555

སྐྱེས་སྐར་འཕྲིན་ཡིག

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ངག་དབང་ལྷུན་གྲུབ།

༼འདི་ནི་པཎྜིཏ་ཇ་ཝ་ཧར་ལཱལ་ནཱེརུ་ (Pandit Jawaharlal Nehru) ཡིས་རང་གི་བུ་མོ་ཨིན་དི་ར་གྷན་དྷི་ (Indira Gandhi) དགུང་ལོ་བཅུ་གསུམ་ལ་སླེབས་པའི་སྐྱེས་སྐར་ལ་ནཻ་ནི་ཏཱལ་བཙོན་ཁང་ནས་སྤྲིངས་པའི་འཕྲིན་ཡིག་ཅིག་རེད། པཎྜིཏ་ཁོང་ནི་ ༡༩༣༠ ལོར་དབྱིན་ཇིས་བཙོན་ཁང་ནང་བཙུད་ཅིང་། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་རྒྱ་གར་གྱི་སྲིད་བློན་ཐོག་མ་བྱས་ནས་བཟུང་ཕྱི་ལོ་ ༡༩༦༤ ལ་ཚེ་སྲོག་མ་དོར་གྱི་བར་སྲིད་བློན་བྱས། ཁོང་གི་བུ་མོ་ཨིན་དི་ར་གྷན་དྷི་ཡང་ཕྱི་ལོ་ ༡༩༨༠ ནས་ ༡༩༨༤ བར་རྒྱ་གར་གྱི་སྲིད་བློན་བྱས། ད་བར་རྒྱ་གར་གྱི་ལོ་རྒྱུས་ནང་བུད་མེད་སྲིད་བློན་གཅིག་ཁོ་ནར་གྱུར་ཡོད།༽

བརྩེ་བའི་བུ་མོ། ཁྱེད་ནི་ཁྱེད་རང་གི་སྐྱེས་སྐར་ཉིན་རྔན་པ་དང་སྨོན་འདུན་བཟང་པོ་མང་པོ་ཐོབ་མྱོང་ཡོད། ངས་ཀྱང་སྨོན་འདུན་བཟང་པོ་ལོས་བྱེད་ཆོག ཡིན་ནའང་ངས་ནཱཻ་ནི་བཙོན་ཁང་ནས་ཁྱེད་ལ་རྔན་པ་ཅི་འདྲ་ཞིག་གཏོང་དགོས་སམ། ངས་ནི་གཟུགས་སུ་གྲུབ་པའི་དངོས་པོ་ཐོགས་བཅས་ཤིག་གཏོང་མི་ནུས། ངའི་རྔན་པ་ནི་ངའི་བསམ་བློ་དང་བརྩེ་སེམས་དེ་རང་ཡིན། འདི་ནི་བཙོན་ཁང་འདིའི་གྱང་ངོས་བཞི་པོ་གང་ལའང་ཐོགས་མི་ནུས།

བརྩེ་བའི་སྙིང་ཕྲུག ང་གཞན་ལ་གཏམ་བཤད་བྱ་རྒྱུ་དང་བསླབ་བྱ་བརྒྱག་རྒྱུར་སྤྲོ་བ་མེད་པ་ནི་ཁྱེད་ཀྱིས་ཤེས་གསལ་རེད། ངས་ནམ་ཡང་བསམ་བློ་ཞིག་གཏོང་བ་ནི་བདེན་པ་དང་རྫུན་པ། བྱེད་ཆོག་པ་དང་མི་ཆོག་པ་འདི་དག་ཐམས་ཅད་ཆོས་འཆད་ཉན་གྱི་ཚུལ་ལས་མིན་པར་ཕན་ཚུན་དབར་གཏམ་གླེང་བ་ལས་ཐག་ཆོད་ཐུབ་པ་དང་། འདི་ལྟར་བྱས་ན་སྐབས་རེར་དྲང་དོན་རེ་མཐོང་ཐུབ་སྙམ། ད་བར་ཁྱེད་དང་གཏམ་གླེང་མང་པོ་བྱེད་ཐུབ་པ་དེར་ངོས་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་གྲོས་བསྡུར་མང་པོ་བྱེད་མྱོང་།

