སྙན་ངག་སྐོར་ལ་བཅར་འདྲི་ཞུས་པ།

སློབ་དཔོན་འཆམ་ར་བ་དྲི་མེད་རྒྱལ་མཚན། སྐྱེས་ཡུལ་ཁམས་སྡེ་དགེ རང་ལོ་བཅོ་ལྔའི་ཐོག་དཔལ་ཡུལ་བཤད་གྲྭར་ཐུན་མོང་གི་རིག་གནས་སྤྱི་དང་ནང་དོན་རིག་པའི་གཞུང་ལུགས་སོགས་ལ་བསླབས། ཕྱིེས་སུ་བཙན་བྱོལ་དུ་འབྱོར་ནས་གདན་ས་རྣམ་གྲོལ་གླིང་དུ་ལོ་ངོ་བཅུའི་རིང་མདོ་སྔགས་གཉིས་ཀྱི་གཞུང་སྤྱི་དང་། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རིག་གནས་དང་བཅས་པ་ལ་སློབ་གཉེར་བྱས་ཏེ་རྒྱུགས་འབྲས་རྩེ་ཕུད་ཀྱི་ལམ་ནས་ ༢༠༠༩ ལོར་སློབ་མཐར་ཕྱིན། ལོ་ངོ་དེ་དག་གི་རིང་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའི་རྟགས་མ་ལན་མང་ཐོབ། ༢༠༠༣ ལོར་༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་མདུན་ནས་{མཐའ་བྲལ་སྨྲ་བའི་དབང་ཕྱུག་གི་ཕྱག་ཁྱེར་ཐོབ། ༢༠༠༤ ལོར་སློབ་ཞོར་དུ་བཤད་གྲྭའི་ཚོང་གཉེར་ལས་ཀ་བྱས། ༢༠༠༥ ལོར་སློབ་ཞོར་དུ་རྣམ་གྲོལ་གླིང་གི་སློབ་གྲྭའི་དགེ་རྒན་བྱས། ༢༠༡༠ ལོར་༸གོང་ས་མཆོག་གི་སྐུ་མདུན་ནས་{ཕར་ཕྱིན་རབ་འབྱམས་} དང་། {ངེས་གསང་ལེགས་བཤད་མཛོད་འཆང་}གི་༼སློབ་དཔོན་༽ཕྱག་ཁྱེར་ཐོབ། སྔ་ཕྱི་བོད་ཕྱི་ནང་གི་དྲ་ཚིགས་དང་དུས་དེབ། ཚགས་པར་སོགས་སུ་སྤྱི་ཚོགས་དཔྱད་བརྗོད་ཀྱིས་མཚོན་པའི་རྩོམ་ཡིག་བརྒྱ་ཕྲག་ལས་བརྒལ་བ་སྤེལ། ༢༠༡༡ ལོར་རྩོམ་དེབ་དང་པོ་<<འཆིང་བའི་ཕྱི་ནང་>>དང་། ༢༠༡༢ ལོར་རྩོམ་དེབ་གཉིས་པ་<<ས་མཐའི་ང་རོ་>>ཞེས་པ་གཉིས་སྤེལ། ༢༠༡༡ ནས་ ༢༠༡༢ བར་ལོ་གཉིས་རིང་རང་དགོན་གྱི་བཀའ་འབྲེལ་ལྟར་བལ་ཡུལ་དུ་དགེ་རྒན་བྱས། ༢༠༡༢ ནས་ཕུ་ནུ་གྲོས་རའི་ཚོགས་གཙོ་བྱས། ༢༠༡༣ དང་ ༢༠༡༤ ལོ་གཉིས་རིང་རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་དང་རྩོམ་སྒྲིག་པ་བཅས་བྱས། ༢༠༡༣ ལོར་འབྲུག་དང་འབྲས་ལྗོངས། བལ་ཡུལ་རྒྱ་གར་བཅས་ཀྱི་རྙིང་མའི་དགོན་སྡེ་རྣམས་སུ་ཚིག་མཛོད་རྩོམ་སྒྲིག་གི་ཟབ་སྦྱོང་འབུལ་མཁན་དུ་བཅར། ༢༠༡༣ ལོ་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ༢༠༡༤ ལོ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་དྲུང་ཆེའི་ལས་ཁུར་ཞུ་མུས་ཡིན། དེ་བཞིན་སྡེ་དགེ་དྲ་བ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲ་རྒྱ། བོད་ཀྱི་གཞས་ཚིག་དྲ་བ་བཅས་ཀྱི་རྩོམ་སྒྲིག་པ་བྱེད་བཞིན་ཡོད་པ་བཅས་སོ།།

སྙན་ངག་ཅེས་པ་འདི་ཨུ་ཚུགས་རྒྱག་ཆོག་ས་ཞིག་གཏན་ནས་མེད།

རྩོམ་སྒྲིག་པ། སློབ་དཔོན་འཆམ་ར་བ་དྲི་མེད་རྒྱལ་མཚན་ལགས་སྐུ་ཁམས་བཟང་། ཐོག་མར་ཁྱེད་རང་སྙན་ངག་གསར་རྩོམ་ལ་རྐྱེན་གང་ཞིག་གིས་ཞུགས་པ་དང་། གཞུང་ལུགས་ཤིག་གི་སྟེང་ནས་སམ། ཡང་ན་ཚུལ་ཇི་ལྟ་བུ་ཞིག་གིས་སྙན་ངག་གསར་རྩོམ་བྱས་པའི་ཤུལ་ལམ་ལ་ཕྱིར་དྲན་ཞིག་མཛད་ན་ཆོག་གམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། ལན་འདི་རྒྱག་དུས་མེ་ལོང་མ་ལ་ངོ་སོ་ཞིག་བསྟོད་དགོས་པ་རེད། བཤད་གྲྭའི་སློབ་གཉེར་སྐབས་སུ་མེ་ལོང་མའི་སྙན་ངག་སློབ་ཚན་ཞིག་ཡོད་པ་རེད་དེ་བློ་འབྱེད་དང་དོ་དབྱིངས་སྤྲོད་ཐུབ་པའི་དགེ་རྒན་དང་ཚོར་བ་ཞིག་རག་མྱོང་མེད། དཔེར་ན་དགེ་རྒན་ཚོས་སྙན་ངག་ཁ་ནས་བཤད་བསྡད་པ་ལས་ལག་ནས་བྲིས་པའི་སྙན་ངག་རྐང་གཅིག་གི་དཔེར་བརྗོད་ཀྱི་སློབ་ཁྲིད་ཐོབ་མྱོང་མེད་པ་ལྟ་བུ་རེད། འོན་ཀྱང་མཛུབ་མོས་རི་བསྟན་ལྟར་ལྟོས་ས་ལྟོས་འཇོག་གིས་ཕན་ཐོགས་བྱུང་ཡོད་པ་རེད། སྤྱིར་བཏང་སྙན་ངག་ལ་དགའ་བ་ཚད་མེད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ང་ལ་ཡོད་ས་རེད། སྟབས་ཡག་པ་ཞིག་ལ་ངས་སྙན་ངག་སྦྱོང་བཞིན་པའི་སྐབས་དེར་༼པདྨའི་རང་མདངས་༽འདི་འདོན་འགོ་འཛུགས་བཞིན་པའི་སྒང་རེད་ལ། ཚང་མས་དེའི་ནང་དུ་རྩོམ་ཡིག་འཁོད་པར་རྔམ་སྐྲག་དང་དགའ་སྣང་ཆེན་པོ་བྱེད་བཞིན་ཡོད། ངའི་ཉེ་ས་ན་སྡིངས་ཆ་བཟང་པོ་དེ་འདྲ་ཞིག་ཡོད་པ་དེས་ང་ལ་སྙན་ངག་འབྲི་བར་སྐུལ་འདེད་དང་གོ་སྐབས་རྩ་ཆེན་ཞིག་རག་པ་རེད། དཔེར་ན་སྤྱི་ཚོགས་ཀྱི་སྡིངས་ཆར་ཐོན་པའི་ངའི་རྩོམ་ཡིག་ཐོག་མ་དེ་”དད་གདུང་འཇོལ་མོའི་རྒྱང་གླུ།”ཞེས་པ་དེ་རེད། དེ་ནི་པདྨའི་རང་མདངས་འདོན་ཐེངས་དང་པོའི་ནང་ཕྱི་ལོ་ ༢༠༠༢ ལོར་སྤེལ་བ་རེད། འདིའི་ཚོར་བ་དང་བག་ཆགས་དེས་ང་ལ་སྙན་ངག་འབྲི་བར་སེམས་ཤུགས་དང་རྒྱབ་སྐྱོར་ཆེན་པོ་བྱིན་བྱུང་། ད་ལྟའང་ངས་སྐབས་དེའི་དགའ་ཚོར་ལ་ཕྱིར་དྲན་བྱེད་ཐུབ་ཀྱི་འདུག གང་ལྟར་ཀྱང་ངའི་སྙན་ངག་འདི་གཞུང་ལུགས་ཤིག་གི་འབབ་སྟེགས་ནས་འཕུར་སོང་བའི་ཐང་དཀར་རྒོད་པོ་ཞིག་ཡིན་རྒྱུ་ཨེ་རེད། ཧཧཧ

རྩོམ་སྒྲིག་པ། ཁྱེད་ནི་དགོན་པའི་ཁོར་ཡུག་ཅིག་ནས་སྙན་ངག་གསར་རྩོམ་ལ་ཞུགས་པ་ཡིན་སྟབས། སྙན་ངག་གསར་རྩོམ་ལ་དགོན་པའི་ཁོར་ཡུག་གིས་ཚད་བཀག་གམ་འགོག་རྐྱེན། ཡང་ན་རམ་འདེགས་ཇི་ལྟར་བྱུང་ཚུལ་ཐད་ལ་ལྟ་ཚུལ་འདྲ་ཡོད་དམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། ང་ལ་དགོན་པའི་ངོས་ནས་སྙན་ངག་འབྲི་བར་འགོག་རྐྱེན་བྱུང་བ་གཏན་ནས་མི་དྲན། དེ་འབྱུང་མི་སྲིད་པ་ཞིག་ཀྱང་རེད། གང་ཡིན་ཟེར་ན་དགོན་པས་ཁྱོད་ཚོས་སྙན་ངག་འདི་འདྲ་འབྲི་ཆོག འདི་འདྲ་འབྲི་མི་ཆོག་ཅེས་པའི་ཚད་བཀག་དང་། དོ་དམ་ཅི་མེད་པ་རེད། འོན་ཀྱང་དགོན་པའི་དུས་དེབ་དང་ཆེད་དེབ་དེ་འདྲའི་ནང་རྩོམ་ཡིག་འཁོད་ཐུབ་མིན་སྐབས་ཐོབ་སོ་སོའི་ཁ་ཕྱོགས་རེ་དང་འགྲོ་སྟངས་རེ་ཡོད་པ་ལས་དེར་འགོག་རྐྱེན་དང་ཚད་བཀག་ཅེས་ལབ་ས་མེད། དེ་དག་ལས་ལྡོག་སྟེ་ཁོ་བོར་མཚོན་ན་དགོན་པའི་ཁོར་ཡུག་དང་དགོན་པ་ནི་ངའི་སྙན་ངག་གི་མེ་ཏོག་བཞད་སའི་སྤང་ལྗོངས་ཡིན་ལ། ད་ལྟའི་ངའི་སྙན་ངག་དག་གི་ལང་ཚོའི་མཛེས་སྡུག་ཅི་འདྲ་ཞིག་ཡོད་པ་དག་ཀྱང་འདི་ལས་བྱུང་བ་ཡིན། མ་བཅོས་སེམས་ཀྱི་གཏིང་རུམ་ན་འོད་ལྟར་འཚེར་བའི་༸སྐྱབས་རྗེ་གྲུབ་དབང་བླ་མ། ཆོས་གོས་སེར་པོའི་ཁ་དོག་གིས་མིག་ཀྱང་ཚ་བར་བྱེད་པའི་ཆོས་གྲོགས་དགེ་འདུན་གྱི་སྡེ། རིག་གནས་སྣ་མང་གི་ལང་ཚོས་མཛེས་པའི་དུས་དེབ་པདྨའི་རང་མདངས། ད་དུང་ངས་སྙན་ངག་གི་དཔེ་རུ་བཀོད་མྱོང་བའི་ལྡུམ་རའི་ནང་གི་མེ་ཏོག་དང་ཙནྡན་སྡོང་པོ། དེའི་སྟེང་གི་བྱ་དང་བྱེའུ། ཕྱེ་མ་ལེབ་དག་མེད་ན་ངའི་ཆེས་ཐོག་མའི་སྙན་ངག་དག་ཇི་ལྟར་འཚར་ལོངས་འབྱུང་ཐུབ་རྒྱུ་རེད། དེ་བས་ཀྱང་འདི་དག་ལ་དུང་བ་དཀར་དཀར་མ་དང་། བརྩེ་བ་དམར་དམར་མ་དག་ཀྱང་ངའི་སྙན་ངག་གི་རྒྱུ་ཆ་རྩ་ཆེན་རེ་ཡིན་ཨང་།

