སྤྱི་ལོ་ ༢༠༡༦ ལོའི་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ།

ནང་ཚན་སྦྱང་དགོས་ཚུལ་ལྟར་སྦྱངས་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་ངེས།

རྩོམ་སྒྲིག་པ། ཐོག་མར་མཁན་པོ་མཆོག་ནས་སྐུ་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གསུང་རོགས།

མཁན་པོ་པ་སངས་ཚེ་རིང་། ཐོག་མར་གུས་མཁན་པོ་པ་སངས་ཚེ་རིང་ནི། འབྲུག་དབང་འདུས་ཕོ་བྲང་གི་ཆབ་འོག་ཤར་དྭངས་ཆུ་རྡོ་རྗེ་གུར་ཞེས་བྱ་བའི་ལུང་པར་ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་སྐུ་དངོས་ཟླ་བ་གསུམ་གྱི་རིང་ལ་བཞུགས་པའི་གནས། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན་སོགས་སྐུ་མཆེད་འཁྲུངས་སའི་ནང་ཚང་དུ་ཕ་རིན་ཆེན་རྡོ་རྗེ་དང་མ་སངས་རྒྱས་བུ་དར་གཉིས་ཀྱི་བུར་ཕྱི་ལོ་ ༡༩༦༦ ལོར་སྐྱེས། རང་ལོ་ ༡༠ ལ་གཞི་རིམ་སློབ་གྲྭར་ཞུགས། དེ་ནས་སེམས་རྟོགས་ཁར་ནང་པའི་རིག་གཞུང་སློབ་གྲྭ་ནས་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༨ ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་ཞུགས་ནས་བསླབ་པ་མཐར་ཕྱིན། དེ་ནས་ ༢༠༠༣ ལོར་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུས་མཁན་པོར་བསྐོས་གནང་བ་ནས་ད་ལྟའི་བར་བསྟན་འགྲོའི་སྲི་ཞུར་བརྩོན་བཞིན་པའོ།།

རྩོམ་སྒྲིག་པ། སྐུ་ཉིད་ནས་མི་ལོ་མང་པོའི་རིང་ལ་སློབ་ཁྲིད་གནང་བའི་ཉམས་མྱོང་གི་བརྒྱུད་རིམ་ཁྲོད་དུ་སློབ་ཕྲུག་གི་ཤེས་ཡོན་མཐོར་འདེགས་ཡོང་ཆེད་ཐབས་ལམ་གང་འདྲ་ཞིག་དགོས་པ་དགོངས་ཀྱི་ཡོད།

མཁན་པོ་པ་སངས་ཚེ་རིང་། སློབ་ཕྲུག་གི་ཤེས་ཡོན་མཐོར་འདེགས་ཀྱི་ཐབས་ལམ་ཡག་ཤོས་ནི། དགེ་རྒན་དང་དགེ་ཕྲུག་གཉིས་ཀས་ཆོད་སེམས་དམ་བཅའ་བརྟན་པོ་དེ་ཡིན། དང་པོ་དགེ་རྒན་ནི་སློབ་སྟོན་པ་མེད་དུ་མི་རུང་བའི་ཆ་རྐྱེན་བརྒྱ་ཆ་ནས་བཞི་བཅུར་ལགས་ན། སློབ་སྟོན་ལོ་གཅིག་གམ་ཟླ་བ་སོགས་ཇི་ཙམ་གནང་ནའང་རང་དོན་གྱི་བྱ་བ་ཆེ་ཕྲ་དོར་ཏེ་ལྷག་བསམ་བརྟན་པོས་གནང་དགོས་པ་དང་། སློབ་ཕྲུག་གིས་ཀྱང་རང་དོན་རང་གཅེས་ཀྱིས་ཤེས་ཡོན་གྱི་ཆ་རྐྱེན་བརྒྱ་ཆ་ལས་དྲུག་ཅུ་ཐམ་པ་དྲན་ཤེས་བག་ཡོད་ཐོག་ནས་བརྩོན་འགྲུས་དྲག་པོས་བྱ་དགོས་པ་དེ་དག་གོ།

