དུས་རབས་ཉེར་གཅིག་པའི་སློབ་གཉེར་བའི་ཁ་ཕྱོགས།

བཀྲ་བློ།

གླེང་སློང་བ་ནི།

འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ (Universal responsibility) ལྷུར་བླངས་ཏེ་འཛམ་གླིང་སྤྱི་སྒེར་གྱི་དཀའ་རྙོག་རྣམས་ལ་གདོང་གཏད་ན། ཡིད་ལ་ལྷང་ངེར་འཁོར་བ་ནི་ནང་བསྟན་རིག་པའི། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་འཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པའི་བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་འདི་རེད། འདི་ནི་ཆོས་ལུགས་ཙམ་དུ་མ་ཟད། ཚུ་རོལ་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཕྲ་མཐའ་དག་གཙང་སེལ་ལ་བཀོལ་རུང་བའི་སྤྱི་འགྲོས་ (Formula) ངོ་མཚར་ཅན་ཞིག་རེད། དེ་ཡང་༸གོང་ས་ཆེན་པོའི་ཞལ་སྔ་ནས། (༡) ནང་ཆོས་ལ་ནང་ཆོས་ཀྱི་ཉམས་ལེན་དང་། ནང་ཆོས་ཀྱི་ཚན་རིག ནང་ཆོས་ཀྱི་ལྟ་གྲུབ་བཅས་གསུམ་དུ་དབྱེ་ཞིང་། དེ་ལས་དང་པོ་ནི་ནང་པ་ཁོ་ན་དང་། ཕྱི་མ་གཉིས་ནི་འཇིག་རྟེན་སྤྱི་ཁྱབ་སྟེ། ཀུན་ལ་ཕན་ཐོགས་ཆེ་བའི་ལམ་སྟོན་གནང་བཞིན་པ་ལྟར། ང་ཚོ་ཕྱོགས་ཡོངས་ནས་འཇིགས་སྣང་གི་ཀློང་དུ་འཕྱན་དུས། ནང་ཆོས་ཀྱི་ཚན་རིག་རང་བཞིན་གྱི་ཐབས་ལམ་འདི་ལ་བསྟེན་ན། བདེ་སྐྱིད་ཕུན་སུམ་ཚོགས་པ་སྟེ། སྔོ་ལྗང་མཛེས་སྡུག་གི་འཛམ་གླིང་ཡིད་དུ་འོང་བ་ཞིག་བསྐྲུན་ཐུབ་རྒྱུར་སོམ་ཉི་མེད། དེ་ལྟར་ན། དང་པོར་འཛམ་གླིང་འདིའི་སྤྱི་སྒེར་གྱི་འཇིགས་པ་མཐའ་དག་ངོས་འཛིན་གསལ་པོ་བྱས་རྟིང་དེ་གང་གིས་བསྐྱེད་པའི་དངོས་རྒྱུ་དང་བརྒྱུད་རྒྱུ་མཐའ་དག་རྩད་ནས་སྤང་ལ། དོན་དམ་པའི་བདེ་སྐྱིད་ཀྱི་ངོ་བོ་རིག་པར་བྱས་རྟིང་དེ་གང་གིས་བསྐྱེད་པའི་དངོས་རྒྱུ་དང་བརྒྱུད་རྒྱུ་མཐའ་དག་འཐུས་ཚང་གི་སྒོ་ནས་བསྒྲུབ་རྒྱུ་ནི་གོང་བརྗོད་སྤྱི་འགྲོས་ཀྱིས་བསྟན་པའི་ལམ་སྟེ། དུས་ལ་བབས་པ། ཁ་ཚ་དགོས་གཏུགས་ཀྱིས་ཉམས་སུ་བསྟར་བྱའོ།།

དང་པོ། ཆགས་འཇིགས་སྡུག་བསྔལ་གྱི་ངོས་འཛིན།

ངག་རྒྱུན་དུ། འདས་པ་བཅོས་སུ་མེད་ཀྱང་། ཉམས་མྱོང་ལས་བསླབ་བྱ་ལེན། ཟེར་བ་ལྟར། རང་རེས་བསླབ་བྱའི་ཆེད་དུ་ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ན། ལོ་ངོ་ཆིག་སྟོང་ལྷག་གི་གོང་ནས་མིའི་སྤྱི་ཚོགས་སུ་ཐུན་མོང་གི་ཤེས་བྱ་རིག་གནས་སྦྱོང་སའི་གཙུག་ལག་སློབ་ཆེན་ཁག་ཟུར་དུ་བྱུང་། དེ་ནི་ཚན་རིག་ཡར་རྒྱས་ཀྱི་རྨང་གཞི་ལྟ་བུར་གྱུར། དུས་རབས་བཅུ་དྲུག་པའི་མཇུག་ཙམ་དུ་ཚན་རིག་གི་དྲོད་ལངས། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ནང་དུ་ཚན་རིག་དང་འཕྲུལ་ལས་ཀྱི་མེ་ཁ་སོས། དུས་རབས་ཉི་ཤུ་པའི་ནང་དུ་ཚན་རིག་དང་འཕྲུལ་ལས་ཀྱི་མེ་ལྕེ་དགུང་དུ་འཕྱུར་ཏེ་ཆེས་ཤིན་ཏུ་དར་བར་གྱུར་ཏོ།།

ཇི་ལྟ་ཇི་ལྟར་ཚན་རིག་ལག་རྩལ་དར་རྒྱས་སུ་ཕྱིན་པ་དེ་ལྟ་དེ་ལྟར་མིའི་སྤྱི་ཚོགས་སུ་དུས་ཟིང་དམག་འཁྲུག་གི་རྣམ་གྲངས་མང་དུ་དང་། གཞི་ཁྱོན་ཆེ་རུ། མཇུག་འབྲས་ཀྱང་ཚ་རུ་ཕྱིན། དེ་ཡང་ཚན་རིག་མ་དར་བའི་སྔོན་དུ་དམག་འཁྲུག་ལངས་ན་ཡང་། རྒྱལ་ནང་དང་རྒྱལ་ཁབ་ཁྱིམ་མཚེས་བར་ཙམ་དུ་རེད། གོ་མཚོན་ཡང་མདའ་མདུང་གྲི་རྡོ་ལ་སོགས་པ་ཡིན་པས་ཁོར་ཡུག་འབག་བཙོག་དང་ཤི་རྨས་ལུས་སྲོག་གི་འཇིགས་པ་དེ་ཙམ་གྱིས་ཆེ་བ་བྱུང་མེད། འོན་ཀྱང་། ཚན་རིག་དང་འཕྲུལ་ལས་དར་རྒྱས་ཀྱི་རྩེ་མོར་ཕྱིན་པར་ཉེ་བའི་དུས་རབས་ཉི་ཤུ་པའི་ནང་དུ། གཡུལ་འགྱེད་ཀྱི་གཞི་ཁྱོན་དེ་རྒྱལ་ཁབ་ནས་རྒྱལ་ཁབ་དང་གླིང་ཆེན་ནས་གླིང་ཆེན་བརྒལ། གོ་མཚོན་ཡང་གཏོར་བརླག་གི་ནུས་ཚད་བློ་ཡུལ་ལ་མི་ཤོང་བ་མང་པོ་གསར་སྐྲུན་དང་ལག་བསྟར་ལ་བརྟེན་ནས། ད་ལྟ་ད་དུང་ཡང་དྲན་རྟོག་གི་ཡུལ་ལ་ཤར་ཙམ་གྱིས་སྐྱི་གཡའ་ཞིང་སྤུ་ཟིང་ངེར་བྱེད་པའི་ལོ་རྒྱུས་ཀྱི་གོད་ཆགས་དག་བྱུང་བ་རེད།