བུ་མོ། འཛམ་གླིང་འདི་རྒྱ་ཆེ་ལ། འདི་ལས་བརྒལ་བའི་ས་ཕྱོགས་ཕ་རོལ་ན་ཤིན་ཏུ་མཛེས་པ་དང་ཡ་མཚན་ཅན་གྱི་འཇིག་རྟེན་དག་ཀྱང་མང་པོ་ཡོད། འདི་དག་གི་སྐོར་ཇི་ཙམ་བསམས་ཀྱང་དེ་ཙམ་གྱིས་ཉོབ་སྣང་མི་འོང་། འཇིག་རྟེན་འདི་དག་ལས་ང་ཚོས་སྦྱང་འོས་པ་དག་རང་ནུས་གང་ལྕོགས་ཀྱིས་སྦྱངས་ཡོད་ལ་དེ་ལ་བརྟེན་ནས་བསམ་ཤེས་ཅན་དུའང་མི་དམན་པ་ཞིག་གྱུར་ཡོད།

སྙིང་ཉེ། ངས་ཅི་བྱེད་དགོས་སམ། འཕྲིན་ཡིག་གིས་གཏམ་གླེང་གི་ཚབ་བྱེད་མི་ཐུབ། འདི་ནི་ཕྱོགས་གཅིག་ཁོ་ནས་བཤད་པའི་སྐད་ཆ་ཞིག་རེད། ཡིན་ནའང་ངས་ནམ་ཡང་ཁྱེད་ལ་ངེད་གཉིས་དངོས་སུ་སྐད་ཆ་ཤོད་བཞིན་ཡོད་པའི་མོས་པ་བྱས་ཏེ་ཡི་གེ་དེ་བཀླག་རྒྱུའི་རེ་བ་ཞུ་ཡི་ཡོད།

བརྩེ་ལྡན། ལོ་རྒྱུས་དག་ཏུ་ང་ཚོས་དུས་རྒྱུན་གྲགས་ཅན་གྱི་རྒྱལ་ཁབ་དང་དེའི་འཚོ་གནས། སྐབས་དེའི་སྐྱེས་པ་དང་བུད་མེད་དཔའ་བོ་དཔའ་མོ་དག་གི་སྐོར་ཀློག་གིན་ཡོད། ཁྱེད་ཀྱིས་དྲན་གྱི་ཡོད་དམ། ཁྱེད་ཀྱིས་ཐེངས་དང་པོར་ Jeanne d’ Arc གྱི་ལོ་རྒྱུས་ཀློག་དུས་ཁྱེད་རང་ཤིན་ཏུ་ནས་ཀྱང་ཡིད་འཕྲོག་པར་གྱུར་ཅིང་། ཁྱེད་ཀྱིས་ཀྱང་མ་འོངས་པར་དེ་འདྲ་ཞིག་བྱ་རྒྱུའི་རེ་བ་བཅངས། སྐྱེས་པ་དང་བུད་མེད་ཕལ་པ་དག་ནི་དེ་འདྲའི་སྙིང་སྟོབས་ཅན་ག་ལ་འགྱུར། ཁོང་རྣམས་ནི་སོ་སོའི་ལྟོ་གོས་དང་། ཕྲུ་གུ ཁྱིམ་ཚང་སོགས་ཀྱི་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། ནམ་ཞིག་གི་ཚེ་མི་ཚང་མར་ལས་དོན་ཆེན་པོ་ཞིག་བསྒྲུབ་རྒྱུའི་དུས་སྐབས་ཤིག་འོང་ངེས། དེར་ལོ་རྒྱུས་ཀྱིས་ཀྱང་མི་ཕལ་པོ་ཆེར་བྱས་རྗེས་བླ་ན་མེད་པ་ཞིག་གཞག་རྒྱུར་གྲོགས་བྱེད་ཐུབ་སྙམ། མི་སྣ་ཆེན་པོ་དག་ལ་ནི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་ལ། ཁྱད་ཆོས་དེ་དང་ལྡན་པའི་ལོ་རྒྱུས་དེས་མི་ཕལ་པ་གཞན་དག་ལའང་སེམས་འགུལ་ཐེབས་སུ་འཇུག་ཐུབ། ང་ཚོ་རྒྱ་གར་ལ་དབུ་ཁྲིད་གྲགས་ཅན་1ཞིག་ཡོད། ཁོང་ནི་གཞན་སྡུག་བསྔལ་གྱིས་མནར་བཞིན་པ་དག་ལ་བརྩེ་བས་སྐྱོང་ཞིང་ནམ་ཡང་རམ་འདེགས་བྱ་རྒྱུར་བརྩོན། ཁོང་གི་རྐྱེན་པས་ང་ཚོའི་མི་མང་པོར་དོན་ཆེན་པོ་བསྒྲུབས་པ་དང་གཞན་གྱི་ཆེད་དུ་བཟང་སྤྱོད་ཀྱིས་ཕན་ཐོགས་པ་སོགས་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས་དབུལ་ཕོངས་ཀྱིས་བཙན་གནོན་འོག་ཏུ་གྱུར་པ་རྣམས་ལ་རང་དབང་དང་དགའ་ཚོར་བྱིན་ཡོད།