རྩོམ་སྒྲིག་པ། ཁྱེད་ཀྱི་སྙན་དེབ་ས་མཐའི་ང་རོའི་ནང་གི་སྙན་ངག་ཚན་པ་”རྩོམ་རིག་ལ་བསྔགས་པ་དབྱངས་ཅན་ལྷ་མོའི་དགོད་སྒྲ་།” “སྙན་ངག་གི་གདུང་འབོད་དང་།” མཇུག་གཏམ་ནང་”སྙན་ངག་ནི་མི་ཚེའི་ལོངས་སྤྱོད་ཅིག་ཡིན་པ་དང་། སྙན་ངག་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངེས་ཤེས་རྙེད་ཐབས་ཀྱི་དགོས་འདུན་འོག”ཅེས་བཤད་འདུག་པར་བལྟས་ན་སྙན་ངག་ནི་ཁྱེད་ཀྱི་འཚོ་བའི་ནང་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད་པ་ཤེས་པས། དེ་ཇི་ལྟར་ཡིན་ནམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། སྤྱིར་སྙན་ངག་ནི་དོན་དམ་བདེན་པ་ཞེས་པ་དེ་རེད། འདིའི་སྒྱུ་འཕྲུལ་རོལ་པའི་གཏིང་དག་རང་དགར་འཇལ་མི་ཐུབ་ཅིང་བརྗོད་མི་ཚར་བ་ཞིག་རེད་ལ། འདིས་བྱིན་པའི་ཚོར་བ་ནི་མྱོང་མི་ཚར་བའི་ཟབ་ཅིང་གསང་བའི་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་རེད། དེ་ང་ཚོས་འཚོལ་སྙེག་དང་རོལ་མྱོང་བྱེད་པ་ནི་སེམས་ཅན་ཐམས་ཅད་ནང་ཤེས་པ་ཕྲ་མོ་ཕྲ་མོའི་ཚོར་བ་དངོས་སུ་མྱང་རྒྱུར་རྔམ་སྐྲག་གམ་མཚར་སྣང་། དེ་བཞིན་དགའ་ཞེན་དམིགས་བསལ་བ་རེ་ཡོད་པས་རེད་ལ། གལ་ཏེ་སྙན་ངག་གི་དག་ཞིང་དུ་སླེབས་ཚེ་ད་ལྟའི་ཕྱི་ནང་གི་བཀོད་པ་ཆ་ཚང་པོ་སྙན་ངག་གི་རོལ་པར་ཤར་བས་འབྱམས་ཀླས་པའི་ཚོར་བ་བརྗོད་མི་ཤེས་པ་ཞིག་མྱང་རྒྱུ་ཡོད་པ་རེད། དེ་ལྟར་སྙན་ངག་ནི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཚེ་ང་ནི་གནས་ལུགས་སྨྲ་བའི་སྐྱེ་བོ་ཞིག་ལ་འགྱུར་བཞིན་ཡོད་པ་རེད། ནམ་རྒྱུན་ཆོས་དང་འཇིག་རྟེན་གང་གི་ལུགས་སུ་བྱས་ཀྱང་གནས་ལུགས་སམ། དོན་དམ་པ་དེ་བརྗོད་པའམ་འབྲི་བ་ནི་ཆེས་སྤྱིར་བཏང་ཞིག་མ་རེད། དེ་དོན་དངོས་སུ་སྨིན་པ་ལ་སྙིང་སྟོབས་དམིགས་བསལ་བ་ཞིག་དང་སེམས་གཤིས་གཙང་མ་ཞིག་དགོས་པ་རེད་ལ། དེ་འབྲི་བར་ལུས་ཀྱི་གཉན་ས་ནས་གཤགས། སེམས་ཀྱི་ཟབ་ས་ནས་འབྲུ་ཕོད་པའི་གདོང་ལེན་ཁྱད་པར་བ་ཞིག་ཀྱང་དགོས་པ་རེད།

རྩོམ་སྒྲིག་པ། ཁྱེད་ཀྱིས་འབོལ་རྩོམ་དང་སྙན་ངག་ཕྱོགས་སྒྲིག་དེབ་ཆུང་གཉིས་ཕུད་ཟིན་པ་མ་ཟད། ལྟོས་བཅས་ཀྱིས་བཤད་ན་ཁྱེད་ནི་གསར་རྩོམ་གྱི་ལམ་བུ་ཅུང་རིང་བ་ཞིག་ཡིན་སྟབས། དེས་ན་ཁྱེད་ཀྱི་ཉམས་མྱོང་དང་འབྲེལ་སྙན་ངག་གསར་རྩོམ་ལ་ཐོག་མར་ཞུགས་མཁན་དག་གིས་འགོ་ཇི་ལྟར་བརྩམ་དགོས་པ་དང་། སྒྱུ་རྩལ་གྱི་མཚོན་ཐབས་ཅི་ཞིག་བེད་སྤྱོད་པ། གསར་རྩོམ་གྱི་ཡུན་ཇི་ལྟར་བསྲིང་དགོས་ཚུལ་སྐོར་ལ་མདོ་ཙམ་གསུངས་ན་ཆོག་གམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། སྙན་ངག་ཅེས་པ་འདི་ཨུ་ཚུགས་རྒྱག་ཆོག་ས་ཞིག་གཏན་ནས་མེད། འདི་འགྲུབ་པ་ལ་བརྗོད་བྱ་ཕྱུང་སྟངས་དང་རྗོད་བྱེད་ཀྱིས་འགྲེལ་སྟངས་གཉིས་ཐད་ནས་ཡོང་དགོས་པ་ཡིན་དུས། ཅི་སྟེ་ཨུ་ཚུགས་ཀྱིས་བྲིས་པའི་སྙན་ངག་ཅིག་བྱུང་ཚེ་དེ་ནི་མ་ནིང་ལྟ་བུ་ཞིག་ཡོང་གི་རེད། འགོ་འཛུགས་སྟངས་ཐད་ནས། དེང་སང་གི་བྱིས་པ་ཚོར་མཚོན་ན་གོམ་འགྲོས་སྦྱོང་བར་འགྱིག་དང་། ལྕགས་སོགས་ཀྱི་དབྱིབས་སྒོར་སྒོར་དང་། གྲུ་བཞི་སོགས་རྩེད་རིགས་སྣ་མང་ཞིག་ཡོད་པ་རེད་ལ། དེ་དག་སྤྱད་ནས་འཚར་ལོངས་འབྱུང་བཅུག་ན་རང་གཞན་གཉིས་ཀར་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་བཞིན། མེ་ལོང་མའི་གཞུང་འདིར་བརྟེན་ན་སྙན་ངག་ལ་འཇུག་སྟབས་བདེ་བ་