དེ་ཡང་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ། འཛམ་གླིང་དམག་ཆེན་དང་པོ་ལངས། དེའི་དུས་སུ་རྫས་འགྱུར་དུག་རླངས་ཀྱི་མཚོན་ཆ་ཐོག་མར་བཀོལ་ཞིང་རྒྱ་ཆེར་སྤྱད་པའི་རྒྱུ་མཚན་གྱིས་ “རྫས་འགྱུར་དམག་འཁྲུག” ཅེས་ཀྱང་འབོད་དེ། སྔར་མེད་པའི་དུག་རླངས་ (Poison gas) དང་། མིག་ཞར་དུག་རླངས། (Tear gas) ལན་ཚྭའི་རྫས་རླངས།(Chlorine gas) རྫས་རླངས་སེར་པོ་ (Mustard gas) སོགས་གོ་མཚོན་དུ་སྤྱད་དེ་ལོ་ངོ་བཞིའི་རིང་གཡུལ་འཁྲུགས་པའི་ཡོ་ལང་ཁྲོད་ཁྱོན་མི་གྲངས་ས་ཡ་བཅོ་བརྒྱད་ཙམ་གྱི་ཚེ་སྲོག་ཤོར། དེའི་ནང་མི་སེར་དཀྱུས་མ་ས་ཡ་བདུན་ཡན་ཚུད་ཅིང་། ས་ཡ་བཅོ་བརྒྱད་ལྷག་ལ་རྨས་སྐྱོན་ཕོག

དུས་རབས་དེའི་དུས་དཀྱིལ་དུ་འཛམ་གླིང་དམག་ཆེན་གཉིས་པ་ལངས། གླིང་ཆེན་སོ་སོའི་རྒྱལ་ཁབ་ཁག་སུམ་ཅུ་ནས་མི་གྲངས་ས་ཡ་བརྒྱ་ལྷག་དམར་འཛིང་དེར་མཉམ་ཞུགས་བྱས། སྐབས་དེར་འགྲོ་བ་མིའི་ཐོག་ལ་རྡུལ་ཕྲན་མཚོན་ཆ་ཆེས་ཐོག་མར་གཡུགས་ཏེ། ཁོར་ཡུག་ན་འཚོ་བའི་ལུས་ཅན་སྲོག་ཆགས་དང་བཅས་པ་སྡེབ་གསོད་ཀྱི་སྦྱོར་བ་ཆེས་མི་བཟད་པ་བརྩམས་པ་བཅས། ཁྱོན་ལོ་ངོ་བདུན་ཙམ་འཁྲུགས་པའི་གཡུལ་འཐབ་ཀྱི་མཇུག་འབྲས་སུ་མི་སེར་དཀྱུས་མ་ས་ཡ་ཞེ་ལྔ་ལྷག་ཐེ་བའི་ཁྱོན་མི་འབོར་ས་ཡ་རེ་གཅིག་ཙམ་གྱི་ཚེ་སྲོག་ཤོར། དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་རིང་པོ་མ་སོང་བར་སླར་ཡང་གྲང་དམག་ལངས་ཏེ་ལོ་ངོ་ཞེ་ལྔའི་རིང་གསོད་རེས་རྨས་རེས་ཀྱིས་དུས་རབས་ཀྱི་མཇུག་བསྐྱལ་ཏོ།།

ད་དུང་རྒྱལ་ཁབ་སོ་སོའི་ནང་དུ་མི་སེར་དམག་འཁྲུག་ལངས་པ་སོགས་ཀྱིས། དུས་རབས་ཉི་ཤུ་པ་ཧྲིལ་པོའི་ནང་དུ་ཧ་ལམ་མི་གྲངས་ས་ཡ་ཉིས་བརྒྱ་ལྷག་གི་གཅེེས་སྲོག་ཤོར་ཟིན་པར་ལོ་རྒྱུས་ཉམས་ཞིབ་པས་མཐའ་བསྡོམས་བརྒྱབ་ཡོད། དེའི་གྲས་སུ་ལྟོགས་གྲིར་ཤི་བའི་གྲངས་ཀ་ཚུད་མེད། ལོ་རྒྱུས་སྨྲ་བ་འགས་དེ་རྣམས་ཀྱང་དམར་གསོད་ཀྱི་གྲངས་སུ་བཙུད་འོས་པའི་རྒྱུ་མཚན་གླེང་ན། རྒྱ་ནག་གཅིག་པུའི་ནང་དུ། མདུན་མཆོང་ཆེན་མོ་དང་རིག་གསར་གྱི་ཡོ་ལང་ཁྲོད་མི་འབོར་ས་ཡ་ ༤༥ ཙམ་དང་། ཨུ་རུ་སུ་དམར་དམག་གི་དྲག་ཤུགས་འོག་མི་སེར་ས་ཡ་ ༡༠ ཡན་མུ་གེར་ཤི་བ་བཅས་སྔར་གྱི་གྲངས་ཀའི་སྟེང་དུ་ས་ཡ་དྲུག་ཅུ་ལྷག་འཕར་རྒྱུ་ཡིན། དེའི་ཕྱིར་༸གོང་ས་ཆེན་པོའི་ཞལ་སྔ་ནས། (༢) ཡུལ་གྲུ་འདྲ་མིན་གྱི་སྡིངས་ཆ་མང་པོའི་སྟེང་དུ། འདས་པའི་དུས་རབས་དེ་ནི་ཁྲག་སྦྱོར་གྱི་དུས་རབས་ཤིག (Century of Bloodshed) དྲག་ཟིང་གི་དུས་རབས་ཤིག་ (Century of Violence) རེད། ང་ཚོས་དུས་རབས་དེ་བསྐྱར་ཟློས་བྱ་མི་རུང་། ཞེས་ཡང་ཡང་གསུང་གི་ཡོད། ད་ལྟའི་དུས་ན། ཨ་རི་དང་། རཱ་ཤི་ཡ། དབྱིན་ཇི། ཧྥ་རཱན་སི། རྒྱ་ནག རྒྱ་གར། པཱ་ཀི་སི་ཐཱན། ཨི་ཟི་རཱལ། བྱང་ཀོ་རི་ཡཱ་བཅས་རྒྱལ་ཁབ་དགུའི་གོ་མཛོད་རྣམས་སུ་ནུས་སྟོབས་ཆེ་ཆུང་གི་རྡུལ་མཚོན་འབར་མདེལ་ ༡༦་༣༠༠ ཡན་ཉར་ཡོད་པར་བརྗོད་ན། འདས་པའི་དཔལ་ཡོན་གྱིས་ང་ཚོའི་ཚེ་སྲོག་ལ་བསྐུར་བའི་འཇིགས་སྣང་གི་ལེགས་སྐྱེས་ཏེ། ཞི་བ་ལྷས། ཉོན་མོངས་སྟོབས་ཆེེན་དགྲ་འདིས་ནི། །གང་དུ་འཕྲད་ན་རི་རབ་ཀྱང་། །ཐལ་བ་ཡང་ནི་མི་ལྷག༌༌༌། ཅེས་གསུངས་པ་ལྟར། ཨ་རིའི་སྲིད་འཛིན་ Harry S. Truman གྱི་བཀོད་འདོམས་འོག་རྡུལ་མཚོན་འབར་མདེལ་འཕངས་པ་ལན་གཉིས་ཀྱིས་ཉི་ཧོང་གི་ས་ཆེན་ལེབ་མོ་གཉིས་ཐལ་བའི་རྡུལ་དུ་བརླགས་ཤིང་ཡུལ་མི་ ༢༢༠,༠༠༠ ཙམ་ལྔ་ལམ་དུ་བརྫངས་པ་ནི་ཤེས་བྱེད་དེ། དེང་འདིར་འགོ་ཁྲིད་མི་སྣ་རེ་ཤས་ཉོན་མོངས་སྟོབས་ཆེན་གྱི་གཞན་དབང་དུ་ཤོར་ན། སྣོད་བཅུད་མ་ལུས་པ་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་བརླག་རྒྱུ་ནི་ཚེགས་མེད་པའི་ལས་སོ།།

ད་དུང་མཐོ་རིམ་སྲོག་ཆགས་སུ་འབོད་པའི་འགྲོ་བ་འདིས་རང་ཉིད་ནི་གོ་ལ་ཟླུམ་པོ་འདིའི་བདག་པོ་གཅིག་པུ་དེ་ཡིན་པ་ལྟ་བུས། བཅད་བགོས་བདག་བཟུང་དང་། གསད་བཟུང་ཟ་བཀོལ། བག་མེད་རྒྱས་སྤྲོས། འཛད་སྤྱོད་ཚད་བརྒལ་སོགས་རང་སྣང་གང་དྲན་བྱས་པར་བརྟེན། ས་ཆུ་མེ་རླུང་གི་འཇིགས་པ་རིམ་གྱིས་པ་དང་གློ་བུར་བ་ཆེ་ཆུང་སྣ་ཚོགས་པས་འགྲོ་བ་སེམས་ཅན་གྱི་བདེ་ཐང་འཚོ་གནས་དང་བཅས་པར་རྒོལ་བཞིན་པར་མ་ཟད། ཐ་ན་ཚེ་སྲོག་ཀྱང་ཟ་བཞིན་ཡོད། སྐྱེ་བོ་མི་ཉུང་བ་ཞིག་འཁྲུལ་ཤེས་ཀྱིས་བསླུས་ཏེ། འཁྲུག་ཆ་དོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འགྲན་རྩོད་ནང་། ལེགས་གྲུབ་ལྟ་བུས་ཟས་གོས་གནས་མལ་གྱིས་མཚོན་པའི་རྒྱུ་འབྱོར་ཕུན་སུམ་ཚོགས་པོ་བྱུང་བ་ལ་བདེ་སྐྱིད་དུ་རློམ། དེ་ལ་ཡིད་མྱོས་ཤིང་རབ་ཏུ་འབྱམས། དེ་ལ་བརྟེན་ནས་སྔར་བས་ཀྱང་འདོད་སྲེད་འཕེལ་ཏེ། ཐོན་དངོས་བཀོལ་སྤྱོད་ (Utilization) ཙམ་མ་ཡིན་པར། བག་མེད་ལོངས་སྤྱོད་ (Consume) ཀྱི་འཚོ་བར་ཚོད་མེད་དུ་རོལ་བཞིན་ཡོད། འོན་ཀྱང་ཁོང་ཚོས་མྱོང་བ་ནི་བདེ་སྐྱིད་ཅིག་ནམ་ཞར་ཡང་མིན་ཏེ། མྱོས་བྱེད་ཀྱིས་ར་བཟི་བ་སྦྲིད་ཚོར་བན་བུན་གྱིས་ཁྱེར་ནས། གཡས་གཡོན་རྒྱབ་མདུན་ན་ཅི་བྱུང་ཅི་འབྱུང་དང་འཕྲལ་ཕུགས་བར་གསུམ་དུ་ཅི་ཉེས་ཅིར་འགྱུར་གྱི་མནོ་བསམ་ཡེ་ནས་མེད་པར་མི་ལས་དགུ་ལས་བྱེད་པ་དང་འདྲ། ནམ་ཞིག་མྱོས་འགྱུར་གྱིས་དེངས་དུས། གྱོད་དང་གོད་ཁས་ཁོར་ཡུག་ཁེངས་པ་མངོན་འོང་རྒྱུ་ཡིན།

དེ་ལྟར་བསམ་བརླགས་ཀྱི་སྐྱེ་བོ་ཚོ་ནམ་ཞིག་བག་མེད་ཀྱི་སྦྲིད་ཚོར་དེངས་དུས། སེམས་ངོས་ན་དགའ་བའི་ཡོན་ཏན་ཅི་ཡང་ལྷག་མེད་པའི་ཐོག རང་གིས་ནི་གཡས་གཡོན་རྒྱབ་མདུན་ཀུན་ཀྱི་ལུགས་མཐུན་བདེ་སྐྱིད་ཀྱི་འཚོ་བ་དངོས་ཤུགས་གཉིས་ནས་དཀྲུགས་འདུག་པར་མ་ཟད། མི་རབས་ཕྱི་མ་ཕྱི་མའི་བཟའ་བཏུང་བརྐུས། རྒྱུ་ནོར་ཕྲོགས། སྡོད་ཡུལ་བཤིགས། མཁའ་རླུང་སྦགས། འཐུང་ཆུ་བརྙོགས། མཚོན་ཆ་སྤུངས་པ་བཅས་ཀྱི་བྱས་ཉེས་རྣམས་མཐོང་རྒྱུ་དང་། དེ་ལ་བརྟེན་ནས་རང་ཉིད་ནི་མི་རབས་ཕྱི་མ་ཕྱི་མའི་རྐུན་ཇག་གམ། ལག་དམར་རམ། མདོར་ན་བུ་ལོན་གྱི་གོང་བུ་ཞིག་ཏུ་ཤེས་རྟོགས་འོང་རྒྱུ་ཡིན། འོན་ཀྱང་སྦྲིད་ཚོར་དེའི་ངང་དུ་མི་ཚེ་སོང་ན་ནི། རང་གི་ཉེས་བྱས་རྣམས་རྩ་ནས་ངོས་མ་ཟིན་པ་ཡིན། དེ་ལྟར་ཡང་བྱས་ཉེས་ནི་བྱས་ཉེས་ཏེ། རང་ངོ་མ་ཟིན་པའི་ཉེས་ཅན་པ་ཞིག་ལས་མ་འདས་ན། ཁོང་ཚོས་མྱངས་པ་ནི་ལྟར་སྣང་ཙམ་ལས་དོན་དམ་པའི་བདེ་སྐྱིད་ཅིག་རྩ་ནས་མིན་ཏེ། སྡུག་བསྔལ་དུ་ཤེས་པར་བྱའོ།།

གཉིས་པ། ཆགས་འཇིགས་སྡུག་བསྔལ་གྱི་རྒྱུ་སྤང་བ།

ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་འབྲེལ་ཡོད་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་ཏེ། འཁོར་བའི་རྒྱུ་ཆེས་ཕྲ་བ་ནས་བསྟན། འདི་ནི་སྤང་རྒྱུ་ལྟ་ཅི་ངོས་འཛིན་ཡང་བྱ་དཀའ་ན། སྐྱེ་བོ་ཆེས་ཉུང་ཤས་ཀྱི་སྤྱོད་ཡུལ་རེད། ང་ཚོ་ཐུན་མོང་གི་ངོ་སྐལ་དུ་གྱུར་པའི་སྤང་བྱ་དེ་གང་ཞེ་ན། དེ་ནི་འདི་སྣང་སྤྱི་ཚོགས་ཀྱི་མཐོང་ཐོས་མྱོང་རེག་གི་སྡུག་བསྔལ་རགས་པའམ་མངོན་གྱུར་བ་སྐྱེད་བྱེད་དོདེ་གང་ཞེ་ན། རང་ཉིད་ཆེས་གཙིགས་སུ་འཛིན་པའི་ (Too much self-centered attitude) ཞེན་རིག་འདི་ག་ཡིན། འདི་ལ་བརྟེན་ནས་རང་ངམ་རང་གི་ཕྱོགས་དང་གཞན་ནམ་གཞན་གྱི་ཕྱོགས་གཉིས་ཀྱི་བར་ལ་ཁྱད་ཕྱེ་ཞིང་ཁད་བསྲིངས་ཏེ། ང་དང་ཁྱོད། ངའི་ཁྱིམ་དང་ཁྱོད་ཀྱི་ཁྱིམ། ང་ཚོའི་མི་རིགས་དང་ཁྱོད་ཚོའི་མི་རིགས། ངེད་ཅག་གི་ཆོས་ལུགས་དང་ཁྱོད་ཅག་གི་ཆོས་ལུགས། ངའི་རྒྱལ་ཁབ་དང་ཁྱོད་ཀྱི་རྒྱལ་ཁབ་ཅེས་ཕྱོགས་འཛིན་གྱི་བསམ་བློ་ཤུགས་དྲག་བརྟས་པས་རང་དང་གཞན་གྱི་བར་རམ། ཁྱིམ་དང་ཁྱིམ་གྱི་བར། ཆོས་ལུགས་དང་ཆོས་ལུགས་བར། མི་རིགས་དང་མི་རིགས་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་མི་མཐུན་པ་སྣ་ཚོགས་དང་། འགྲན་རྩོད་སྣ་ཚོགས་དང་། འཁོན་འཛིན་སྣ་ཚོགས། དམག་འཁྲུག་སྣ་ཚོགས་སོགས་ཀྱི་ཡོ་ལང་བརྟས་སོ།།