རྩོམ་སྒྲིག་པ། དེང་གི་དུས་འདིར་ནང་པའི་བླ་མ་དང་དགེ་བཤེས་སོགས་མཁས་པ་མང་ཆེ་བས་ནང་ཚན་གཉིས་ཀྱི་སློབ་སྦྱོང་གལ་ཆེ་ཚུལ་གསུང་བ་ལས། དམ་ཆོས་འདུལ་བའི་བསླབ་ཁྲིམས་གཙང་མ་སྲུང་དགོས་པའི་བསླབ་བྱ་གནང་མཁན་ཧ་ཅང་གིས་ཉུང་ཉུང་འདུག དེ་ལ་དགོངས་ཚུལ་གང་འདྲ་ཡོད།

མཁན་པོ་པ་སངས་ཚེ་རིང་། ཁོ་བོའི་བསམ་ཚུལ་ནི། སྟོན་པ་བཀའ་དྲིན་ཅན་ནས་བསྟན་པ་དང་སྟོན་པ་གཉིས་ཀ་དམ་ཆོས་འདུལ་བའི་བསླབ་པ་ཡིན་ཅེས་གསུངས་ཡོད་པ་ལྟར་སློབ་དཔོན་ཆེན་པོ་དབྱིག་གཉེན་སོགས་ཀྱིས་ཀྱང་གསུངས་ཡོད་ལ། ལྷག་དོན་དུ་ངེས་པ་དོན་གྱི་དགེ་སློང་ཆེན་པོ་མཚན་བརྗོད་པར་དཀའ་ཡང་མཚན་ནས་སྨོས་ཏེ་གསོལ་བ་འདེབས་ན་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུས་བཀའ་སློབ་ཐོག་མཐའ་བར་གསུམ་དུ་ ༼འོ་བཀའ་སྡོམ་པ་ཡག་པོ་སྲུངས་ཤོག་ཨང་།༽ ཞེས་གསུངས་པ་དེ་ཀ་རང་ཡིན། སྔ་མ་བསྟན་པ་ཧ་ཅང་དར་དུས་འདུལ་ཁྲིམས་མི་ལོ་བརྒྱར་བསྲུངས་པ་ལས་དེང་སང་དམ་ཆོས་འདུལ་བ་ནུབ་ཏུ་ཉེ་བ་ན་ཉིན་ཞག་གཅིག་ཚུལ་ཁྲིམས་བསྲུངས་ན་ཕན་ཡོན་ཆེ་བར་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་གྲྭ་བཙུན་རྣམས་ནས་གཞི་འདུལ་ཁྲིམས་གཙང་མར་བཟུང་སྟེ། ཁ་སྐོང་དུ་ནང་ཚན་སྦྱང་དགོས་ཚུལ་ལྟར་སྦྱངས་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་ངེས་པ་དང་། མངོན་མཐོའི་རྒྱུ་དང་ངེས་ལེགས་ཐུན་མིན་གྱི་རྒྱུ་ལགས་པས་སོ།།

རྩོམ་སྒྲིག་པ། དུས་རབས་འདིར་གསང་སྔགས་ཀྱི་ཆོས་ཁྱབ་གདལ་དུ་འགྲོ་བ་འདི་ནི་མཁས་པ་ཁ་ཤས་ཀྱིས་གསང་སྔགས་ཀྱི་ཆོས་དར་བའི་རྟགས་སུ་བཤད་ཀྱི་འདུག ཡང་མཁས་པ་རེ་ཟུང་གིས་གསང་སྔགས་ཀྱི་ཆོས་ཉམས་པའི་རྟགས་རེད་ཅེས་བཤད་ཀྱི་འདུག དེ་ལ་སྐུ་ཉིད་ཀྱི་གཟིགས་ཚུལ་ག་འདྲ་ཡོད།

