སྔགས་བླ་མེད་ཀྱི་བརྗོད་གཞི་འགའ་ཞིག་ལ་བརྟག་པ།

སློབ་དཔོན་ཡེ་ཤེས་རིག་འཛིན།

མ་བཅོས་རང་བྱུང་ཐིག་ལེ་ཉག་གཅིག་རྒྱལ་ཡུམ་ཀུན་བཟང་ཆོས་ཀྱི་སྐུ།།
ཀུན་ཁྱབ་འོད་པོའི་གསལ་གདངས་མ་འགགས་རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས།།
གང་ལ་གང་འདུལ་ཅིར་ཡང་འཆར་བ་སྣང་སྲིད་ཟིལ་གནོན་སྤྲུལ་པའི་སྐུ།།
དབྱེར་མེད་དཔལ་ལྡན་རྩ་བའི་བླ་མར་མི་ཕྱེད་དད་པའི་གུས་ཕྱག་བརྩེགས།།

ཞེས་ཕྱག་མཆོད་ཀྱི་མེ་ཏོག་སྔོན་དུ་འཐོར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་ནས་གང་ཞིག་ཞུ་བྱའི་སྙིང་པོ་ནི། སྤྱིར་སྔགས་བླ་མེད་ནས་གསུངས་པའི་གཞི་དང་། རྫོགས་ཆེན་གྱི་སྐབས་ནས་གསུངས་པའི་གཤིས་གཞི་ལ་ཁྱད་པར་ཡོད་དམ་མེད། དེ་དང་འབྲེལ་ཏེ་འཁོར་བ་ལ་ཐོག་མཐའ་ཡོད་མེད་དང་། གཞི་དེ་ཆོས་ཅན་ཀ་བུམ་སོགས་ཀྱི་སྟེང་དུ་ཡོད་མེད་ལ་དཔྱད་དགོས་ཞེས་རྒྱུན་ལས་རིན་པོ་ཆེའི་བཀའ་དབྱར་དུས་ཀྱི་འབྲུག་སྒྲ་ལྟར་རྣ་བའི་བུ་གར་བསྒྲགས་པ་ན་མི་ཤེས་པའི་སེམས་བྱུང་ཐམས་ཅད་ཅི་བྱ་འདི་བྱ་མེད་པར་དྲན་མེད་ཐོམ་མེར་གྱུར་ཀྱང་བརྩོན་པའི་སེམས་ཀྱི་བག་ཆགས་ཅུང་ཙམ་བཞག་ན་ཅི་མ་རུང་སྙམ་པའི་སེམས་བྱུང་ཕྲ་མོ་ཞིག་གིས་རྐྱེན་བྱས་ནས་གོང་མའི་བཀའ་ལ་དང་ལེན་གྱིེ་སྤོབས་པ་ཞིག་སྐྱེས་པ་ནི་ཐོག་མར་དགེ་བའི་གཏམ་གྱི་ཚུལ་དུ་སྨྲའོ། །ད་ནི་ཇི་ལྟར་བཀའ་ཕེབས་པའི་དྲི་བ་རྣམས་ཀྱི་ལན་ཐད་ཀར་ཞུ་ན།

༡༽ སྤྱིར་སྔགས་བླ་མེད་ནས་གསུངས་པའི་གཞི་ངོས་བཟུང་བ།

དེ་ཡང་རྩ་རྒྱུད་གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་མཚན་མ་མཐའ་དག་དང་བྲལ་བས་ན་སོ་སོར་རིས་སུ་མ་ཆད་པར་མཉམ་པ་ཉིད་ཆེན་པོར་སངས་རྒྱས་པ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། ཞེས་གསང་སྙིང་སྤྱི་དོན་ལས་གསུངས་སོ། །དེ་ལྟ་བུའི་ངོ་བོ་ལ་སུས་ཀྱང་བཅིངས་པ་མེད་ལ། དེ་མེད་པས་གྲོལ་བའང་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་བདེན་གཉིས་དབྱེར་མེད་པའི་རང་བཞིན་ནི་སྐབས་འདིའི་གཞིའོ།།