གོ་མཚོན་དང་། ཐ་མ་ཁ་དང་། མྱོས་འགྱུར་དང་། དུག་རྫས་ཀྱི་རིགས་སོགས་ལོག་པའི་ཐོན་སྐྱེད་རྣམས་སྨོས་ཅི་སྟེ། ཆགས་འཇིགས་ཀྱི་དངོས་རྒྱུ་རགས་པའི་ཡང་རགས་པ་ཡིན་ན། ཉོ་སྤྱོད་ལྟ་ཅི། བཟོ་སྐྲུན་ཡང་སྤང་སྟེ། ༸གོང་ས་ཆེན་པོས། (༣) ང་ཚོས་ཐོན་སྐྱེད་བཟོ་ལས་སོགས་གང་གི་སྐབས་སུ་ཡང་། གཞན་ལ་ཕན་བདེ་སྒྲུབ་ཀྱི་ཡོད་སྙམ་དུ་ཀུན་སློང་འཁྱེར་དགོས། འོན་ཀྱང་། མེ་མདའ་བཟོ་བཞིན་གཞན་ཕན་སྒྲུབ་ཀྱིན་ཡོད་སྙམ་དུ་བསམས་ན་སྐྱག་རྫུན་མ་རེད་དམ། ཞེས་གསུངས་པ་ལྟར་ལྡོག་པར་བྱའོ།།

མཐར་གཏུགས་ན་ཉེས་བྱས་ཐམས་ཅད་ཀྱི་འབྱུང་གཞི་གཞན་ལ་ཅི་མི་སྙམ་ཞིང་ཡལ་བར་འདོར་བའི་བློ་མ་རུང་བ། རང་ཉིད་ཆེས་གཙིགས་འཛིན་གྱི་ཞེན་རིག་འདི་ལ་ཐུག་པས། བློ་གང་གི་ངོ་བོ་དང་། དེ་དང་དུ་བླངས་པའི་སྐྱོན། རིང་དུ་སྤངས་པའི་དགེ་མཚན་དང་བཅས་པ་དཔྱིས་ཕྱིན་པར་མཐོང་བའི་སྒོ་ནས་སྤང་བར་བྱའོ། །གཞན་དུ་ན། ཚེར་རྩ་བཞག་ནས་ཚེར་མགོ་བྲེགས་པ་དང་འདྲ་སྟེ། སྡུག་བསྔལ་གྱི་ཚེར་མའི་སྐྱེ་རྒྱུན་མི་ཆོད་དོ།།

གསུམ་པ། བདེ་སྐྱིད་ངོས་འཛིན།

ཕྱི་རོལ་ཡུལ་གྱི་མཐུན་རྐྱེན་མཐའ་དག་འཛོམས་པ་བྱུང་ཚེ་བདེ་སྐྱིད་ཀྱི་རྩེ་མོ་ཡིན་པའི་བསམ་བློ་འཁོར་ཏེ། ད་ལྟའི་བར་དུ་འགྲོ་བ་མིའི་རིགས་ཀྱི་བློ་རིག་ཐམས་ཅད་པོ་ཕྱི་རོལ་ཡུལ་གྱི་དངོས་པོ་འདུལ་སྦྱོང་བསྒྱུར་བཀོལ་འབའ་ཞིག་ལ་བསྒྲིམས། དབང་ཤེས་ལྔ་ཡི་སྐྱེ་མཆེད་དུ། འདོད་ཡོན་ལོངས་སྤྱོད་སྔར་མེད་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ཁོ་ནར་གཅིག་ལས་གཅིག་མགྱོགས་ཀྱིས་བང་རྩལ་འགྲན། དེའི་ཕྱིར་རང་རྒྱལ་གཞན་ཕམ་དང་མི་གསོད་ཁྲག་སྦྱོར་གྱི་བྱ་བྱེད་མཐའ་དག་ལ་ཅི་མི་སྙམ་པའམ་ཐ་ན་དགོས་ངེས་སུ་མཐོང་སྟེ་ཆེད་དུ་གཉེར་མོད། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པའི་རྗེས་སུ་སོང་སྟེ། བདེ་སྐྱིད་ནི་སྨིག་རྒྱུ་ལྟར་ཡལ་ཏེ་ཤུལ་ནའང་མེད་པར་གྱུར། དེ་ལས་ལྡོག་སྟེ། རང་ཉིད་ནི་འབྱུང་ཁམས་ཀྱི་དགྲ། གོ་མཚོན་གྱི་འབེན་དང་། འཕྲུལ་ཆས་ཀྱི་གཡོག་པོར་གྱུར་པ་འདི་བྱུང་ངོ་།།

འོ་ན་ང་ཚོ་ཐུན་མོང་གི་བདེ་སྐྱིད་དེ་གང་ཞེ་ན། དེ་ནི་ལུས་སེམས་གཉི་གར་ཆ་སྙོམས་སུ་ཡོད་པ་ཞིག་གམ། ལྷག་པར་དུ། སེམས་སྐྱིད་ན་སྐྱིད་པའི་ཡང་རྩེ་ཡིན། ཟེར་སྲོལ་ལྟར། ནང་སེམས་ཀྱི་དེའོ། །རྒྱུ་མཚན་ནི། སེམས་ཀྱི་བདེ་སྐྱིད་ཀྱིས་སེམས་ཀྱི་ཡོན་ཏན་ཕྱི་མ་ཕྱི་མའི་རྒྱུ་བྱེད་པར་མ་ཟད་ལུས་ཀྱི་སྡུག་བསྔལ་ཡང་ཟིལ་གྱིས་གནོན་ལ། ཡུལ་གྱི་དངོས་པོ་ཐམས་ཅད་ཀྱང་ཉམས་དགའི་གསོས་སུ་འགྱུར་རོ། །ཡིད་མི་བདེ་བའི་རྒྱུ་ཞེ་སྡང་དང་། འགྲན་སེམས། འདོད་རྔམ། ཕྲག་དོག འཇིགས་སྔངས། རེ་དོགས་སོགས་ཀྱི་རྒྱུ་བས་གཞན་ལ་མི་བདེ་བ་བསྐྱེད་པ་ཙམ་དུ་མ་ཟད། རང་གི་སེམས་ཀྱི་ཞི་བདེ་དཀྲུག་ཅིང་ལུས་ཀྱི་ནད་འགོག་ནུས་པ་ (Immune system) ཡང་རྨང་ནས་ཟ་བར་འགྱུར་རོ།།(༤) དོན་གྱི་དབང་འདིས། ༸གོང་ས་ཆེན་པོས་ལུས་སེམས་གཉིས་ལས་ཀྱང་སེམས་ཀྱི་བདེ་ཐང་གལ་གཙོ་ཆེ་བའི་གནད་ཀ་འདི་ཐ་ན་དེང་རབས་ཚན་རིག་པའི་ལྟ་ཚུལ་ཡན་ཆད་གུང་བསྒྲིགས་ཏེ་གལ་པོ་ཆེ་ལ་ནན་ཏན་དུ་གསུང་གི་ཡོད།

འོ་ན་མིའི་སྤྱི་ཚོགས་སུ་དངོས་པོའི་དཔལ་ཡོན་མི་མཁོ་འམ་ཞེ་ན། གཟུགས་མེད་ཀྱི་ལྷ་ལྟ་བུར་མཚོན་ན་ཡིད་བློའི་བདེ་བ་ཙམ་དོན་དུ་གཉེར་བས་འཐུས་མོད། འགྲོ་བ་མི་རྣམས་ནི། ནང་གི་ཕུང་པོ་བཞིའི་སྟེང་དུ། གཟུགས་ཀྱི་ཕུང་པོ་ཞེས་གདོས་བཅས་ཤ་ཁྲག་རུས་པའི་གོང་བུ་རེ་རེར་གྲུབ་ཟིན་པ་འདི་ལྟ་ན། དེ་ལ་ལྟོས་པའི་ཕྱི་དངོས་པོའི་མཐུན་རྐྱེན་ཡང་མེད་མི་བཏུབ་བོ། །དེའི་ཕྱིར་༸གོང་ས་ཆེན་པོས་ཀྱང་། (༤) ཕྱི་དངོས་པོའི་ཡར་རྒྱས་ནི་གལ་འགངས་ཧ་ཅང་ཆེ། དགོས་ངེས་རེད། འོན་ཀྱང་། དངོས་པོའི་མཐུན་རྐྱེན་ཁོ་ནས་ལུས་པོ་འབའ་ཞིག་ལས་སེམས་ཀྱི་ཞི་བདེ་དང་། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་མི་ཐུབ། ཅེས་གསུང་གི་ཡོད། སྤྱི་ཚོགས་ཤིག་གི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་དེའང་རང་དགར་དྲག་ཟིང་མེད་པའི་ལྷིང་འཇགས་ཙམ་ལ་མི་ཟེར་གྱི། སྤྱི་ཚོགས་ཀྱི་གྲུབ་ཆ་སྐྱེ་བོ་རེ་རེ་བའི་ངོས་ནས། བྱམས་སྙིང་རྗེ་སོགས་ཀྱི་ཡོན་ཏན་མཐོང་ཞིང་། རང་རྒྱལ་གཞན་ཕམ་གྱི་བསམ་པ་དང་སྦྱོར་བའི་གནོད་ཚབས་མཐའ་དག་ཤེས་པའི་སྒོ་ནས་དེ་ལ་རྒྱབ་ཀྱིས་ཕྱོགས་པ་བྱུང་ན། ད་གཟོད་ཕ་རོལ་པོ་སྤ་བཀོང་བར་བྱེད་པའི་ཆ་རྐྱེན་དང་ནུས་པ་ཡོངས་སུ་རྫོགས་ཀྱང་ལག་ལེན་ལ་མི་བསྟར་ན། དེ་ནི་དོན་དམ་པའམ་གཞི་ཡིས་ཟིན་པའི་ཞི་བདེ་དགའ་སྐྱིད་ཀྱི་འཚོ་བ་ཡིན་ནོ།།

