སློབ་དཔོན་ཀུན་བཟང་བློ་གསལ།
མངོན་མཐོའི་བདེ་འབྲས་མ་ལུས་བསྐྱེད་པའི་མ།།
ངེས་ལེགས་བྱང་ཆུབ་རྣམ་གསུམ་འབྱུང་བའི་གཞི།།
འཕྲལ་ཕུགས་འཇིགས་པ་ཀུན་ལས་སྒྲོལ་བའི་མགོན།།
བསླུ་མེད་མཆོག་གསུམ་དད་བརྒྱའི་སྤྱི་བོར་བཀུར།།
སྔོན་སྨོན་ཐུགས་བསྐྱེད་བཅོས་མིན་སྐྱ་རེངས་ཀྱིས།།
གངས་ལྗོངས་ཐུབ་བསྟན་གསེར་གྱི་ཉི་མ་ཆེ།།
འཛམ་གླིང་འཛིན་མའི་དཔལ་དུ་འདྲེན་མཛད་པ།།
གྲུབ་བརྙེས་རིག་འཛིན་ཀུན་ལ་གུས་པས་འདུད།།
གངས་ལྗོངས་རྒྱལ་བསྟན་ནོར་འཛིན་སྒེག་མོའི་ལྟོར།།
མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུའི་དབུས།།
ཀུན་ལས་ཁྱད་འཕགས་རི་རྒྱལ་ལྷུན་པོ་བཞིན།།
མངོན་པར་མཐོ་བ་ཆོས་བཟང་པཎྜི་ཏ།།
མདོ་རྒྱུད་ལུང་གི་རིན་ཆེན་དོག་པ་འབུམ།།
སྐྱོན་བྲལ་རིགས་པའི་སྐུད་པར་ལེགས་བརྒྱུས་ཏེ།།
མཁས་ཀུན་དགྱེས་པའི་མགུལ་རྒྱན་སྤེལ་མཛད་པའི།།
སྔོན་མེད་ལེགས་བཤད་སྨྲ་བ་ཁྱེད་མིན་སུ།།
ཁྱོད་ཀྱི་མཁྱེན་རབ་ཉི་མའི་འོད་སྣང་གིས།།
མཐའ་བརྒྱད་དམ་བཅའི་མུན་པ་ཀུན་བསལ་ཏེ།།
གནས་ལུགས་ཆོས་དབྱིངས་གདོད་མའི་བཞུགས་ཚུལ་ཉིད།།
ཇི་བཞིན་གསལ་བའི་ཁྱད་ཆོས་གཞན་ལས་འཕགས།།
མདོ་སྔགས་བསྟན་པའི་དེ་ཉིད་མ་ལུས་པ།།
གནས་ལུགས་བདེན་གཅིག་ཀློང་དུ་གསལ་མཛད་ཅིང་།།
མཐར་ཐུག་ཐེག་པའི་སྐྱེལ་སོ་ཇི་བཞིན་པར།།
གསལ་བའི་ངང་ཚུལ་མཁས་པ་གཞན་ལས་འཕགས།།
བླུན་པོ་རྣམས་ལ་དཔེ་ལས་ཡིད་ཆེས་སྟེར།།
མཁས་པ་རྣམས་ལ་རིགས་པས་ངེས་པ་འདྲེན།།
སྐལ་བཟང་སྙིང་ལ་མན་ངག་བདུད་རྩི་སྦྱིན།།
ཁྱོད་ཀྱི་ལེགས་བཤད་ཕྱི་རབས་ཡོངས་ཀྱི་དཔལ།།
ཐ་སྙད་རྫུན་རིས་ཀ་དག་དབྱིངས་སུ་བསྣུབས།།
དོན་དམ་གནས་ལུགས་དངོས་པོའི་གཤིས་སུ་བསྒྲུབས།།
སྟོང་དང་རིག་པ་དབྱེར་མེད་གནས་ལུགས་བསྟན།།
ངེས་དོན་མདོ་རྒྱུད་དོན་ཀུན་གཅིག་ཏུ་བསྒྲུབས།།
སྣང་བ་ཀུན་རྫོབ་སྒྱུ་མའི་ངང་ཚུལ་དང་།།
སྟོང་པ་དོན་དམ་སྤྲོས་པ་ཀུན་བྲལ་གཉིས།།
འགལ་མེད་གནད་གཅིག་རྟོགས་པའི་རིགས་པ་ཡིས།།
རྟག་ཆད་མཐའ་བཞིའི་འཛིན་པ་དབྱིངས་སུ་བཅིལ།།
སྒྲིབ་རྐྱེན་མི་འདྲ་སོ་སོར་སྣང་བ་ཀུན།།
ལྟོས་གྲུབ་རིགས་པས་ཐ་སྙད་ཚད་གྲུབ་ཏུ།།
བསྒྲུབས་ཤིང་མཐར་ཐུག་དག་པའི་རང་བཞིན་དུ།།
ཇི་བཞིན་བསྟན་པའི་ལེགས་བཤད་མཚུངས་ཟླ་བྲལ།།
གནས་སྐབས་བློ་ལ་ལྟོས་པའི་ཚད་གྲུབ་ཀྱང་།།
མཐར་ཐུག་མཉམ་པའི་གཤིས་སུ་མ་གྲུབ་ཕྱིར།།
གཞི་འབྲས་དབྱེར་མེད་ཐེག་མཆོག་ལྟ་བའི་དོན།།
ཇི་བཞིན་གསལ་བའི་ལེགས་བཤད་མཚུངས་ཟླ་བྲལ།།
སྣང་བའི་མཐར་ཐུག་དག་པའི་གནས་ལུགས་དང་།།
སྟོང་པའི་མཐར་ཐུག་མཉམ་པའི་ཆོས་ཉིད་གཉིས།།
དབྱེར་མེད་བདེན་གཅིག་དངོས་པོ་གཤིས་ཀྱི་དོན།།
ཇི་བཞིན་གསལ་བའི་ལེགས་བཤད་མཚུངས་ཟླ་བྲལ།།
དེ་ལྟར་གནས་ལུགས་མཐར་ཐུག་དག་མཉམ་དོན།།
ཇི་བཞིན་གསལ་བའི་ཐབས་མཆོག་ཟླ་མེད་པ།།
ལས་བཞི་ལྷུན་གྲུབ་གསང་སྔགས་ཆོ་གའི་ཚུལ།།
སྣ་ཚོགས་མཛད་པའི་ཐབས་མཁས་བླ་ན་མེད།།
སྒྲ་དང་སྐད་ཡིག་སྡེབ་སྦྱོར་གྲུབ་མཐའ་སོགས།།
སྣ་ཚོགས་ཐེག་པའི་ཆོས་ཚུལ་མ་ལུས་པ།།
ཇི་བཞིན་ཁོང་དུ་ཆུད་པའི་ངང་ཚུལ་གྱིས།།
མཁས་ཀུན་ཐུགས་ལ་ངོ་མཚར་རི་མོ་འགོད།།
དེ་ལྟར་བསྟོད་ཚིག་དབྱར་རྔ་སྒྲོག་བཞིན་དུ།།
དོན་ལྡན་བདུད་རྩིའི་ཆོས་ཆར་བབས་པ་ལས།།
སྣ་ཚོགས་ཐེག་པའི་ལྗོན་བཟང་ལེགས་འཁྲུངས་ཤིང་།།
མཐར་འབྲས་སྐུ་གསུམ་འབྲས་བུ་སྨིན་པར་ཤོག།