ཡོད་རེད་སྙམ། འོན་ཀྱང་སོ་སོའི་རིག་པའི་རང་རྐང་ཚུགས་ཙམ་ནས་མུ་མཐའ་མེད་པའི་འཆར་སྣང་གི་རང་དབང་ལ་སྤྱོད་ཐུབ་དགོས་པ་ལས། ཁྲིམས་དང་སྒྲིག་ཞབས་ལ་མགོ་འཁོར་ཆེ་སོང་ན་གཟེབ་ཏུ་ཚུད་པའི་བྱེའུ་ལྟར་རང་སྟོབས་ཀྱི་གཤོག་རྩལ་རྒྱས་ཏེ་རང་དབང་གི་ནམ་མཁར་འཕུར་མི་ཐུབ་པ་རེད། དེ་བཞིན་གཞན་རྟེན་གྱི་བསམ་བློའི་ཤུགས་རྐྱེན་འོག་རང་རྩལ་རིག་པའི་སྙན་ངག་གི་ཞིང་བཀོད་བསྐྲུན་མི་ཐུབ་ལ། སྒྱུ་རྩལ་གྱི་ཉམས་འགྱུར་སྣ་མང་ཞིག་ལ་རོལ་ཐུབ་པའི་གོ་སྐབས་ཀྱང་ཉུང་བར་བསམ། དེར་བརྟེན་སོ་སོའི་རིག་རྩལ་རྒྱས་ཐབས་ལ་སྙན་ངག་ལ་དུང་བའི་སེམས་ཁམས་རྨ་མེད་པ་དེ་གཅེས་སྐྱོང་བྱ་རྒྱུ་ནི་གལ་ཆེན་ཞིག་རེད། དུས་དེབ་སོགས་སྙན་ངག་པའི་དཔུང་སྡེ་གཞན་གྱི་སྡིངས་ཆ་འདྲ་མིན་ལ་འཐོན་རྒྱུ་དང་། རོགས་ཕན་ཚུན་བར་ན་སྙན་ངག་གི་ཚོར་ཤེས་བརྡར་བ། མིག་དཔེར་འོས་པའི་གཞན་གྱི་སྙན་ངག་ཀློག་པ་སོགས་གལ་ཆེན་ཡིན་ས་རེད། འོན་ཀྱང་ཐབས་ལམ་དེ་དག་བརྒྱུད་ནས་སྲེག་བཅད་བརྡར་གསུམ་ལས་བྱུང་བའི་གསེར་ནག་ལྟ་བུའི་རང་ལུགས་ཤིག་དགོས་པ་རེད་མ་གཏོགས། དེང་སང་སྙན་ངག་པ་ཡིན་ཟེར་མཁན་མང་པོ་ཞིག་ནི་གཞན་གྱི་ལད་ཟློས་ལ་འགྲན་སྡུར་བྱེད་མཁན་སླེབས་པ་ལྟ་བུ་དང་། ཁྱི་ལྡོམ་སྲང་མདོར་ཟུག་པ་ལྟར་འུད་ཤོབ་ཁོ་ནས་དུས་འདའ་བཞིན་ཡོད་པ་རེད། སྒྱུ་རྩལ་གྱི་མཚོན་ཐབས་ཞེས་པ་ནི་སྙན་ངག་ཏུ་གྲུབ་པའི་བདག་རྐྱེན་ངོ་མ་དེ་ཡིན་སྟབས། སྙན་ངག་ལ་དུང་ཞིང་སྙན་ངག་གི་ཞིང་ཁམས་འགྲིམས་འདོད་པའི་སྐྱེས་བུ་ཞིག་ལ་མཚོན་ན། འཆར་སྣང་མཐའ་ཡས་པ་དང་ལྷན་དུ་སྒྱུ་རྩལ་གྱི་མཚོན་ཐབས་གྲངས་མེད་པ་ཞིག་འདོན་པའི་རིག་པའི་རྩལ་དེ་མེད་དུ་མི་རུང་བ་རེད།

རྩོམ་སྒྲིག་པ། དུས་དེབ་པདྨའི་རང་མདངས་ནི་མ་ཡུམ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱེད་ནི་ད་གཟོད་གང་འཚམས་ནར་སོན་པའི་བུ་ཕྲུག་རྒན་གྲས་ཤིག་ཆགས་ཡོད་སྟབས། ཁྱེད་ཀྱིས་མ་ཡུམ་པདྨའི་རང་མདངས་ལ་ལྟ་སྟངས་ཅི་འདྲ་ཞིག་གམ། དེའི་ལེགས་ཆ་དང་ཞན་ཆའི་ཐད་ལ་ལྟ་ཚུལ་འདྲ་གསུང་རྒྱུ་ཡོད་དམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། དུས་དེབ་པདྨའི་རང་མདངས་འདི་མི་ཞིག་ཡིན་ཚེ། དེང་སང་བྱིས་པ་ཁྲི་སྟོང་གི་ཨ་མ་ཞིག་ཡིན་ངེས་རེད་ལ། བགྲེས་རྒུད་དང་བྲལ་བའི་ཆེས་མཛེས་སྡུག་ལྡན་པའི་མ་ཡུམ་ཆེན་མོ་ཞིག་ཡིན་ངེས་རེད། ངའི་ངོས་ནས་ཐོག་མའི་རྩོམ་རིག་ཟེར་ན་འདྲ། སྙན་ངག་ཟེར་ནའང་འདྲ། གང་ལྟར་རྩོམ་ཡིག་གི་སྒོ་ཐེམ་དང་པོ་རྒལ་ས་དེ་དུས་དེབ་འདི་ཡིན། འདིས་ང་ལ་ལག་འཇུ་བྱས་ཏེ་ག་ལེ་ག་ལེར་རྩོམ་རིག་གི་གར་སྟེགས་སུ་ཁྲིད་བྱུང་ལ། སྙན་ངག་གི་སྤང་ལྗོངས་སྟེང་ལ་གློད་བྱུང་། དུས་དེབ་འདིར་དགའ་བ་ཚད་མེད་པ་ཞིག་གིས་སློབ་ཕྲུག་ཡིན་མིན་ལ་མ་ལྟོས་པར་ད་བར་འདོན་ཐེངས་རེ་ལ་རྩོམ་ཡིག་རེ་རེའི་རྒྱབ་སྐྱོར་དང་དྲན་གསོ་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོར་དུས་དེབ་འདིའི་མ་འོངས་པར་བསམས་ནས་རྩོམ་སྒྲིག་པ་ཚོར་བསམ་འཆར་དོན་ཚན་བརྒྱད་ཅན་ཞིག་ཀྱང་ཕུལ་མྱོང་ཡོད་ལ། རིམ་གྱིས་བསམ་འཆར་དེ་དག་ཀྱང་བདག་པོ་རྒྱག་གནང་སོང་དྲན་པ་བྱུང་། རྒྱུན་དུ་ནས་དུས་དེབ་འདིའི་དྲིན་དྲན་བཞིན་ཡོད་ལ་དེ་བས་ཀྱང་རྩོམ་སྒྲིག་པ་ཚོར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། བཀའ་དྲིན་འདི་དག་གི་དོན་གྱི་བདག་པོ་ནི་རིགས་ཀུན་ཁྱབ་བདག་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་རེད་ལ། ཁོང་གིས་དུས་དེབ་འདིར་བཅངས་པའི་ཐུགས་བསྐྱེད་དེའང་མུ་མཐུད་ཉི་མའི་འོད་སྣང་བཞིན་དུ་ཁྱབ་ངེས་རེད། སྣ་འཛོམས་རང་བཞིན་ཅན་གྱི་དུས་དེབ་འདིར་མཚོན་ན་ནང་དོན་དུ་ཆོས་དང་འཇིག་རྟེན་གྱི་གླེང་བ་རྒྱ་ཆེ་བས་བརྗིད་ཆགས་པ། ཚིག་རིས་ཀྱི་བརྡ་སྤྲོད་རིག་པའི་ཞུས་ལེགས་པས་དང་བ་འདྲེན་པའི་ཆོས་སུ་གྱུར་པ། ལོ་ཟླའི་འགྱུར་འགྲོས་བར་ནས་རྒྱུན་སྲིང་གི་སྤོབས་པ་ལྡན་པས་བསྟོད་ཅིང་བསྔགས་འོས་སུ་གནས་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་རེད། འོན་ཀྱང་རིམ་པས་དུས་དང་མཐུན་པའི་ཡར་རྒྱས་གཏང་རྒྱུ་ནི་ཧ་ཅང་གལ་ཆེན་རེད་བསམ། དེང་སང་བརྡ་འཕྲིན་གྱི་དུས་རབས་སུ་གྱུར་ཟིན་པ་ཡིན་དུས། སྔོན་མ་ལྟར་ཤོག་གཟུགས་ཅན་གྱི་དཔེ་དེབ་ཉོ་ཚོང་སོགས་ཁག་པོ་འགྱུར་བཞིན་པ་རེད། དེ་བཞིན་ད་བར་དུས་དེབ་འདི་འགྲེམས་སྤེལ་གནང་ཕྱོགས་ཐད་ནས་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་རེད། དཔེར་ན་ལས་ཁུངས་ངོས་ནས་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་དང་དགོན་པའི་ལྕགས་རི་ལས་བརྒལ་ཏེ་ཚོང་འགྲེམས་བྱས་པ་ཆེས་དཀོན་པོ་རེད། རྒྱུ་མཚན་འདི་དག་གིས་རྒྱལ་ཕྱི་ནང་གང་ས་ནས་ལྟ་ཐུབ་པའི་པདྨའི་རང་མདངས་ཞེས་པའི་དྲ་ཚིགས་ཤིག་གམ། རྣམ་གྲོལ་གླིང་དགོན་པའི་དྲ་རྒྱའི་ཟུར་ངོས་ཤིག་ན་ལྟ་ཀློག་ཕབ་གསུམ་བྱ་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་ཧ་ཅང་ཡག་པོ་འདུག དུས་དེབ་འདིར་ངང་སྒུག་བྱེད་མཁན་གྱི་ཐག་རིང་གི་ཀློག་པ་པོ་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་བཞིན་ལྗིད་ཚད་ཡང་བའི་ཚོན་ལྡན་པར་རིས་དག་གིས་ཟུར་རྒྱན་གཞག་རྒྱུ་དང་། འཆར་གཞི་ལྡན་པའི་རྩོམ་ཡིག་འགྲན་སྡུར་བྱེད་པ་སོགས་ཐུབ་ན་ཡག་པོ་འདུག་བསམ་སོང་།

རྩོམ་སྒྲིག་པ། “སྐྱེས་བུ་གསེར་མདོག་ཅན་ཞིག་རྗེས་སུ་དྲན་པ་དང་།” “ལྷོ་མཐར་བསྐྱོད་པའི་སྙན་ངག་”གིས་མཚོན་པའི་ཁྱེད་ཀྱི་སྙན་ངག་མང་མང་ཞིག་ནི་སྐྱེས་ཆེན་དང་དཔའ་བོ་དག་གི་རྗེས་དྲན་དུ་བྲིས་འདུག དེས་ན་སྐྱེས་ཆེན་དེ་དག་ཁྱེད་ཀྱི་སེམས་ནང་ན་གོ་ས་དམིགས་བསལ་བ་ཞིག་བཟུང་ཡོད་པ་ཡིན་ནམ། ཡང་ན་རྒྱབ་ལྗོངས་གཞན་ཞིག་ཡིན།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན།      སྤྱིར་གནའ་མིའི་གཏམ་དཔེ་ལ། དཔའ་བོ་སྟག་གིས་མ་བསྟོད་ན། །མཛངས་དང་སྡར་མས་ཤན་མི་འབྱེད། །ཅེས་བཤད་སྲོལ་ཡོད་པ་ལྟར་བྱས་པ་ཅན་གྱི་བཀའ་དྲིན་དྲན་ཞིང་དེ་དག་གི་རྣམ་ཐར་བརྗོད་པ་ནི་ཁོང་ཅག་གི་མཛད་པའི་འཕྲོ་སྐྱོང་བ་ཞིག་ཡིན་ལ། ཁོང་ཅག་གི་མཛད་པ་ཕྲིན་ལས་གླེང་བ་ཙམ་གྱིས་ཀྱང་ང་ཚོ་ལ་སྟོབས་ཤུགས་དང་བླ་ན་མེད་པའི་བྱིན་རླབས་ཤིག་འཁོར་ཡོང་བ་རེད། “སྐྱེས་བུ་གསེར་མདོག་ཅན་ཞིག་རྗེས་སུ་དྲན་པ་”ཞེས་པ་དེ་སྟོན་པ་བཀའ་དྲིན་ཅན་རྗེས་སུ་དྲན་པའི་སྙན་ངག་ཅིག་རེད་ལ། “ལྷོ་མཐར་བསྐྱོད་པའི་སྙན་ངག་”ནི་ལོ་འགའི་རྗེས་སུ་ཕྱིར་རྒྱ་གར་ལྷོ་ཕྱོགས་སུ་སོང་སྐབས་བྲིས་པ་ཞིག་རེད། དེ་བཞིན་”དད་གདུང་འོ་མཚོ་འཕྱུར་བའི་རླབས་སྒྲ་”ཞེས་པ་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་རྗེས་དྲན་སྙན་ངག་དང་། དེ་མིན་རྩ་བའི་བླ་མ་ཁོང་གི་རྗེས་དྲན་གཞས་ཚིག་དང་སྙན་ངག་ཧ་ཅང་མང་པོ་ཡོད། “ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་རང་བཞིན་བརྗོད་པ་རྡུལ་བྲལ་ལྷ་རེག་དཀར་པོའི་འཕྱང་འཕྲུལ་”ཞེས་པ་སོགས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དཔའ་རྒོད་མང་པོ་ཞིག་གི་ལོ་རྒྱུས་དང་རྗེས་དྲན་དེ་འདྲ་བྲིས་ཡོད། དེ་དག་གིས་མཚོན་ཁོ་བོའི་སྒེར་དེབ་<<འཆིང་བའི་ཕྱི་ནང་>>དང་། <<ས་མཐའི་ང་རོ་>>གཉིས་ཀྱི་ནང་དུ་སྤེལ་ཟིན་པ་དང་མ་ཟིན་པ་སྣ་ཚོགས་ཡོད། རེད། ཏན་ཏན་ཁོང་ཅག་གིས་ངའི་སེམས་ཁམས་ན་དམིགས་བསལ་གྱི་གོ་ས་མཐོན་པོ་ཞིག་བཟུང་ཡོད། དེ་ནི་ཁོང་ཅག་གི་རྣམ་ཐར་ལས་ཚེ་འདི་དང་ཕྱི་མ་གཉིས་ཆ་ལ་འོད་གསལ་བའི་ལམ་བུ་ཡངས་ཤིང་རྒྱ་ཆེ་བ་རེ་བསྟན་གནང་ཡོད་པ་དང་། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བདག་དབང་འཐབ་རྩོད་ཆེད་ཁོང་ཅག་གི་སྲོག་དབུགས་མཐའ་མ་དེ་ཇི་ལྟར་ཆད་ཡོད་པ། ཁོང་ཅག་ལ་མཐའ་མའི་དབང་བ་ནི་ངར་ཤུགས་ལྡན་པའི་ཕྱིར་མིག་གི་རེ་བ་རེ་རེ་ཡིན་ལ། རེ་བ་དང་ཕྱིར་མིག་དེ་དག་གི་སྣེ་ན་རང་ཉིད་ཀྱང་ཚུད་ཡོད་པ་ཧ་གོ་ནས། ངས་ཁོང་ཅག་ལྟར་མ་འཇོན་ནའང་ཆེས་མ་མཐའ་ལ་ཁོང་ཅག་གི་རྣམ་ཤེས་དག་དུས་ནམ་ཡང་ཁྲེལ་མི་དགོས་པ་ཞིག་བྱ་དགོས་ཨང་བསམ་པ་ཞིག་སེམས་ལ་ཡོད།

རྩོམ་སྒྲིག་པ། ང་ཚོས་ལྟ་ཚུལ་ནོར་བ་མིན་ན་ཁྱེད་ཀྱི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ནི། མེ་ལོང་མའི་གཞུང་ལུགས་ཀྱི་འབྲི་སྟངས་ནས་རིམ་གྱིས་དེང་རབས་འབྲི་སྟངས་ལ་ཕྱོགས་འདུག་པས། ཉམས་མྱོང་དེ་དག་བརྒྱུད་ནས་སྲོལ་རྒྱུན་དང་དེང་རབས་བཅད་གསར་སྙན་ངག་གཉིས་ཀྱི་ཁྱད་པར་དེ་གང་ཞིག་ནས་འཇོག་དགོས་པ་དང་། ཁྱེད་རང་སྒེར་གྱིས་སྙན་ངག་ནི་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། ཏག་ཏག་རེད་ནོར་མ་སོང་། ངའི་སྙན་ངག་འདི་བྱ་ཞིག་ཡིན་པའི་དབང་དུ་བཏང་ན་ཐོག་མ་མེ་ལོང་མའི་སྒོང་ངའི་སྦུབས་ནས་འཚར་ཞིང་། དེ་རྗེས་སྒོང་ཤུན་ལས་བརྒལ་བའི་སོ་སོས་གཤོག་རྩལ་ཞིག་ངོམས་ཏེ་འཕུར་བཞིན་པ་ལྟ་བུ་ཞིག་ཡིན་གྱི་རེད་ཅེས་ལབ་ན་མ་འགྲིག་པ་ཡོད་རྒྱུ་མ་རེད། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གི་ཁྱད་པར་ཟེར་བ་འདི་ལ་བཤད་རྒྱུ་འདྲ་མིན་ལོས་ཡོད་དེ། སྤྱིར་བཏང་ཙམ་དུ་བཤད་ན་སྲོལ་རྒྱུན་སྙན་ངག་ཡིན་ན་དཔེ་དང་དཔེ་ཅན་གྱི་གཟུགས་སུ་དགོད་རྒྱུར་རྩིས་ཆེན་འཛིན་པ་དང་། མངོན་བརྗོད་ཀྱི་ཐ་སྙད་མཐོན་པོ་དག་སྤྱོད་པར་དགའ་བ། ཚིག་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་ཡིན་པ་སོགས་རེད་ལ། དེང་རབས་སྙན་ངག་དག་ནི་མཚོན་བྱེད་རང་བཞིན་ཅན་གྱིས་སྙན་ངག་ཏུ་སྒྲུབ་པ་དང་། ས་དར་རྡོ་དར་དུ་ཡོད་པའི་གཞི་རིམ་མང་ཚོགས་ཁྲོད་ཀྱི་ཐ་སྙད་དམའ་མོ་དག་སྤྱོད་ཆེ་བ། ཚིག་བཅད་ལྷུག་སྤེལ་གསུམ་གང་ཞིག་འགྲིག་མིན་ལ་མ་ལྟོས་པར་རང་ཉིད་ཀྱིས་གང་འདོད་པ་ལྟར་བསྒྲིགས་འགྲོ་བ་སོགས་རེད། ཡང་ཤོད་སྟངས་གཅིག་བྱས་ན་ད་ཞག་སྲོལ་རྒྱུན་སྙན་ངག་ཏུ་འབོད་ས་ཕལ་མོ་ཆེ་ནི་གནམ་ལ་བྱ་ལྟར་ལྡིང་སྐོར་རྒྱག་འདུག་པ་དང་། དེང་རབས་སྙན་ངག་ཏུ་འབོད་ས་ཕལ་མོ་ཆེ་ནི་ས་ལ་རུས་སྦལ་ལྟར་ནུར་འགྲོས་བྱེད་མཁན་ཞིག་རེད་ཅེས་རོབ་བཤད་ཙམ་བྱས་ན་འགྲིག་པ་ཞིག་རེད། ངའི་སྙན་ངག་འདི་ནི་སྲོལ་རྒྱུན་སྙན་ངག་ལ་ཕྱིར་མིག་ལྟ་བཞིན་དེང་རབས་སྙན་ངག་གི་ལམ་ཁ་ན་སྐྱོད་བཞིན་པ་ལྟ་བུ་ཞིག་ཡོད་སྲིད་ལ། ལམ་ཁ་འདི་དེད་ནས་འགྲོ་མཁན་ཉུང་ཉུང་ཡིན་རྒྱུ་རེད། ངས་རྒྱུན་དུ་གནའ་སྔ་མོའི་དམངས་ཁྲོད་གླུ་གཞས་ཁག་དང་། ཆགས་མེད་བདེ་སྨོན། དེ་བཞིན་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་གི་རྩོམ་སྟངས་དག་ལ་ཡིད་སྨོན་ཆེན་པོ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། མང་པོ་ཞིག་གིས་ཚིགས་བཅད་ཡིན་ནོ་ཅོག་སྙན་ངག་ཡིན་པའི་ལྟ་ཚུལ་ཅན་ཡང་མཐོང་། ཡང་སྙིང་སྙན་ངག་ཅེས་པ་དེ་ལ་བརྗོད་བྱ་དང་རྗོད་བྱེད་ཀྱི་ཐད་ནས་ཚང་དགོས་ངེས་ཀྱི་ཆ་རྐྱེན་གང་དང་གང་ཡོད་དམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། གསར་འགྱུར་འབྲི་སྟངས་ལྟ་བུའི་ཕྱི་ནང་ཐད་ཀར་གསལ་འདུག་པའི་ཚིག་བཅད་དེ་འདྲའང་སྙན་ངག་ཡིན་ཟེར་ན་མི་དེ་ཚོས་སྙན་ངག་ཟེར་བ་གཏན་ནས་ངོ་ཤེས་ཀྱིན་མེད་པའི་རྟགས་རེད། ང་ཚོ་སྡེ་དགེ་ལ་ཁ་དཔེ་ཞིག་ཡོད་རེད། སྤྲང་པོས་ཕྱུག་རྟགས་བསྟན་ན། སྤྲང་རྟགས་སྣ་གཅིག་ཅེས་པ་ལྟར་མི་དེ་ཚོས་སྙན་ངག་གི་སྤྲང་རྟགས་བསྟན་འདུག་པ་རེད། སྙན་ངག་ཏུ་གྲུབ་པ་ལ་རྩ་བའི་ནང་གི་གཙོ་བོ་ནི་སྒྱུ་རྩལ་གྱི་བླ་འཁོར་དགོས་པ་དེ་རེད། རང་གི་སྙིང་ཤ་དུམ་བུ་ཞིག་བཅད་པ་ལྟ་བུའི་ཚོར་བས་ཟིན་དགོས་པ་དེ་རེད། དེ་བཞིན་སྙན་ངག་ཅེས་པ་ནི་བཀླགས་ན་རྣ་བར་སྙན་ཞིང་ཡིད་ལ་ངོམས་པ་མེད་པའི་བྲོ་བ་ཁྱད་པར་བ་སྟེར་མཁན་ཞིག་ཡིན་དགོས་རེད། རྣ་བར་སྙན་པ་ཟེར་དུས་བརྗོད་བྱ་སྙན་པོ་ཞིག་དགོས་པའི་སྐད་ཆ་མ་རེད། སྒྱུ་རྩལ་གྱི་ཉམས་དེ་རྣ་བར་སྙན་དགོས་པའི་དོན་རེད། དཔེར་ན་ཆུ་འཁྱག་ཅིག་བཏུངས་པ་དང་། ཨ་རག་ཅིག་བཏུངས་པ་གཉིས་མི་འདྲ་བ་རེད། དེ་བཞིན་སྙན་ངག་ནི་ཆུ་འཁྱག་ཕོར་གང་བཏུངས་པ་ལྟར་སྐད་ཅིག་གཉིས་པ་ལ་ལྕེ་ཡིས་མྱང་རྒྱུ་དམིགས་བསལ་བ་མེད་པ་དང་། ཁོག་པར་སོང་རྗེས་སུའང་གར་སོང་འདིར་སོང་མེད་པ་ལྟར་མིན་པ། ཨ་རག་ཞིག་བཏུངས་པ་ལྟར་དབང་པོའི་སྒོ་དང་རྣམ་ཤེས་ཀྱི་གཏིང་ནས་བཟི་བར་བྱེད་པ་ཞིག་ཡིན་དགོས་པ་རེད། བརྗོད་བྱའི་ཐད་ནས་སྙན་ངག་ཏུ་འགྲོ་བར་འདི་འདྲའི་ཆ་རྐྱེན་ཞིག་དགོས་རེད་ཟེར་བ་མེད་པ་ཤེས་བྱའི་ཆོས་ཀུན་སྙན་ངག་གི་ཁ་ནང་ལག་ནང་དུ་མ་ཆུན་པ་མེད་པ་རེད། རྗོད་བྱེད་ཀྱི་ཆ་ནས་གཙོ་བོ་ནི་དང་པོ་དེ་ཐ་སྙད་སྣ་མང་གིས་ཕྱུག་དགོས་པ་དང་། དེ་ནས་མཚོན་ཐབས་རང་བཞིན་ཅན་གྱི་སྒྱུ་རྩལ་སྤྱོད་སྟངས་ལ་མཁས་དགོས་པ་འདྲ། དཔེར་ན། ད་ལོ་ཁྱོད་ལ་དགུན་གྱི་ནམ་ཟླ་ཚེས། །ཁ་ཆར་བུ་ཡུག་གསེང་ན་འཁྱགས་པས་བསྡམས། །ཞེས་བརྗོད་ན་མི་དེར་ད་ལོ་དཀའ་སྡུག་ཅིག་འཕྲད་ཡོད་པ་སྟོན་བྱེད་དུ་ཁོའི་ད་ལོའི་མི་ཚེ་དེ་དགུན་ཁའི་དུས་ཚོད་ལ་སྦྱར་པ་དང་། ད་དུང་དཀའ་སྡུག་འཕྲད་པ་དེ་དག་ཞིབ་ཆ་བྱེད་སྐབས་ཁ་བ་བུ་ཡུག་འཚུབ་པའི་ཁྲོད་ན་འཁྱགས་ནས་འཁེང་བསྡད་ཡོད་ཚུལ་བརྗོད་པ་ལྟར་རེད། དེ་བཞིན་མི་ཞིག་ལ། ཁྱོད་ཀྱི་སྟེང་ན་དབྱར་གྱི་ནམ་ཟླ་ཚེས། །མེ་ཏོག་དག་གིས་ཕན་ཚུན་མཛེས་སྡུག་འགྲན། །ཞེས་བརྗོད་སྐབས་མཚོན་བྱེད་གང་ཞིག་སྤྱད་ནས་ཅི་ཞིག་མཚོན་པར་བྱས་འདུག་གཟིགས་དང་། གང་ལྟར་འཛད་མཐའ་མེད་པའི་མཚོན་བྱེད་མི་འདྲ་བ་མང་པོ་ཞིག་གི་བློ་གྲོས་འཛོམས་དགོས་པ་མ་ཟད། ཚོར་བའི་གཏིང་རུམ་དུ་འཛུལ་ཐུབ་པའི་གཤིས་ཀ་རྣོ་ངར་ལྡན་པ་ཞིག་ཀྱང་དགོས་པ་རེད་སྙམ།