བཞི་པ། བདེ་སྐྱིད་ཀྱི་རྒྱུ་སྒྲུབ་པ།

འདུས་བྱས་ཀྱི་ཆོས་ཤིག་ཡིན་ཕྱིན་རྒྱུ་ལས་བྱུང་བས་ཁྱབ་སྟེ། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། ཅེས་པ་ལྟར། སྐྱེད་བྱེད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་ཞིང་། དངོས་པོ་རྣམས་འདོད་མི་འདོད་ཡག་སྡུག་བར་མ་གསུམ་གྱི་བདག་ཉིད་དུ་གྲུབ་པའང་། ཅི་འདྲ་བ་ཡི་རྒྱུ་ཚང་ན། །འབྲས་བུ་དེ་འདྲ་ཉིད་དུ་འགྱུར། །ཞེས་པ་ལྟར། རྒྱུ་ཡག་སྡུག་བར་མ་གསུམ་སྔོན་དུ་སོང་བས་སོདེའི་ཕྱིར་གལ་སྲིད་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་ཞིག་དགོས་ཕྱིན་ཆད། དེ་མཐུན་གྱི་མ་ནོར་མ་ཆད་པའི་རྒྱུ་ཚོགས་བསྒྲུབ་རྒྱུ་ལས་གདམ་ག་གཞན་ཞིག་མཁའ་ཡི་མེ་ཏོག་ཡིན་ནོ།།

འོ་ན་ང་ཚོས་བསྒྲུབ་བྱའི་རྒྱུ་དེ་གང་ཞེ་ན། དེ་ནི་གོང་དུ་བཤད་པའི་ཆགས་འཇིགས་ཚོགས་པའི་གཞི་རང་ཉིད་ཆེས་གཙིགས་འཛིན་གྱི་མི་མཐུན་ཕྱོགས། དེ་དང་ལྷན་ཅིག་མི་གནས་འགལ་གྱི་གཉེན་པོར་གྱུར་པ་རྣམས་ཏེ། རྒྱས་པར་བཀྲལ་ན་ནི་བྱེ་བྲག་མང་ཡང་། བསྡུས་ན་ཆོས་ལ་མ་ལྟོས་པའི་བཟང་སྤྱོད་དང་། གཅིག་ཉིད་ཀྱི་ལྟ་བ་གཉིས་སུ་འདུའོ། །འདི་གཉིས་བདེ་སྐྱིད་ཀྱི་འབྱུང་གནས་སུ་ཤེས་རྒྱུ་ནི་གནད་ཀྱི་ལྡེ་མིག་ (Key factor) ཡིན་པས་རེ་རེ་བཞིན་རོབ་ཙམ་གླེང་བར་བྱའོ།།

༡ ཆོས་ལ་མ་ལྟོས་པའི་བཟང་སྤྱོད། བཟང་སྤྱོད་ཅེ་ན། རྒྱུ་བྱམས་སྙིང་རྗེ་ཡིས་བསླངས་ཤིང་འབྲས་བུ་གཞན་ལ་དགའ་བདེ་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ལ་ཟེར་ཞིང་། སྤྱི་སྒེར་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་མེད་ན་མི་འབྱུང་གི་རྒྱུ་རུ་གྱུར་བར་བརྟེན། ཆོས་ལུགས་པ་ཁོ་ན་མ་ཡིན་པར་སྐྱེ་བོ་ཡོད་དོ་ཅོག་ལ་མཁོ་མཉམ་དུ་གྱུར་ཡོད། དོན་གྱི་དབང་འདིས། ༸གོང་ས་ཆེན་པོའི་ཞལ་སྔ་ནས། (༤) ཆོས་ལ་མ་ལྟོོས་པའི་བཟང་སྤྱོད་ (Secular Ethics, Beyond Religions) ཅེས། བཟང་སྤྱོད་ཆོས་ལུགས་སུ་སྤྱོད་པའི་ནོར་འཁྲུལ་གྱི་ལྟ་བ་སྤང་ཕྱིར་དགག་སྒྲ་དང་བཅས་པའི་ཐ་སྙད་འདི་གསར་གཏོད་གནང་ཞིང་འགྲེལ་སྦྱོར་རྒྱ་ཆེར་གནང་གི་ཡོད། ཇི་ལྟར་ཆོས་ལ་མ་ལྟོས་པའི་ཚུལ་ནི། སྤྱོད་པ་འདི་སྤྱད་ན། རང་སེམས་ལ་དཔའ་སྐྱེ་ཞིང་། སེམས་ཀྱི་སྟོབས་འཕེལ་བ། དེ་ལ་བརྟེན་ནས་ལུས་བདེ་བ། གཞན་ལ་དགའ་བ་བསྐྱེད་པ། དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཞི་མཐུན་ཡོང་བ་སོགས་འདི་སྣང་མཐོང་བའི་དངོས་པོ་རྒྱུ་མཚན་དུ་བྱ་བ་ལས། དེ་ལེགས་པར་སྤྱད་པས་ཕྱི་མར་དཀོན་མཆོག་གི་རྒྱལ་སྲིད་དུ་སྐྱེ་བའམ། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པར་འགྱུར་ལ། ལོག་པར་སྤྱད་པས་ངན་སོང་དང་དམྱལ་བར་སྐྱེ་ཚུལ་སོགས་དང་ནམ་ཞར་ཡང་འབྲེལ་སྦྱོར་མི་བྱེད་པས་ཡིན། གལ་ཆེ་བ་ཞིག་ལ། དེང་སང་བོད་མི་ཤེས་ལྡན་ཁ་ཅིག་གིས་ཨ་གསར་ལྟ་བུས། ༸གོང་ས་མཆོག་གི་བཀའ་ཆོས་ལས་ཀྱང་ཆོས་ལུགས་ལ་མ་ལྟོས་པའི་བཟང་སྤྱོད་སྐོར་གྱི་གསུང་རྩོམ་བཀའ་སློབ་དང་བཅས་པ་འགངས་ཆེར་བཟུང་སྟེ། བོད་རིགས་སློབ་གཉེར་བ་རྣམས་ལ་ནང་ཆོས་ཟུར་དུ་བཞག་ཅིང་འདི་སློབ་ཁྲིད་ཀྱི་རྩོལ་བ་གཙོ་ཆེར་བསྟེན་པ་ནི་གཙོ་ཕལ་གོ་ལོག་པའོ།།