ཡབ་ཆེན་ཁོང་ནི་ད་ལྟ་བཙོན་ཁང་ནང་དུ་ཡོད། ཡིན་ནའང་ཁོང་གི་བསླབ་བྱའི་མཐུས་རྒྱ་གར་བ་འབུམ་ཕྲག་མང་པོའི་ཡིད་འཕྲོག་བཞིན་ཡོད། སྐྱེས་པ་དང་བུད་མེད། ཐ་ན་ཕྲུ་གུ་ཡན་ཆད་ཐམས་ཅད་སོ་སོའི་ཁྱིམ་ནས་ཐོན་ཏེ་རྒྱ་གར་ལ་རང་བཙན་ཆེད་དམག་མི་བྱས། ད་ཐེངས་ང་ཚོས་རྒྱ་གར་ནང་ལོ་རྒྱུས་གསར་པ་ཞིག་འབྲི་བཞིན་ཡོད། དེ་བཞིན་ཁྱེད་དང་ང་གཉིས་ནི་བསོད་ནམས་ཅན་ཏེ་ལོ་རྒྱུས་འདི་སོ་སོའི་མིག་མདུན་ལ་ཆགས་པ་མཐོང་ཐུབ་པར་མ་ཟད་ཟློས་གར་འདིའི་ནང་གི་མི་སྣ་ཟུར་པ་ཤིག་ཏུའང་གྱུར་ཡོད།

