མཁན་པོ་ཆོས་འཕེལ་ནོར་བུ།
འཚེ་མེད་དམ་པའི་ཆོས་ཀྱི་གཏམ།།
རིས་མེད་འགྲོ་ལ་སྒྲོག་ན་ཡང་།།
རང་ལ་སྙིང་རྗེ་རྡུལ་ཆ་ཙམ།།
གཏན་ནས་མེད་པའི་དངོས་པོ་གང་།།
མ་བྲིས་རི་མོ་སྟོང་གིས་མཛེས།།
མ་བསྐོས་བྲོ་གར་ལྡེམས་སེ་ལྡེམ།།
མ་བྱུགས་ཐལ་མདོག་ཞྭ་མོ་ཅན།།
ལ་རྩེར་སླེབས་པའི་མགྲོན་པོ་སུ།།
དམར་ནག་ནམ་མཁའ་དོག་པོ་རུ།།
སྤྲིན་དཀར་འཐབ་ཅིང་གློག་དམར་འཁྱུག།
འབྲུག་སྒྲ་ལྡིར་དང་སྨུག་པ་རྣམས།།
ལིང་ལིང་ཕྱུར་བའི་དངོས་པོ་གང་།།
འཇིག་རྟེན་མགོན་པོ་འདས་མ་ཐག།
ཨ་ཕྱི་རྒན་མོའི་ཞལ་ངོ་ལ།།
བཟོད་མེད་འདར་བའི་ཆུ་བུར་འབུམ།།
བདོ་ཡང་འཆི་མེད་ཆོས་དེ་ཅི།།
ཨ་ཕས་ཞྭ་དཀར་གྱོན་མ་ཐག།
གཅེས་ཕྲུག་ཐམས་ཅད་གར་སོང་མེད།།
ལྷ་སྲས་འགྲོ་བའི་མགོན་པོ་ཁོང་།།
སླར་ཡང་མཇལ་བའི་སྐལ་བཟང་གང་།།
ཡབ་ཆེན་མ་བཟོད་བཤུམས་ཤོར་ནས།།
ཡུམ་གྱི་སྐུ་ཡི་བ་སྤུ་ཀུན།།
ལྡངས་ཏེ་རྗེ་བཙུན་སྒྲོལ་མ་བཞིན།།
མཛེས་སྡུག་ལྡན་པར་གྱུར་དེ་ཅི།།
མིག་མེད་རྒྱལ་པོས་ཕུགས་བརྒྱངས་ཏེ།།
ངོ་ཚ་བྲལ་བའི་བློན་གཉིས་ཀྱིས།།
ནུས་མེད་ནོར་བྲལ་སྤྲང་རྒན་ཞིག།
ཚེ་གཅིག་བྲན་དུ་བཀོལ་བ་ཅི།།
ཡངས་ཤིང་གཙང་མའི་ཐང་ཆེན་དུ།།
རྐང་གཅིག་སེམས་མེད་དངོས་པོ་ཞིག།
གྲོགས་པོ་གཉིས་ཀྱིས་སྐྱོར་བཞིན་དུ།།
མ་ངེས་རྐང་རྗེས་འཇོག་དེ་གང་།།