༸གོང་ས་ཆེན་པོས། (༥) ཆོས་ལས་འདས་ཞེས་པ་འདིས་གོ་ལོག་བསྐྱེད་སྲིད། དེ་ནི་ཆོས་ལུགས་ཀྱི་གོང་ན་ཁྱད་པར་བ་གཞན་ཞིག་ཡོད་པ་ཨེ་རེད་ཟེར་ན། རྩ་བ་ནས་མ་རེད། ཆོས་ལུགས་ཇི་ལྟར་ངོ་མཚར་ཆེ་ཡང་། དེས་འགྲོ་བ་མི་ཡོངས་རྫོགས་ལ་ཁྱབ་ཐུབ་ཀྱི་མེད། དེང་གི་ཉམས་ཞིབ་པ་ལྟར་ན། མིའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་ནས་ཐེར་འབུམ་གཅིག་ཆོས་ལུགས་མི་འདོད་མཁན་རེད། དེར་བརྟེན་ང་ཚོས་ཁོང་རྣམས་ལོགས་སུ་དགར་ག་ལ་རུང་། ཁོང་ཚོ་ཡང་འགྲོ་བ་མི་རེད། ཁོང་ཚོར་ཡང་ང་ཚོའི་མཛའ་བརྩེ་ཡི་འོས་བབ་ཡོད།” ཅེས་གསུངས་ཤིང་། བཀའ་རྩོམ་དུ་ (༦) ལུགས་འདི་ལ་ལམ་གསུམ་པ་ཞེས་ཀྱང་བརྗོད། རྒྱུ་མཚན་ནི། ཆོས་ལུགས་ལ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མི་ལེན་གྱི་སྡེ་གཉིས་ཕྱེ་ཞིང་། གཉི་གའི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་ཀྱི་རྣམ་གཞག་གོང་དུ་ཕུད་རྗེས། ཆོས་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་དག་ལ་ཐུན་མོང་དུ་གྱུར་པའི་བཟང་སྤྱོད་ཀྱི་ཕྱོགས་རྣམས་བྱེ་བྲག་ཏུ་དབྱེ་བས། ‘ལམ་གསུམ་པ’ ཞེས་འབོད་པ་འདི་བྱུང་ངོ་། །ནང་པ་ཞིག་གི་ངོས་ནས་བལྟས་ན། བཟང་སྤྱོད་གོང་སྤེལ་ལ་ནང་ཆོས་སློབ་གཉེར་དང་ཉམས་ལེན་ལས་ལྷག་པའི་ལམ་གཞན་གང་ཡང་མེད་དེ། ནང་ཆོས་སུ་བྱམས་སྙིང་རྗེའི་དགོས་པ་ཙམ་དུ་མ་ཟད་ཉིང་དགོས་དང་། དེ་སྐྱེད་བྱེད་ཀྱི་ཐབས་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེ། ད་དུང་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། ཏིང་ངེ་འཛིན་གྱི་སྒོ་ཤིན་ཏུ་མང་པོ་སོགས་ཆོས་ལུགས་གཞན་ལ་མིང་ཙམ་ཡང་མ་གྲགས་པ་མང་པོ་བསྟན་ལ། ཐམས་ཅད་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གཞོལ་བ་འབའ་ཞིག་རེད། རྣམ་གཞག་འདི་དག་ལ་མ་བསྟེན་ན་བྱམས་སྙིང་རྗེ་ཡི་བློ་ཚད་དུ་ལོངས་པ་ཞིག་གསར་དུ་བསྐྱེད་རྒྱུ་ནི་སླ་བའི་ལས་ཤིག་རྩ་ནས་མིན། ནང་ཆོས་ནི་ཐམས་ཅད་ཚང་བའི་ལུས་ལྟ་བུ་དང་། ཆོས་ལ་མ་ལྟོས་པའི་བཟང་སྤྱོད་ནི་དེའི་ཡན་ལག་ལས་ཀྱང་ཉིང་ལག་ལྟ་བུའོ།།

༢ གཅིག་ཉིད་ཀྱི་འདུ་ཤེས། འགྲོ་བ་མིའི་རིགས་ཡོད་དོ་ཅོག་གི་རྒྱུད་ལ་གཅིག་ཉིད་ཀྱི་འདུ་ཤེས་(Oneness) དང་ལྡན་པ་བྱུང་ཚེ། མི་རང་གིས་བསླངས་པའི་དཀའ་རྙོག་སྟེ། ཆོས་ལུགས་མི་འདྲ་བ་དང་། མི་རིགས་དང་། ལུང་ཚན། རིགས་རུས་སོགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ། ཕན་ཚུན་གསོད་རེས་རྨས་རེས་ཀྱི་སྤྱོད་ངན་འདི་དག་རྩོམ་མི་སྲིད་པ་ཡིན། འོ་ན་གཅིག་ཉིད་ཀྱི་འདུ་ཤེས་དེ་གང་ཞེ་ན། རིམ་པ་གསུམ་དུ་ཤེས་པར་བྱ་སྟེ། སེམས་ཅན་གཅིག་གི་འདུ་ཤེས་དང་། འཛམ་གླིང་གཅིག་གི་འདུ་ཤེས། མི་རིགས་གཅིག་གི་འདུ་ཤེས་སོ།།

༡ སེམས་ཅན་གཅིག་གི་འདུ་ཤེས། དབུགས་ཐོགས་ཤིག་ཡིན་ཕྱིན། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན། གཏན་ཚིགས་ནི་སྐྱེ་འགྲོར་གཏོགས་སོ་ཅོག་ཚོར་བ་སིམ་གདུང་བར་མ་གསུམ་གྱིས་བསྡུས་པས་སམ་ཡང་ན་ནི་རྒྱུ་མཚན་བཤད་དུ་མེད་དེ་རང་བཞིན་ནམ་ངང་ངམ་ཤུགས་ཀྱིས་དེ་ལྟར་དུའོ། །དེའི་ཕྱིར་བདེ་སྐྱིད་ནི་སྐྱེ་འགྲོ་ཡོངས་ལ་ཡོད་འོས་ཤིང་སྒྲུབ་པའི་ཐོབ་ཐང་ཡང་ཀུན་ལ་འདྲ་མཉམ་དུ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཐ་ན་གྲོག་སྦུར་ཡན་གྱི་འགྲོ་བ་ཡིན་ནོ་ཅོག་ལ་མཉམ་པ་ཉིད་དམ་གཅིག་གྱུར་གྱི་འདུ་ཤེས་བསྐྱེད་རྒྱུ་དེ་རེད། དཔེར་ན། སྤྱོད་འཇུག་ཏུ། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །ཅི་ཕྱིར་བདག་གཅིག་བདེ་བར་རྩོམ། །གང་ཚེ་བདག་དང་གཞན་གཉི་ག །སྡུག་བསྔལ་མི་འདོད་མཚུངས་པ་ལ། །ཅི་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་གསུངས་པ་སོགས། ནང་བསྟན་ན་འགྲོ་ཀུན་མཉམ་ཉིད་དུ་སྒྲུབ་པའི་རིགས་ལམ་རྒྱ་ཆེར་ཡོད་པ་རྣམས་ལ་བསླབ་པར་བྱའོ། །དེ་ལྟར་ན་ཆོས་ལ་མ་ལྟོས་པ་ནས་བུད་དོ་ཞེ་ན། བཤད་ཟིན་ལྟར། ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་རྣམས་འཇིག་རྟེན་ཀུན་ཁྱབ་སྟེ། དེང་གི་བསམ་པའི་ཤེས་ཡོན་གྱི་སྟོང་ཆ་སྐོང་བ་ལ་རིན་པོ་ཆེའི་གཏེར་དུ་ཤེས་པར་བྱའོ།།

༢ འཛམ་གླིང་གཅིག་གི་འདུ་ཤེས། མི་ཕལ་མོ་ཆེ་འཇིག་རྟེན་སྟེང་སྐྱེས་ཤིང་འཚར་ལ་ལོངས་ཤིང་རྒས་པའི་བརྒྱུད་རིམ་ཁྲོད། མི་ཚེའི་ལྟ་ཚུལ་དང་དེའི་བག་ཆགས་མང་པོ་ཞིག་ཁོར་ཡུག་གིས་བསྐྲུན་པ་ལས་དེ་ལ་རྒྱབ་རྟེན་ཚད་མ་ཅི་ཡང་མེད། དཔེར་ན། ཡུལ་སྡེ་གཞན་ལ་འགྲོ་མ་མྱོང་བའི་བྱིས་པ་ལོ་ཆུང་གི་དུས་ན། ཐོག་མར་རང་ཁྱིམ་དང་། རིམ་པས་གཉེན་ཚན། དེ་ནས་ཚོ་ཁག་བཅས་སུ་རིམ་པ་རིམ་པར་ཕྱོགས་འཛིན་གྱི་བློ་སྐྱེའོ། །ནར་སོན་ཏེ་ཅུང་རྒྱ་ཆེ་བའི་རྫོང་ལྟ་བུ་ཞིག་ཏུ་སླེབས་ན། ཁྱིམ་མི་དང་གཉེན་ཉེ། ཚོ་བ་དག་ལ་ཕྱོགས་ཞེན་གྱི་བློ་དེ་བག་ལ་ཞ་སྟེ། རང་གང་ནས་ཡོང་བའི་གྲོང་སྡེ་ཧྲིལ་པོ་རང་ཕྱོགས་སུ་འཛིན་པའི་བསམ་བློ་སྐྱེ་འོང་། དེ་བཞིན་དུ་ཞིང་ཆེན་དང་། རྒྱལ་ས། དེ་ནས་ཀྱང་ཕྱིའི་རྒྱལ་ཁབ་ཏུ་སླེབས་ན། རིམ་པ་རིམ་པར་གྲོང་སྡེ་དང་། རྫོང་དང་། ཞིང་ཆེན་རྣམས་ནི་གཅིག་ལས་གཅིག་བློ་ཡི་ཡུལ་ནས་ཆུང་ནས་ཆུང་དུ་སོང་སྟེ། ཞེན་ཁོག་གམ་ཕྱོགས་འཛིན་བྱ་རིན་མེད་པ་ཞིག་ཏུ་ཚོར་འོང་ལ། དེ་ལྟ་བུའི་བསམ་པ་ནི་བློ་ཆུང་དུ་གོའོ། །ད་དུང་ང་ཚོས་འཇིག་རྟེན་གཞན་ཞིག་རྙེད་ཅིང་དེ་གར་དངོས་སུ་སླེབས་པའི་དབང་དུ་བཏང་ན་ད་གཟོད་རྒྱལ་ཁབ་ཕྱོགས་འཛིན་གྱི་བློ་དེ་ཡང་དེ་བཞིན་བློ་ཆུང་དུ་མཐོང་རྒྱུར་གོར་མ་ཆག་གོ །དེས་ན་ང་ཚོའི་ལུས་པོ་གང་ལ་གནས་ཀྱང་རུང་། ཤེས་རབ་ཀྱི་འགྲུལ་བཞུད་དེ་གྲོང་སྡེ་ནས་གྲོང་བརྡལ་དང་། རྫོང་ནས་ཞིང་ཆེན། (མངའ་སྡེའང་) ཞིང་ཆེན་ནས་རྒྱལ་ས། རྒྱལ་ས་ནས་གཞན་གྱི་རྒྱལ་ཁབ། རྒྱལ་ཁབ་གཞན་ནས་ཀྱང་འཇིག་རྟེན་གཞན་བརྒལ་དགོས། དེ་ལྟར་བྱས་ན། ད་གཟོད་ལུང་ཚན་ཆུང་ཆུང་ཞིག་ཕྱོགས་སུ་འཛིན་པའི་བློ་འདི་གུ་དོག་བྱབ་ཆུང་གི་རང་བཞིན་དུ་མཐོང་རྟིང་། ང་ཚོ་དང་ཁྱོད་ཚོར་འབྱེད་པའི་བློ་ཤེད་ཀྱི་རྒྱ་རལ་ཏེ། འཛམ་གླིང་ཁྱིམ་ཚང་གཅིག་གི་འདུ་ཤེས་ཀྱི་འོག་ཏུ་མཛའ་བརྩེ་ཡི་རྩ་བ་ཚུགས་པར་འགྱུར་རོ།།

༣ མིའི་རིགས་གཅིག་གི་འདུ་ཤེས། དགེ་འདུན་ཆོས་འཕེལ་གྱིས། མི་ལ་གཙང་བཙོག་མང་དུ་ཕྱེ་བ་དེཕུགས་སུ་བརྟགས་ན་མུ་སྟེགས་ཆོས་ལུགས་ཡིན་ཅེས་གསུངས་པ་ལྟར། མིའི་རིགས་ལ་མཐོ་དམན་དང་བཟང་ངན། གཙང་བཙོག་སོགས་སུ་ལྟ་བའི་ལྟ་བ་འདི་ནི། དོན་དངོས་པོའི་གནས་ལུགས་སུ་མ་ཞུགས་པའི་བློ་གུ་དོག་ཅིང་སྒྲོ་སྐུར་གྱི་རང་བཞིན་ཅན་ཞིག་རེད།

སྤྱོད་པ་ཉམས་ན་རིགས་དོན་མེད་ཅེས་པའི་གསུང་སྲོལ་ལྟར། མིའི་ཁྱད་ནི་སྤྱོད་པས་འཇལ་ན། སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་རུང་། མི་བཟང་ངན་གཉི་ག་འཆར་ཅན་དུ་མཐོང་རྒྱུ་ཡོད། བོད་པར་མཚོན་ན། གཞན་རིགས་ཀྱི་གནའ་དེང་གི་སྤྱི་ཚོགས་སུ་ཡ་ང་བའི་དོན་རྐྱེན་བསམ་མི་བཟོད་པ་མང་པོ་བྱུང་དང་འབྱུང་བཞིན་པ་མཐོང་ཐོས་ཀྱི་སྐབས་ན། ཧང་སང་བཞིན་རིགས་དེ་དང་དེ་ཞེས་དམན་པར་ལྟ་ཞིང་། རང་རིགས་ནི་བསམ་བཟང་སྤྱོད་གཙང་དུ་ཁས་འཆེ་ལ། རང་བཀུར་གྱི་གཙུག་ཏོར་བཞེངས་མོད། རང་ཕྱོགས་ཀྱི་བྱུང་འདས་ལ་རགས་བལྟ་ཙམ་བྱས་ན། བོད་དུ་མུ་སྟེགས་པ་ཞེ་ན། ངན་ནག་གི་མཐིལ་དུ་ལྟ་མོད། བོད་ལྷོ་བྲག་ཕྱོགས་དང་། བལ་པོའི་བོད་མཚམས། འབྲུག་གི་ས་ཕྱོགས་ལ་ལར་མི་ལ་དུག་དྲངས་ཏེ་གསོད་པ་བསོད་ནམས་སུ་འདོད་པའི་ཆོ་ག་ད་ལྟར་ཡང་ཡོད་ན། དེ་ལས་སྡུག་པའི་ཆོས་ལོག་གཞན་ཅི་དགོས། དེས་ན་རིག་གཞུང་དང་ཆབ་སྲིད་ཀྱི་རླུང་བུ་ལྡིང་ཕྱོགས་ཤིག་གམ། རྒྱུ་རྐྱེན་འཕྲད་མ་འཕྲད་དབང་གིས་ཡག་སྡུག་སྣ་ཚོགས་པའི་ཁྱད་པར་གནས་སྐབས་རེ་ཤོར་པ་ལས་རིགས་ཀྱིས་བྱས་པ་ཞིག་རྩ་ནས་མ་རེད་ལ། འཇིག་རྟེན་འདིར་རིགས་ཤིག་ངན་ནམ་བཟང་པོར་སྒྲུབ་པའི་གཏན་ཚིགས་ཡང་དག་ཅིག་རུས་སྦལ་གྱི་སྤུ་ཡིན་ནོསངས་རྒྱས་ཀྱིས། ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ། ཞེས་གསུངས་ཤིང་། འཕགས་པ་ཀཱ་ཏྱཱ་ཡ་ན་ལྟ་བུ་འབྲེག་མཁན་གྱི་རིགས་ཀྱང་ཀུན་ཀྱིས་བཀུར་བའི་ཁྲི་འཕང་མཐོན་པོར་བཞུགས་སུ་གསོལ་བའི་ལོ་རྒྱུས་ཡོད་མོད། རང་རེའི་ཧི་མ་ལ་ཡའི་ཡུལ་ལུང་ཁ་ཅིག་ན་ད་ཆར་ཡང་རིགས་རུས་ཆེ་ཐང་དུ་བརྩི་བའི་སྲོལ་འདུག་པ་ནི། སྟོན་པའི་ལུང་དང་རང་གི་རིགས་པ་གཉིས་ཆ་དང་འགལ་ཞིང་། དགེ་སྐྱོན་གྱི་ཐད་ནས། ཅི་ཙམ་གྱིས་གཞན་རིས་སུ་གཅོད་ཅིང་མི་དགའ་བ་དང་མཐོང་ཆུང་གི་བློ་ཡོད་ན། དེ་ཙམ་གྱིས་གཞན་ཡང་རང་ལ་མི་དགའ་བ་དང་འཁོན་འཛིན་གྱི་བློ་སྐྱེ་རྒྱུ་ངེས་བརྟེན་ཡིན་པས། དེ་ནི་ཞི་བདེ་ཡི་དགྲ་བོ་ངོ་མའོ།།

