་ཡོད་ལ། འདུ་ཁང་དབུ་རྩེའི་གསེར་ཏོག་དེ་ཡང་ནུབ་མཁའི་ཉི་འོད་འོག་སེར་ཀྲིག་ཀྲིག་ཏུ་འཚེར། བརྒྱ་ཕྲག་གསུམ་ལྷག་བརྒལ་བའི་སློབ་མ་ཚོ་ཞོགས་པ་ནས་མཚན་མོའི་ཉལ་བརྡ་མ་བཏང་བར་རྒན་ཧཱ་ཝས་གཙོས་པའི་སློབ་སྟོན་པ་རྣམས་ཀྱི་ལྟ་རྟོག་འོག་རང་རང་སའི་ཁྲིམས་སྒྲིག་གཞི་ནར་མོ་དེའི་རྗེས་སུ་འདུར་རྒྱུགས་ཁོ་ན་སློང་། ………………