༢༽ རྫོགས་ཆེན་ནས་གསུངས་པའི་གཤིས་གཞི་ངོས་བཟུང་བ།

སྤྱིར་རྫོགས་ཆེན་གྱི་ལུགས་ལ་གང་ཟག་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་གཞིའི་འདོད་ལུགས་བདུན་གསུངས་ཏེ། གཞི་ལྷུན་གྲུབ་ཏུ་འདོད་པ་དང་། གཞི་མ་ངེས་པར་འདོད་པ་དང་། གཞི་ངེས་པ་དོན་གྱི་དངོས་གཞིར་འདོད་པ་དང་། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་དང་། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་དང་། གཞི་སྣ་ཚོགས་སུ་འདོད་པ་དང་། གཞི་ཀ་དག་ཏུ་འདོད་པའི་ལུགས་སོ།།

དང་པོ་དྲུག་སྐྱོན་ཅན་གྲུབ་མཐའ་རྗེས་སུ་འཛིན་པའི་ལུགས་དང་། བདུན་པ་གཞི་ཀ་དག་ཏུ་འདོད་པ་ནི་སྐྱོན་མེད་རང་གཞུང་དུ་བསྟན་པའི་ལུགས་ཡིན་ལགས། དེ་ཡང་ཀློང་དྲུག་པ་ལས། ཐོག་མ་བབས་ཀྱི་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་བར་སྣང་བའི་ཕྱོགས་དག་ནས། །རྟོག་ཚོགས་རྣམས་ཀྱིས་གཏན་ཕབ་ན། །རྣམ་པ་བདུན་གྱི་ཚུལ་དུ་སྣང་། །ཞེས་གསུངས་སོ།།

རང་གཞུང་དུ་བཀོད་པའི་གཞི་ཀ་དག་གི་ངོ་བོ་ཇི་ལྟར་ཡིན་སྙམ་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གསུངས་ཏེ། ངོ་བོ་སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་གསལ་བས་ཡེ་གདངས་སྣང་བའི་རང་ངོ་མ་དོར། ཐུགས་རྗེ་རིག་པས་མཁྱེན་པ་ཡེ་ཤེས་སུ་རྒྱས་པའི་འཆར་གཞི་མ་འགགས་པར་གནས་པ་སྟེ། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །ཞེས་སོ། །དེ་ཡང་ངོ་བོ་ཀ་དག་གི་ལྡོག་པ་ནས་གཞལ་ན་མ་དག་པའི་སྣང་བ་ལྟ་ཞོག་དག་པའི་སྣང་བ་སྐུ་དང་ཞིང་ཁམས་སོགས་ཀྱང་གཞི་མེད་རྩ་བྲལ་ཡོད་མེད་ཡིན་མིན་གྱི་རྣམ་གཞག་གང་ཡང་མེད་པར་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་བ་མེད། །སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཉོན་མོངས་མེད་ཅིང་ངར་འཛིན་མེད། །འགྲོ་བ་མེད་ཅིང་འོང་བ་མེད། །ཅེས་དང་།

ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཏེ། །གཟུང་དང་འཛིན་པའི་རྣམ་རྟོག་མེད། །ཅེས་དང་། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་མེད། །ཅེས་དང་། གསང་བ་ཡི་གེ་མེད་པའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ལ་སྤྱོད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟ་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །མ་རིག་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེེས་སུ་སྣང་བ་གང་ཡང་མེད་དོ། །ཞེས་སོ།།

རང་བཞིན་སྣང་ཆའི་ལྡོག་པ་ནས་གཞལ་ན། ལྷུན་གྲུབ་ཀྱི་སྣང་བ་རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འགག་པ་མེད་པར་ནང་གསལ་གཞོན་ནུ་བུམ་སྐུའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཀྱི་ཚུལ་དུ་གནས་པ་སྟེ། ཀློང་དྲུག་པ་ལས། རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པ་ཆ་རྣམས་ཙམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །ཞེས་སོ། །མདོར་ན་སྐབས་འདིའི་གཞི་ནི། མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུའང་མ་གྲུབ། རང་བཞིན་གསལ་བས་སྣང་ཚུལ་མ་འགགས། ཐུགས་རྗེའི་སྒོ་མ་འགགས་པས་གང་ལྟར་ཡང་འཆར་བའི་གཞི་བྱེད་པ་ནི་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་གཞི་ཀ་དག་ལྷུན་གྲུབ་དེ་ཉིད་དོ།།