སྐྱེ་བོ་རྣམས་ཇི་ཙམ་གྱིས་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པ་དེ་ཙམ་གྱིས་རང་རིགས་མཆོག་འཛིན་དང་གཞན་རིགས་དམན་འབྱེད་ཀྱི་བློ་ཉི་ཚེ་བ་རྣམས་ཆུང་ནས་ཆུང་དུ་འགྱུར་རྒྱུ་ཡིན། དཔེར་ན། དགེ་ཆོས་མཆོག་རྒྱལ་ཁམས་ཕྱོགས་མེད་འགྲིམས་ཤིང་མཐོང་ཐོས་ཀྱི་མཛོད་དུ་གྱུར་རྗེས།

པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་། །ཕ་རོལ་རིགས་མི་མཐུན་ལ་སྡང་བ་སོགས། །བ་ལང་དང་ནི་རང་རེ་མི་རྣམས་ཀྱི། །མ་དག་སེམས་ཀྱི་རྒྱུད་དག་གཅིག་པུར་མཐོང་།།

ཞེས་སྡོམ་ཚིག་བརྒྱབ་ཡོད། གསོ་བཅོས་ཡོ་བྱད་དང་། སྐྱེ་དངོས་སྦྱར་བྱུང་གི་སྨན་སྣ། ཉི་མའི་གློག་ནུས་སོགས་སྣོད་བཅུད་ལ་ཕན་ལས་གནོད་མེད་པའི་ཐོན་སྐྱེད་རྣམས་ཀྱང་བདེ་སྐྱིད་ཀྱི་རྒྱུ་ཡིན་པས་དེའི་རིགས་ཀྱང་དར་སྤེལ་བྱ་དགོས་ལ། དེ་རྣམས་ཀྱང་མཐར་གཏུགས་ན་སྐྱེ་བོ་རེ་རེ་བའི་སེམས་རྒྱུད་ཀྱི་བཟང་སྤྱོད་སྔོན་སོང་ལས་འབྱུང་ན། སེམས་པའི་དཔལ་ཡོན་ནི་མཐར་ཐུག་གི་ལྡེ་མིག་ཡིན་ཏེ་རྒྱ་ཆེར་སྤེལ་དགོས་སོ།།

དེ་ཡང་༸གོང་ས་ཆེན་པོའི་ཞལ་ནས། (༧) ཕྱི་དངོས་པོའི་ཚན་རིག་གི་ཐད་ནས་བསྡུར་ན། ནང་བསྟན་གྱི་དེ་དག་སྔོན་འགྲོའི་སློབ་ཕྲུག་གི་སློབ་ཚན་གྱི་ཚད་ན་ཡོད། སེམས་ཁམས་རིག་པའི་སྐོར་ནས་བསྡུར་ན། ནུབ་ཕྱོགས་པ་སྔོན་འགྲོ་སློབ་ཕྲུག་གི་ཚད་ན་ཡོད། ཅེས་དང་། དེང་སང་མིས་བསླངས་པའི་དཀའ་རྙོག་ཧ་ཅང་མང་པོས་ཁེངས་ཡོད། རྙོག་གྲ་བཟོ་མཁན་ཕལ་མོ་ཆེ་ཤེས་ཡོན་མཐོ་བོ་ཡོད་མཁན། ཀླད་པ་བཀྲ་བའི་མི་རྣམས་རེད། འདིས་དེང་གི་ཤེས་ཡོན་གྱིས་བདེ་སྐྱིད་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་མེད་པ་གསལ་པོ་རེད། ཅེས་དང་། སེམས་ཁམས་རིག་པའི་སྐོར་ནས་ནང་བསྟན་ཐེ་བའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཆེས་ཕྱུག་པོ་ཡིན་པར་བརྟེན། ང་ཚོས་དེ་ནས་བླངས་ཏེ། སྔོན་འགྲོ་ནས་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ཀྱི་བློ་ཡི་འཇུག་པ་དང་མཐུན་པར་སློབ་ཚན་བསྒྲིགས་ཏེ། སློབ་གསོ་ཡི་རྒྱ་བསྐྱེད་དགོས། ཞེས་ལམ་སྟོན་གནང་བཞིན་པ་ལྟར་ལག་བསྟར་བྱའོ།།

བསྡུས་དོན།

འདས་པའི་སྤྱི་ཚོགས་ཀྱིས་དངོས་པོའི་དཔལ་ཡོན་འབའ་ཞིག་གཙིགས་སུ་བཟུང་སྟེ་ཐོབ་སྙེག་བྱས་པའི་རྗེས་འབྲས་སུ། སྣོད་བཅུད་གཉིས་ཆར་ནས་ཆགས་འཇིགས་སྣ་ཚོགས་ཀྱི་མཚོ་རྡོལ་བ་འདི་བྱུང་ན། ད་ནི་འདང་ངེས་མེད་པའི་ད་ཡོད་ཤེས་ཡོན་ལམ་ལུགས་ཀྱི་སྟོང་ཆའི་ནང་དུ། བསམ་པའི་དཔལ་ཡོན་གྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱ་དགོས་སོ། །མདོར་ན་ང་ཚོས་འཛམ་གླིང་གི་ཁ་ལོ་ཆ་ཚང་བའི་ཤེས་ཡོན་ནམ་ཤེས་རྟོགས་ཀྱིས་བསྒྱུར་ཏེ། དུས་རབས་ཉེར་གཅིག་པའི་མི་ཟེར་ན། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཅན་གྱི་མི་ཞིག བཟང་སྤྱོད་ཕུན་སུམ་ཚོགས་པའི་མི་ཞིག གཅིག་ཉིད་ཀྱི་འདུ་ཤེས་ཅན་གྱི་མི་ཞིག མཐོང་བ་ཆ་ཚང་ (Holistic) གི་མི་ཞིག ཀླད་པ་བཀྲ་བོ་དང་སེམས་ཁམས་དྲོན་མོ་ཟུང་འཛོམས་ཀྱི་མི་ཞིག་ཏུ་སྨིན་པར་བྱའོ།།

ལུང་ཁུངས་འགའ།

(༡) ཕྱི་ལུགས་ ༢༠༡༣ ལོར་ (Sydney University) ནང་དུ་ (Education Matters) ཞེས་པའི་བརྗོད་གཞིའི་སྟེང་གནང་བའི་གསུང་བཤད་དུ་གསལ། (༢) གྲོང་ཁྱེར་བྷོམ་བྷེའི་(Ancient Wisdom, Modern Thoughts) ཞེས་པའི་བརྗོད་གཞིའི་ཐོག་གནང་བའི་གསུང་བཤད་དུ་གསལ། (༣) གསུང་འགྱུར་ཕྱོགས་བསྒྲིགས་༼སེམས་ཀྱི་ཞི་བདེ།༽ རུ་གསལ། (༤) ཕྱི་ལུགས་ ༢༠༡༤ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་ཏུམ་ཀུར་གཙུག་ལག་སློབ་ཆེན་དུ། (Tumkur University Ethics in the New Millennium) ཅེས་པའི་བརྗོད་གཞིའི་སྟེང་གནང་བའི་གསུང་བཤད་དུ་གསལ། (༥) ཨ་རིའི་ (Ekchart Tolle ) ཚོམས་ཆེན་དུ་ (Beyond religion, ethics for a whole world)  ཅེས་པའི་བརྗོད་གཞིའི་སྟེང་གནང་བའི་བཀའ་སློབ་ཏུ་གསལ། (༦) ༸གོང་ས་ཆེན་པོའི་ལྗགས་རྩོམ་ (Beyond religion, ethics for a whole world) ལས། (༧) (British Columbia University Heart-Mind) ཅེས་པའི་བརྗོད་གཞིའི་སྟེང་གི་གསུང་བཤད་དུ་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།