ཟློས་གར་འདི་ཇི་ལྟར་འཁྲབ་དགོས་སམ་སྙམ་ན།

ང་ཚོས་རྒྱ་གར་དམག་མི་བྱེད་འདོད་ན་རྒྱ་གར་གྱི་ཆེ་བ་ལ་རྩི་མཐོང་བྱེད་དགོས། དེ་ནི་མི་འགྱུར་བའི་ཡིད་ཆེས་རེད། གང་བདེན་པ་དང་རྫུན་པ་ཐག་གཅད་རྒྱུ་ནི་བྱ་གཞག་ལས་སླ་མོ་ཞིག་མིན། དེས་ན་ཁྱེད་རང་ནམ་ཡང་ཡིད་གཉིས་སུ་གྱུར་ན་ཨ་ཕས་ཁྱེད་ལ་གདམས་ངག་ཆུང་ཆུང་ཞིག་བྱིན་འོང་། “གནས་སྟངས་གང་འདྲ་ཞིག་ཡིན་ནའང་གསང་བའི་གནས་སུ་མ་བྱེད། སྦ་གསང་བྱ་རྒྱུའི་བསམ་མནོའང་མ་གཏོང་། སྦ་གསང་བྱེད་སྙམ་པ་ནི་ཁྱེད་རང་ཞེད་སྣང་ཅན་གྱི་བསམ་བློ་ཞིག་སྟེ། འདི་ནི་ནམ་ཡང་ཁྱེད་ལ་འོས་ཤིང་འཚམས་པ་ཞིག་མིན། དེ་བས་སྙིང་སྟོབས་ཆེན་པོ་བྱོས་དང་། དེ་མིན་ཚང་མ་རང་བཞིན་གྱིས་འགྲུབ་ཡོང་། ཁྱེད་ཀྱིས་ཤེས་གསལ་རེད། ཡབ་ཆེན་ཁོང་གི་འགོ་ཁྲིད་འོག་ང་ཚོས་རང་དབང་ལས་འགུལ་ཞིག་སྤེལ་བཞིན་ཡོད། ལས་འགུལ་འདིར་སྦ་གསང་བྱ་རྒྱུའི་ཁང་མིག་གང་ཡང་མེད། ང་ཚོར་སྦ་རྒྱུའི་ལས་དོན་ཏིལ་འབྲུ་ཙམ་ཡང་མེད། ང་ཚོས་གང་བཤད་པ་དང་གང་བྱས་པ་དེར་ང་ཚོར་འཇིགས་སྐྲག་གང་ཡང་མེད། ང་ཚོས་ཉི་འོད་ཀྱི་བཀྲག་མདངས་འོག་ལ་ལས་ཀ་བྱེད་བཞིན་ཡོད། ང་རང་ཚོའི་སྒེར་གྱི་མི་ཚེའི་ནང་ཉི་མ་དང་འགྲོགས་ནས་ཀུན་མཐོང་གི་ཁྲོད་དུ་ལས་དོན་སྤེལ་བཞིན་ཡོད། སྦ་གསང་གང་ཡང་བྱས་མེད།

སྙིང་ཉེ། ཁྱེད་ཀྱིས་ཀྱང་དེ་ལྟར་བྱས་ན་ཁྱེད་རང་ཉི་འོད་དང་མཉམ་དུ་འཚར་ལོངས་འབྱུང་ཐུབ། གནས་སྐབས་ཅི་འདྲ་ཞིག་བྱུང་ནའང་འཇིགས་སྐྲག་མེད་པ། ཞི་བ་དང་ལྡན་ཅིང་། གནད་དོན་གང་གིས་ཀྱང་འགུལ་སྐྱོད་བྱེད་མི་ཐུབ་པའི་བུད་མེད་དཔའ་མོ་ཞིག་ཏུ་འགྱུར་ངེས།”

བརྩེ་བའི་བུ་མོ། ངའི་འཕྲིན་ཡིག་རིང་པོ་ཆགས་སོང་། ཡིན་ནའང་ཁྱེད་ལ་ལབ་རྒྱུའི་གཏམ་མང་པོ་ཡོད། འཕྲིན་ཡིག་ཅིག་གི་ནང་ཇི་ལྟར་ཤོང་ནུས། ད་འདི་ནས་མཚམས་གཞག་རྒྱུ་ཡིན།

ངའི་དམར་ཆུང་སྙིང་ཉེ་ཁྱེད་རང་མྱུར་དུ་འཚར་ལོངས་བྱུང་སྟེ་རྒྱ་གར་ལ་ཞབས་ཞུ་ཆེན་པོ་ཞིག་འགྲུབ་ཐུབ་པའི་སྨོན་འདུན་དང་བཅས།

བརྩེ་བའི་ཨ་ཕ་ནཱེ་རུས་ཕྱི་ལོ་ ༡༩༣༠ ཟླ་བ་ ༡༠ པའི་ཚེས་ ༢༦ ལ།

བསྒྱུར་གཞི། Letters from a Father to His Daughter


  1. བདག་ཉིད་ཆེན་པོ་གྷནྡྷི།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།