༣༽ གཞི་དེ་གཉིས་ལ་ཁྱད་པར་ཡོད་མེད་བསྟན་པ།

སྔགས་བླ་མེད་ནས་གསུངས་པའི་གཞི་ལྟ་ཅི་མཚན་ཉིད་རྒྱུ་ཡི་ཐེག་པ་དབུ་མ་ནས་བཤད་པའི་གཞི་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་དང་། རྒྱུད་བླ་མ་ནས་བཤད་པའི་གཞི་བདེ་གཤེགས་སྙིང་པོར་གསུངས་པ་ཐམས་ཅད་གནས་སྐབས་གཞུང་གི་བབས་དང་བསྟུན་ནས་མཚན་གྱི་རྣམ་གྲངས་སོ་སོར་བསྟན་པ་ཙམ་ལས་དོན་ལ་རྫོགས་ཆེན་ནས་གསུངས་པའི་གཞི་ཀ་དག་ཆེན་པོ་དང་དོན་གཅིག་ཏུ་ངེས་པ་སྟེ། ངེས་སྒྲོན་ལས། སྤྲོས་བྲལ་དབུ་མ་ཆེན་པོ་དང་། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །དེ་ལས་ལྷག་པའི་ལྟ་བ་མེད། །ཅེས་དང་། རིག་འཛིན་འཇིགས་མེད་གླིང་པས། རྒྱལ་བའི་འཁོར་ལོ་བར་པ་རྣམ་ཐར་གསུམ། །བསྟན་བྱའི་སྙིང་པོ་སོ་སོར་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །བཞུགས་པར་བཤད་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་སོ།།

དེ་ལྟར་མདོ་སྔགས་གང་ནས་བསྟན་ཀྱང་དོན་གནས་ལུགས་ལ་གཞི་གཅིག་ཏུ་ངེས་པ་བདེན་མོད་ཀྱང་བློ་ཡི་རིམ་པ་ཐ་དད་ཀྱིས་གཞི་ཡི་རྣམ་གཞག་བྱེད་ཚུལ་ཐེག་པ་གོང་མ་གོང་མར་ཇེ་བཟང་དང་ཇེ་ཟབ་ཏུ་འགྲོ་བས་སྤྱིར་སྔགས་བླ་མེད་ནས་གསུངས་པའི་གཞི་དང་རྫོགས་ཆེན་ནས་གསུངས་པའི་གཞི་ལ་གསལ་རྒྱས་རྫོགས་གསུམ་གྱི་ཁྱད་པར་ནི་ཤིན་ཏུ་ཆེའོ། །དེ་ཡང་སྤྱིར་སྔགས་བླ་མེད་ནས་གཞི་ངོས་འཛིན་བའི་སྐབས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ་ཞེས་གསུངས་པ་ཙམ་ལས་རྫོགས་ཆེན་ནས་གསུངས་པ་ལྟར། རྟོགས་པའི་སངས་རྒྱས་མ་བྱུང་མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། ཞེེས་དང་།

ཀློང་དྲུག་པ་ལས། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་ཡང་མ་གྲུབ། སངས་རྒྱས་སངས་རྒྱས་ཞེས་བྱ་བ་ཡང་མ་གྲུབ་པའི་སྔོན་རོལ་ན་གཞི་འདི་ལྟར་གནས་ལགས། ཞེས་དང་། ཚིག་དོན་རིན་པོ་ཆེའི་མཛོད་ལས། འཁོར་འདས་གང་དུའང་མ་གྲུབ་ལ་ཡེ་སྟོང་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ཐོག་ཉིད་ནས་ནམ་མཁའ་ལྟར་གནས་པ་ཞེས་གཞི་གང་ཡིན་པ་གསལ་རྒྱས་རྫོགས་གསུམ་གྱིས་རྗེན་པར་བསྟན་པ་ནི་རྫོགས་ཆེན་ཁོ་ན་ལས་མེད་དོ།།