རྩོམ་སྒྲིག་པ། སྙན་ངག་ནི་དུས་རབས་དང་བསྡོངས་ནས་འགྱུར་འགྲོ་བར་བདེན་ན། བོད་ཀྱི་སྙན་ངག་ལའང་གནའ་ནས་ད་བར་འགྱུར་ལྡོག་གི་ཁུག་སོ་ཆེན་པོ་དུ་ཙམ་བྱུང་འདུག ཁྱེད་རང་གིས་གཟིགས་ཚུལ་ཞིག་གསུངས་རོགས།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན། ང་ཚོའི་སྙན་ངག་འདི་བོད་ཀྱི་རིག་གནས་གཞན་ལས་ཅུང་ཙམ་སྔོན་ཐོན་གྱི་གྲལ་དུ་སླེབས་ཡོད་པ་རེད་སྙམ། ཐོག་མ་ཡིག་ཐོག་སྙན་ངག་མ་དར་བ་ནས་ད་ལྟའི་བར་ཁུག་སོ་ཆེན་པོ་གསུམ་ཙམ་གྱིས་སྡོམ་རྒྱག་ཆོག་པ་ཞིག་རེད། དེའང་ཐོག་མ་ཡི་གེར་མ་བརྟེན་པའི་ངག་རྒྱུན་བརྒྱུད་པའི་རང་ས་རང་ཡུལ་ནས་དར་བའི་གདོད་མའི་བོད་ཀྱི་སྙན་ངག་དང་། དེ་ནས་མེ་ལོང་མ་སོགས་ལུང་པ་གཞན་གྱི་སྙན་ངག་བོད་ཡུལ་དུ་ནང་འདྲེན་བྱས་པའི་ལད་ཟློས་ཅན་གྱི་སྙན་ངག ཆགས་མེད་བདེ་སྨོན་དང་རྫ་དཔལ་སྤྲུལ་གྱི་གསུང་རྩོམ་དེ་བར་ནས་བསྐྱར་དར་བྱུང་བའི་དེང་རབས་སྙན་ངག་གམ་བོད་ཀྱི་གདོད་མའི་སྙན་ངག་གི་པང་ཁ་ན་ཕྱིར་ལོག་པའི་སྙན་ངག་བཅས་རིགས་གསུམ་ཙམ་ཕྱེ་ན་ཆོག་པ་ཞིག་རེད་སྙམ། དེ་མིན་དེང་སང་ངས་བཅད་གསར་སྙན་ངག་ཅིག་ཡིན་ན་གསར་གཏོད་བྱས་ཡོད་མདོག་མདོག་དང་། ཁོས་གསར་པ་གསར་པ་ཅི་ཞིག་བྲིས་ཡོད་མདོག་མདོག་སྟོན་མཁན་བོད་ཕྱི་ནང་གཉིས་ན་ལྒང་ཕུག་ལྟ་བུ་འགའ་རེ་འདུག་མོད་འདི་དག་ནི་ཤིག་དང་སྲོ་མ་དག་དང་ཆ་རེད། ག་ཚོད་འཕག་འཚག་བརྒྱབ་ནའང་གོས་ཀྱི་གོང་བའི་རྒྱབ་ན་སླེབས་ཡོད་མ་རེད། གལ་སྲིད་སླེབས་ཡོད་ནའང་དེར་དོན་སྙིང་ག་རེ་ཡོད་རེད་དམ།

རྩོམ་སྒྲིག་པ། མཇུག་མཐར་ཁྱེད་ཀྱིས་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། དུས་དེབ་འདི་བརྒྱུད་ནས་སྙན་ངག་གསར་རྩོམ་པ་དང་། ཀློག་པ་པོ་དག་ལ་ཞུ་འདོད་པའི་སྐད་ཆ་འདྲ་ཡོད་དམ།

འཆམ་ར་བ་སློབ་དཔོན་དྲི་མེད་རྒྱལ་མཚན།  མཁས་པའི་ཞལ་གདམས་དག་ལས། དམ་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་ཞེས་པ་ལྟར་སྙན་ངག་ནི་ཤོད་སྟངས་གཅིག་བྱས་ན་ཆོས་དང་འཇིག་རྟེན་གྱི་དམ་པའམ་གནས་ལུགས་ཀྱི་དོན་ལ་ཕྱོགས་པའི་ཆེས་སྤྲོ་སྣང་ལྡན་པའི་འཇུག་སྒོ་དེ་ཡིན་ལ། དེ་དག་གི་གནས་ལུགས་འགྲོལ་བྱེད་ཀྱི་ཐབས་ལམ་ཆེས་མཛེས་སྡུག་ལྡན་ཤོས་དེའང་ཡིན། གང་ལྟར་སྙན་ངག་ནི་ཤེས་ཡོན་དང་གནས་ལུགས་ཀྱི་དོན་ལ་འཁྲིད་པར་བྱེད་པའི་བྱིས་པ་ཚོའི་བུ་རམ་དང་། རྒན་པ་ཚོའི་མཚར་གཏམ། རྣལ་འབྱོར་པའི་མཆོད་ཆང་བཅས་ཡིན་པས་སྙན་ངག་པ་ཡིན་ཟེར་མཁན་ཚོས་སྙན་ངག་ཅེས་པ་བུ་དང་བུ་མོའི་ཁ་རྩེད་བྱེད་པ་ཙམ་དང་། ཇ་ཁ་ཆང་ཁའི་འུར་རྒྱག་བྱེད་ཙམ་ལ་སྤྱོད་བསྡད་པ་ཡིན་ན། སྙན་ངག་སྦྱོང་བའི་དོན་གོ་མ་བྱུང་བ་རེད་ལ། རང་ཉིད་ཀྱིས་དགའ་ཞེན་དང་དུང་བ་བྱེད་ས་དེར་འགན་མ་ཁུར་བ་ཞིག་ཀྱང་རེད་བསམ་སོང་།

བཀའ་དྲིན་ཆེ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།