མཁན་པོ་པ་སངས་ཚེ་རིང་། དེ་ལ་གསང་སྔགས་ཞེས་པའི་ཚིག་གཅིག་པུ་ཁྱབ་གདལ་དུ་གཏོང་ཡ་མིན་དུས་ཧ་ཅང་ཁྱབ་གདལ་དུ་ཕྱིན་པས་གསང་སྔགས་ཀྱི་བསྟན་པ་དར་བར་ངོས་འཛིན་ཐུབ་ཀྱི་མ་རེད་ལ། ཚང་མས་གང་གཟབ་མ་གནང་ན་གསང་སྒྲོགས་ཀྱི་ཉེས་པ་འབྱུང་ཞིང་འབྲས་བུའི་བསྟན་པའི་ཉི་མ་འདི་ཉིད་ནུབ་རིའི་ཕྲག་པར་གཡོ་བཞིན་པར་འདུག་ཅེས་ཞུ་རྒྱུའོ།།

རྩོམ་སྒྲིག་པ། མིའི་མི་ཚེའི་རིན་ཐང་ངོས་འཛིན་བྱེད་སྟངས་མི་འདྲ་བའི་དབང་གིས་ཤེས་ཡོན་གྱི་ངོ་བོ་དང༌། དགོས་དམིགས་ངོས་འཛིན་བྱེད་སྟངས་ལ་ཡང་རང་བཞིན་གྱིས་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད། དེས་ན་ང་ཚོ་ནང་པའི་གྲལ་དུ་གཏོགས་པའི་སྐྱེ་འགྲོ་ཡོངས་ཀྱི་ངོས་ནས་ཤེས་ཡོན་གྱི་ངོ་བོ་དང་དགོས་དོན་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད།

མཁན་པོ་པ་སངས་ཚེ་རིང་། ནང་པའི་སྐྱེ་འགྲོ་ཡོངས་ཀྱི་ངོས་ནས་ཤེས་ཡོན་གྱི་ངོ་བོ་དང་དགོས་དོན་གང་འདྲ་ཡིན་མིན་ངས་མི་ཤེས་ཏེ། གུས་པ་ནང་པ་ཞིག་གི་ངོས་ནས་ཤེས་ཡོན་གྱི་ངོ་བོ་ནི། ཚེ་འདིའི་བྱ་བ་ཆེ་ཕྲ་གང་ཡིན་ཀྱང་འཇོན་ཐང་སོགས་ཀྱི་ནུས་པ་སྐྲུན་བྱེད་ལྟ་བར་བྱེད་པའི་མིག་དང་། ཁོག་པའི་ནང་གི་སྙིང་ལྟ་བུ་ཞིག་ཡིན། ཚེ་ཕྱི་མར་ལམ་སྣ་འདྲེན་པའི་དེད་དཔོན་དང་། རྨོངས་པའི་མུན་པ་སེལ་བའི་སྒྲོན་མེ་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཤེས་ཡོན་གྱི་དགོས་དོན་ཡང་ཚེ་འདིར་མཁས་པའི་གོ་འཕང་ཐོབ་ཅིང་འཇོན་ཐང་ཅན་གྱི་གང་ཟག་ཚད་ལྡན་ཅིག་དང་། སྐྱེ་བ་ཕྱི་མར་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་འཐོབ་རྒྱུའི་ཁྱད་འཕགས་ཅན་གྱི་དགོས་དོན་ལགས་སོ།།

རྩོམ་སྒྲིག་པ། སྤྱི་ཚོགས་འདིར་ནང་པའི་བླ་མ་དང་དགེ་འདུན་ཡོངས་ལ་སྐྱོན་བརྗོད་དང་དད་ལོག་བྱེད་མཁན་མང་པོ་ཡོང་གི་འདུག དེས་ན་དེ་ཡོང་སའི་གཞི་རྩ་གང་ལ་ཐུག་ཡོད།