༤༽ འཁོར་བ་ལ་ཐོག་མཐའ་ཡོད་མེད་དཔྱད་པ།

མདོ་ལུགས་ལྟར་བཤད་ན། སྤྱིར་འཁོར་བ་ལ་ཐོག་མའང་མེད་ལ་མཐའ་མའང་མེད། གང་ཟག་བྱེ་བྲག་གི་དབང་དུ་བཏང་ན་ཐོག་མ་མེད་ཀྱང་མཐའ་མ་ཡོད་པ་ནི་ཐེག་ཆེན་གཞུང་གི་ས་ལམ་བགྲོད་ཚུལ་བཤད་པ་ལས་རྟོགས་པར་འགྱུར་རོ། །ཐོག་མ་མེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འཁོར་བ་འགྲུབ་པའི་རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ལ་ཐོག་མ་མེད་པའི་ཕྱིར་ཏེ། གཞུང་སྤྱིའི་དཀའ་གནད་ལས། སྤྱིར་འཁོར་འདས་གཉིས་ཀྱི་སྣང་བ་ནི་ནམ་ཡང་རྒྱུན་ཆད་པ་མི་སྲིད་ལ། ཞེས་དང་། ཐེག་མཆོག་མཛོད་ལས། ཐོག་མ་མེད་པའི་བག་ཆགས་རྣམ་པ་མི་འདྲ་བ་གསུམ་ཀུན་གཞི་ལ་བཞག་པས་སྣང་བ་མི་འདྲ་བ་གསུམ་ཐ་དད་དུ་སྣང་སྟེ། ཞེས་མ་རིག་པ་ལ་ཐོག་མ་མེད་པར་གསུངས་སོ། །མཐའ་མེད་པའི་རྒྱུ་མཚན་ནི། འཁོར་བའི་སེམས་ཅན་གྱི་གྲངས་འདི་ཙམ་ཞེས་མཐའ་བཟུང་དུ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་སྒྲུབ་པའི་རྒྱུ་ཡོད་ཀྱང་རྒྱུ་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་ངེས་མིན་པ་ནི་ཚད་མའི་རིགས་པས་གསལ་ལོ།།

སྔགས་ལུགས་ལྟར་བཤད་ན། སྐབས་འདིར་ཡང་འཁོར་བའི་ཐོག་མ་ཞེས་པ་སེམས་ཅན་རྣམས་དུས་དེ་ཙམ་ནས་འཁྲུལ་བའོ། །ད་ལྟ་འཁྲུལ་ནས་ལོ་འདི་ཙམ་སོང་ངོ་། །ཞེས་ངོས་འཛིན་གྱི་ཐོག་མ་མེད་པ་ནི་མདོ་སྔགས་གཅིག་མཚུངས་ཡིན་སྙམ། འོན་ཀྱང་སྔགས་ལུགས་ལ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། ཀྱེ་མ་ང་ལ་འཁྲུལ་བ་མེད་ཀྱང་ངའི་རྩལ་ལས་འཁྲུལ་བ་བྱུང་སྟེ། གཞི་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། ཞེས་སེམས་ཅན་རྣམས་གཞིའི་སྣང་བར་འཁྲུལ་ནས་ཇི་ལྟར་འབྱུང་ཚུལ་གསལ་པོར་བཤད་ཡོད་པས་ཐོག་མར་འཁྲུལ་ཚུལ་གྱི་དབང་དུ་བཏང་བའི་འཁོར་བའི་ཐོག་མ་ནི་བཞག་ཏུ་ཡོད་དེ། ཐལ་འགྱུར་ལས། འཁོར་བ་རྣམས་ཀྱི་ཐོག་མ་ནི། །མི་འབྱེད་བྱས་མེད་རང་བཞིན་ལས། །དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་དད་སྣང་། །དམིགས་འཛིན་འབྲེལ་བ་བཅུ་གཉིས་སུ། །འཁོར་བའི་ཐོག་མ་ཉིད་དུའོ། །ཞེས་སོ།།

