འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན།
སེམས་ཀྱི་དཀར་མོ་རྒྱང་གྲགས་འབོད་ཀྱི་མིན།།
མི་ཡི་རྣ་ལྤགས་སྲབ་མོ་རལ་འགྲོ་རེད།།
ཕར་རིའི་བྲག་ལ་གཏད་ནས་གཏམ་རེ་བཤད།།
བྲག་ཆ་རྣ་བས་ཐོས་ན་དེ་གས་འགྲིག།
དམར་ཆུང་སྙིང་ཤ་དམར་པོ་སྟོན་གྱི་མིན།།
མྱི་ལ་ཕོག་ཐུག་ཕྱིན་ནས་བྲོས་འགྲོ་རེད།།
ཕར་ཁའི་གྱང་ལ་བལྟས་ཏེ་འདང་རེ་རྒྱག།
གྱང་གི་རི་མོ་རིག་ན་དེ་གས་འགྲིག།
གདོང་གི་ཁྲག་དང་ཆུ་སེར་བཙག་གི་མིན།།
མྱི་རྣམས་ཞེན་པ་ལོག་ནས་བསྐྱུགས་ཡོང་རེད།།
མཆིལ་མ་ས་ལ་གཡུགས་ཏེ་རྒྱང་ལ་ལྟ།།
མྱིག་ཆུ་སེམས་ལ་བསགས་ཏེ་སྙན་ངག་འབྲི།།
ལམ་ཁའི་ཁྱི་འཁྱམ་འདི་ཚོ་དཀྲོག་གི་མིན།།
སེམས་ཀྱི་སྨྲེ་སྔགས་འདོན་སྟངས་ནོར་འགྲོ་རེད།།
ལ་ཁའི་ཉི་མ་རིག་དུས་འདར་སིག་ཤོར།།
མིག་གཉིས་ཤུགས་ཀྱིས་བཙུམས་ཏེ་ངུ་འབོད་བྱེད།།
མཚན་མོའི་འཇིག་རྟེན་འདི་ལ་ཉལ་གྱི་མིན།།
སྡུག་གི་མུན་པ་ནག་པོ་དྭངས་འགྲོ་རེད།།
ལུས་ལ་ཁབ་ཀྱིས་གཙགས་པའི་ན་ཟུག་འདི།།
གདུང་བའི་སེམས་ལ་ཕན་པའི་སྨན་ཞིག་རེད།།
༢༠༡༦/༤/༨/ མཚན་མོར།