མཁན་པོ་པ་སངས་ཚེ་རིང་། དེ་དག་གི་གཞི་རྩ་ནི། བླ་མ་དགེ་བའི་བཤེས་གཉེན་རྣམས་ནས་ཆོས་ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་བག་ལ་བཞག་ཅིང་གདུལ་བྱའི་ངོར་འཇིག་རྟེན་ཆོས་བརྒྱད་ཁོ་ན་ཉམས་སུ་བླངས་པའི་ཚུལ་བསྟན་པས་ཟད་དོ། །དགེ་འདུན་ཡོངས་ནས་ཀྱང་སྔོན་གྱི་སངས་རྒྱས་བྱང་སེམས་ཉན་རང་སོགས་དང་སྐྱེས་བུ་དམ་པ་རྣམས་ཀྱི་ཚུལ་ཀུན་སྤྱོད་བཟང་པོ་རྣམས་དོར་ཞིང་། འཇིག་རྟེན་མི་ནག་གི་ཚུལ་བཟང་ལས་ཀྱང་བརྒལ་ཏེ་ལུས་ངག་ངན་སྤྱོད་ཁོ་ནས་དཔེར་ན་ཀུ་ཤུ་ཁ་པར་སོགས་ལག་ཏུ་ཐོགས་ཏེ་འདྲ་མིན་སྣ་ཚོགས་ཆོས་དང་འགལ་བ་ཤ་སྟག་བྱས་དང་བྱེད་བཞིན་པའི་ཉེ་བར་ལེན་ཏོ།།

རྩོམ་སྒྲིག་པ། མཐོ་སློབ་འདིར་སློབ་སྦྱོང་གི་མཐུན་རྐྱེན་སྐྱོ་པོའི་སྐབས་ཀྱི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གྲུབ་འབྲས་དང་། དེང་སང་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གྲུབ་འབྲས་གཉིས་བསྡུར་ན་ཁ་ཤས་ཀྱིས་དེང་སང་ཤེས་ཡོན་གྱི་གྲུབ་འབྲས་ལེགས་པོ་མེད་ཚུལ་གླེང་གི་འདུག ཁྱེད་ཀྱི་གཟིགས་ཚུལ་གང་འདྲ་ཡོད།

མཁན་པོ་པ་སངས་ཚེ་རིང་། འདི་ལ་སློབ་སྦྱོང་གི་མཐུན་རྐྱེན་སྐྱོ་པོའི་སྐབས་དང་འཛོམས་པའི་སྐབས་ཞེས་གཉིས་སུ་ཕྱེ་བ་ནི་གོ་རྒྱུ་མེད་པའི་སྐད་ཆ་རང་རེད། མཐོ་སློབ་ཆེན་མོ་འདིའི་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་མཐུན་རྐྱེན་ནི་སྔ་མ་སྔ་མར་བཟང་བར་ཡོད། དེང་སང་བཞེས་ལག་དང་ཁ་པར་སོགས་ནི་ཡག་པོ་ཡོད་ནའང་ཕྱིའི་མཐུན་རྐྱེན་ཙམ་ཡིན། ཤེས་ཡོན་གྱི་གྲུབ་འབྲས་ནི་གཅིག་མཚུངས་མཇལ་གྱིས་སོ།།

རྩོམ་སྒྲིག་པ། ང་ཚོའི་མཐོ་སློབ་འདི་དབུ་བཙུགས་ནས་ལོ་ངོ་སུམ་ཅུ་ལྷག་ཙམ་ཕྱིན་པའི་རིང་ཤེས་ཡོན་གྱི་གྲུབ་འབྲས་གང་ཙམ་ཐོབ་ཡོད་པ་ནི་ཀུན་ཀྱིས་ཤེས་ཀྱིན་ཡོད། འོན་ཀྱང་དེང་སང་མཐོ་སློབ་འདིའི་ཤེས་ཡོན་དང་འཛིན་སྐྱོང་སོགས་ལ་འཐུས་ཤོར་ཕྱིན་ཡོད་པའི་ངོས་འཛིན་བྱེད་མཁན་ཡང་འདུག ཡང་ཤེས་ཡོན་དང་འཛིན་སྐྱོང་སོགས་ཡར་རྒྱས་ཕྱིན་པ་ཡང་ཤོད་མཁན་འདུག མཁན་པོ་མཆོག་ནས་སྔར་དང་ད་ལྟའི་ཤེས་ཡོན་དང་འཛིན་སྐྱོང་ཐད་ལ་གཟིགས་ཚུལ་གང་འདྲ་བྱུང་ངམ།