༥༽ ཀ་བུམ་སོགས་ལ་གཞི་ཡོད་མེད་དཔྱད་པ།

མདོ་ནས་བཤད་ཚུལ་ལྟར་ན། དེ་ཡང་ཁམས་བདེ་གཤེགས་སྙིང་པོ་ནི་སྐབས་འདིའི་གཞི་ཡིན་ལ་དེ་ནི་སེམས་ལྡན་འགྲོ་བའི་རྒྱུད་ཁོ་ན་ལ་མ་གཏོགས་སེམས་མེད་ས་རྡོ་བེམ་པོ་སོགས་ཀྱི་སྟེང་དུ་མེད་པའི་སྒྲུབ་བྱེད་དུ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་གིས་དེ་བཞིན་ཉིད་དབྱེར་མེད་ཡིན་པ་ཁྱད་མེད་པས་ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་ཞེས་རྒོལ་བ་ལ་དེ་བཞིན་ཉིད་དབྱེར་མེད་ཡིན་པ་ཙམ་གྱིས་རིགས་ཡོད་པར་མི་གྲུབ་སྟེ། རིགས་ཞེས་བྱ་བ་ནི་འཁྲུལ་བའི་སེམས་ནས་བྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་བའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་གོ་ཞེས་སྟོང་ཐུན་ལས་གསུངས་སོ།།

དེ་ཕྱིར་ཀ་བ་དང་བུམ་པ་སོགས་ལ་གཞི་ཡོད་པར་མི་འདོད་དེ། ཀ་བུམ་སོགས་ལ་ལམ་སྒྲུབ་པ་མེད་པའི་ཕྱིར། དེ་བཞིན་ཉིད་དབྱེར་མེད་ཅེས་པ་ནི་འབྲས་བུ་སངས་རྒྱས་ཀྱི་ས་ལ་ཕྱིན་པར་གྱུར་ཀྱང་སྔར་སེམས་ཅན་གྱི་གནས་སྐབས་སུ་ཡོད་པའི་གཞི་བདེ་གཤེགས་སྙིང་པོ་ལ་ངོ་བོ་འགྱུར་བ་སྤུ་ཙམ་ཡང་མེད་པ་དབྱེར་མེད་དུ་གསུངས་ཏེ། དེ་ཉིད་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ།།

སྔགས་ཀྱི་ལུགས་ལ་ནི། ཆོས་ཅན་ཀ་བ་དང་བུམ་པ་སོགས་ནི་རྨི་ལམ་གྱི་རྟ་གླང་དང་མཁྲིས་ནད་ཅན་གྱི་གང་ཟག་གི་མིག་ཤེས་ལ་སྣང་བའི་གངས་རི་སེར་པོ་ལྟར་རྡུལ་ཙམ་ཡང་གྲུབ་མ་མྱོང་བ་རི་བོང་གི་རྭ་དང་དབྱེར་མེད་དེ། སེམས་ཉིད་ངལ་གསོ་ལས། འཁོར་འདས་བདེ་སྡུག་སྣ་ཚོགས་སྣང་མོད་ཀྱང་། །སྣང་དུས་ཉིད་ནས་རང་བཞིན་སྟོང་པའི་ངང། །སྒྱུ་མ་རྨི་ལམ་འདྲ་བར་མཁྱེན་པར་མཛོད། །ཅེས་སོ། །དེའི་ཕྱིར་ཉི་ཚེ་བའི་ཆོས་ཅན་ཀ་བུམ་སོགས་ཀྱི་སྟེང་དུ་གཞི་ཡོད་མེད་ཀྱི་རྣམ་གཞག་བྱེད་པ་ནི་ནམ་མཁའི་མེ་ཏོག་གི་ཁ་དོག་བརྟག་པ་དང་མཚུངས་པས་མེད་པར་འདོད་དོ།།

སླར་སྨོན་པ།

སྐྱེས་སྦྱངས་གཉིས་མེད་མོ་གཤམ་བུ་མོ་ལ།།
ཐོག་མཐའ་བར་གསུམ་སྙན་པའི་མགུལ་ཕྲ་བས།།
ཚིག་ཚོགས་སྤུང་བའི་ངལ་བ་བླངས་གྱུར་ཀྱང་།།
འཁོན་པའི་དགྲ་ལྟར་དོན་བཟང་རྒྱང་དུ་ལུས།།

སྤྲོས་བཅས་རྟོག་གེའི་ཚད་མས་གཞལ་དཀའ་བ།།
ན་ཆུང་ཀུན་ཏུ་བཟང་མོའི་བགྷའི་དབྱིངས།།
མཚན་ལྡན་བླ་མའི་མན་ངག་ལ་བརྟེན་ནས།།
ཚེ་འདིར་རྟོགས་པའི་སྐལ་བ་ལྡན་པར་ཤོག །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།