ལོ་རིམ་བཞི་པའི་སློབ་གཉེར་བ། ལྷུན་གྲུབ།
ཉམས་མྱོང་སེམས་ཀྱི་གདུང་བ་ཟབ་ས་ཞིག་ནས།།
བརྗོད་དཀའི་སྡུག་ཆུ་མོད་པའི་ལོ་ཟླར་བསམས་དུས།།
གནམ་ཐོག་སྙིང་ལ་འབིགས་འདྲའི་ན་ཟུག་ལྕི་མོས།།
ཤི་གསོན་འཕྲང་དུ་བསྐྱལ་བ་ཉུང་ཉུང་མིན་ཚོད།།
ངམ་གནག་གྱ་གྱུ་ཅན་གྱི་བགྲོད་ལམ་ཟད་པོ།།
སྙིང་རུས་ཇི་ཙམ་བྱས་ནས་ག་ཚོད་ཕྱིན་ཀྱང་།།
བདེ་སྐྱིད་སྙིང་ལ་སིམ་སའི་དྲོད་ཁྱིམ་བཞི་མདོར།།
ནམ་ཡང་སླེབ་རྒྱུ་མེད་པས་ཨ་ཐང་ཆད་སོང་།།
ད་ནི་ལས་དབང་དེ་ལ་འཁང་ར་བྱས་ཀྱང་།།
དཔྲལ་བར་བརྐོས་པའི་རི་མོ་བསུབ་ཏུ་མི་འདུག།།
དེ་བས་སེམས་རིས་མཚོན་པའི་སྙན་ངག་སླ་བཞིན།།
མ་འོངས་མདུན་ལམ་བསྙེགས་ན་ཁེ་ཕན་ཆེ་ཨང་།།