སྤྱི་ལོ་ ༢༠༡༦ ལོའི་ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ་ལྷན་ཚོགས།
གང་སྐུ་མཛེས་པ་གསེར་གྱི་ལྷུན་པོ་བཞིན།།
སྲིད་ཞིའི་མུན་པ་སེལ་བ་སྙན་པའི་གསུང་།།
མཁྱེན་གཉིས་ཡེ་ཤེས་ཉི་ལྟར་གསལ་བའི་ཐུགས།།
བླ་མའི་སྐུ་གསུང་ཐུགས་ལ་གུས་ཕྱག་འཚལ།།
རིག་གདངས་ཆོས་དབྱིངས་ཞི་བའི་ཀློང་རོལ་དུ།།
མངོན་པར་བྱང་ཆུབ་གོ་འཕང་མཆོག་བརྙེས་ཀྱང་།།
གཟུགས་སྐུ་སྒྱུ་མའི་རྣམ་པར་རབ་སྤྲུལ་ནས།།
ལྔ་བདོའི་དུས་འདིར་སླར་ཡང་སྲིད་པ་བཟུང་།།
ཚོགས་གཉིས་མངོན་དུ་གྱུར་པ་བི་མ་ལ།།
མི་མཇེད་ཞིང་འདིར་མི་ཡི་ཚུལ་བཟུང་ནས།།
རྣམ་དག་ཐུབ་བསྟན་སྐྱོང་བའི་ཕྲིན་ལས་པ།།
ཆོས་རྗེ་དམ་པ་ཁྱེད་ལས་གཞན་མ་དམིགས།།
རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི།།
མདོ་སྔགས་བསྟན་པའི་སྒྲོན་མེ་འོད་བརྒྱ་པ།།
བཀའ་དྲིན་ཟླ་མེད་སྐྱབས་གཅིག་འཁོར་ལོའི་མགོན།།
སྙིང་གི་དབུས་སུ་འབར་བའི་ནོར་བུ་ཉིད།།
དྲི་མེད་ཤཱཀྱའི་བསྟན་པ་རིན་ཆེན་མཆོག།
བཤད་དང་སྒྲུབ་པས་ཕྱོགས་ཀུན་སྤེལ་བ་ཡི།།
མཚོ་སྐྱེས་པདྨའི་རྒྱལ་ཚབ་གྲུབ་དབང་རྗེ།།
བསྟན་པའི་སྲོག་ཤིང་དམ་པར་གཅིག་ཏུ་ངེས།།
ཉོན་མོངས་དགྲ་རྣམས་མ་ལུས་འཇོམས་པའི་གཉེན།།
རྒྱལ་བསྟན་དྲི་མེད་ཕྱོགས་ཀུན་རབ་སྤེལ་ཏེ།།
བཤད་སྒྲུབ་གོས་བཟང་ནོར་བུའི་ཏོག་གིས་མཛེས།།
ཡང་དར་ཆོས་ཀྱི་རྒྱལ་མཚན་སྲིད་འདིར་བསྒྲེངས།།
གདོད་མའི་མགོན་པོ་མི་ཡི་གཟུགས་སུ་སྤྲུལ།།
ཐབས་མཁས་ཐུགས་རྗེ་རྨད་བྱུང་བླ་མ་རྗེ།།
མཐའ་ཡས་ཡོན་ཏན་རྒྱ་མཚོའི་གཏེར་གྱུར་ཀྱང་།།
ཐུགས་རྒྱུད་ཁེངས་དང་བྲལ་བ་ངོ་མཚར་ཆེ།།
ཐོབ་ཆེན་དཔོན་གྱི་རྗེས་སུ་མི་འབྲང་བར།།
དམན་ལ་བརྩེ་ཞིང་དམན་པའི་གནས་ལས་སྐྱོབ།།
ཕྱོགས་ལྷུང་རིགས་རུས་དབང་དུ་མ་སོང་བར།།
འཁོར་ཚོགས་ཀུན་ལ་མ་ཡིས་བུ་བཞིན་སྐྱོང་།།
བསྟན་པའི་བདག་པོ་འཇིགས་པ་མེད་པའི་མགོན།།
ལུང་དང་རྟོགས་པའི་བསྟན་པ་གོང་དུ་སྤེལ།།
བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ས་སྟེང་ཁྱབ།།
ཀླ་ཀློའི་མུན་པ་ཐམས་ཅད་སེལ་བར་མཛད།།
གང་སྐུ་མཚན་དཔེ་ཁ་བའི་རྡུལ་བརྩེགས་ལས།།
ཡན་ལག་རབ་རྫོགས་གསུང་གི་ལེགས་བཤད་རྒྱུན།།
ཉལ་འགྲོའི་ཟོལ་དུ་འགྲོ་བློའི་ཞིང་ས་རུ།།
རྗེས་ཆགས་ཐུགས་ཀྱིས་འདྲེན་མཛད་ཁྱེད་ལ་དད།།
ཆོས་དབྱིངས་དོན་གྱི་གནས་ལུགས་ས་ལེར་མཁྱེན།།
བྱམས་སོགས་ཚད་མེད་བཞི་ཡིས་འགྲོ་བ་བསྐྱངས།།
ཀུན་ཀྱི་སེམས་ལ་མཛའ་བའི་དཔལ་དུ་ཤར།།
ཡབ་གཅིག་གྲུབ་དབང་བླ་མ་སྙིང་ནས་དྲན།།
འཇིགས་བྲལ་རྡོ་རྗེ་སློབ་དཔོན་སྐུར་བཞེངས་ཏེ།།
ཐུབ་བསྟན་དྲི་མེད་འཛམ་གླིང་ཡོངས་ལ་སྦར།།
མ་ལུས་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན།།
གསང་ཆེན་བསྟན་པའི་བདག་པོ་ཁྱེད་ལས་སུ།།
རྒྱས་རྒྱས་འཇིགས་མེད་ཐུབ་བསྟན་དྲི་མ་མེད།།
མཚར་མཚར་བཤད་སྒྲུབ་ཟུང་གི་འོད་སྟོང་འབར།།
ཟབ་ཟབ་མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་དཔལ།།
མཛེས་མཛེས་མཁས་བཙུན་བཟང་པོའི་རྣམ་ཐར་རྨད།།
སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་བསྒྲུབས།།
བསྡུ་དངོས་བཞི་ཡིས་གཞན་རྒྱུད་སྨིན་པར་མཛད།།
གདུལ་བྱའི་སྙིང་ལ་མར་མེ་ལྟར་འབར་བ།།
མཚུངས་མེད་བླ་མའི་བཀའ་དྲིན་རྗེས་སུ་དྲན།།
བདག་སོགས་འདི་ནས་ཚེ་རབས་ཕྲེང་བ་ཀུན།།
གང་གི་ཐུགས་རྗེའི་སྐྱབས་ཀྱི་ར་བ་ནས།།
ནམ་ཡང་འབྲལ་མེད་རྗེས་སུ་འཛིན་པ་ཡི།།
དགོངས་པའི་ཀློང་ནས་དགྱེས་པའི་མཐུན་འགྱུར་སྩོལ།།
འཇིགས་བྲལ་རྡོ་རྗེ་སློབ་དཔོན་སྐུར་བཞེངས་ཏེ།།
ཐུབ་བསྟན་དྲི་མེད་འཛམ་གླིང་ཡོངས་ལ་སྦར།།
མ་ལུས་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན།།
གསང་ཆེན་བསྟན་པའི་བདག་པོ་ཁྱེད་ལས་སུ།།