མཁན་པོ་པ་སངས་ཚེ་རིང་། རེད། འཛམ་བུ་གླིང་གི་མིས་འདྲ་མིན་བཤད་ཀྱི་རེད་དེ། མཐོ་སློབ་ཆེན་མོ་འདིའི་སློབ་སྦྱོང་དང་འཛིན་སྐྱོང་སོགས་ལ་ནི་སྔར་ནས་ད་ལྟའི་བར་འཐུས་ཤོར་ཕྱིན་མེད་ལ། ཡང་གློ་བུར་དུ་འཐུས་ཤོར་འགྲོ་ཡི་མ་རེད་བསམ་གྱིས། སློབ་སྦྱོང་སོགས་ཧ་ཅང་ཡར་རྒྱས་ཕྱིན་མེད་ནའང་ག་ལེར་གོམ་པ་མདུན་དུ་སྐྱོད་བཞིན་པར་མངོན་ནོ། །ལས་སྣེ་རྣམས་དང་དགེ་འདུན་པ་སྤྱི་ཡོངས་ནས་ཕྱག་ལས་གནང་སྟངས་དེ་རིང་སང་ཚེགས་ཆེ་སྟེ། དྲིན་ཆེན་རྩ་བའི་བླ་མ་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཉིད་སྐུ་མངོན་སུམ་འདིར་མ་བཞུགས་པས་དང་འདུས་པའི་སྡེ་ཡང་སྟོང་ཚོགས་ནམ་མཁའི་སྐར་ཚོགས་ལ་འགྲན་ཟླར་ཕྱིན་པས་སོ། །དེའི་ཤུགས་ཀྱིས་གནའ་སྔ་མོ་འཛིན་སྐྱོང་སོགས་ཕྱག་ལས་སླ་བར་མཚོན་ནོ།།

རྩོམ་སྒྲིག་པ། མཐར་དུས་དེབ་འདིའི་བརྒྱུད་ནས་ཀློག་པ་པོ་རྣམས་ལ་དམིགས་བསལ་གྱི་དགོངས་འཆར་འདྲ་ཡོད་ན་གསུང་རོགས།

མཁན་པོ་པ་སངས་ཚེ་རིང་། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསོལ་འདེབས་ནི། སྤྱིར་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་བྱུང་ཡིན་པར་མཁྱེན་གསལ་ལགས་ན། འདི་ཕྱིར་ཕན་པའི་ཤེས་ཡོན་ནི་རྒྱུ་རྐྱེན་མང་པོ་དགོས་ངེས་པར་སོང་། བཀའ་དང་བསྟན་བཅོས་སོགས་གསུང་རབ་ཟབ་མོ་དང་དུས་དེབ་སྙན་རྩོམ་ལ་སོགས་པར་སྤྲོ་བས་བཀླགས་པ་དང་ཀློག་པ་སོགས་ཀྱིས་གང་ཟག་ཁྱད་འཕགས་ཅན་གྱི་རྣམ་དཔྱོད་སོགས་རང་ལ་འཇགས་དགོས་པས་རང་ཉིད་ཀྱི་སྐྱེས་སྟོབས་ཀྱི་རིག་པའི་གྲོགས་སུ་ཡང་ནས་ཡང་དུ་ཀློགས་ཤིག་དང་། ཚེ་འདིར་བླང་དོར་མཁས་པའི་གོ་འཕང་འཐོབ་རྒྱུ་དང་། དུས་དེབ་འདིའི་བརྒྱུད་རིམ་གྱི་བརྗོད་བྱ་ནི་བརྒྱ་ཆ་ལས་གོ་ལྔ་ལྷག་གིས་ནང་དོན་དང་འབྲེལ་བས་ཆོས་སྤྱོད་བཅུའི་ནང་གི་གསུང་རབ་ཀློག་པའི་གྲལ་དུའང་ཚུད་ངེས་པས་ཚེ་འདི་ཕྱིར་ཕན་པའི་རླབས་ཆེན་གྱི་བྱ་བར་དགོངས་ཏེ་ཀློག་གནང་རོགས་ཞེས་པའི་སྐུལ་འདེབས་སུ་ཞུས་པ་ལགས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།