111

བརྗེད་མི་སྲིད་པའི་ཕ་ཡུལ།

ལོ་རིམ་གསུམ་པའི་སློབ་གཉེར་བ། ཀརྨ་དར་རྒྱས།

དགུང་ལ་ཐུག་པའི་གཡའ་གངས་བརྗིད་པའི་རིའི།།
རྩེ་ནས་བཞུར་བའི་དྭངས་གཙང་ཁ་བའི་ཆུ།།
དུ་དྲིས་མ་འགོས་འབྱུང་ཁམས་བདེ་བའི་རླུང་།།
མ་བཅོས་རང་བྱུང་ལྷུན་གྲུབ་ཕ་ཡུལ་མཛེས།།

དཔྱིད་ཀའི་ཨ་སྔོན་དྭངས་མའི་མེ་ལོང་བཞིན།།
ཤིན་ཏུ་གསལ་ཞིང་དྲི་མས་ཡོངས་མ་སྦགས།།
ཁ་བའི་བཞུར་རྒྱུན་དྭངས་མའི་བདུད་རྩི་ཉིད།།
ཞིམ་ཞིང་མངར་བས་འཐུང་ཞིང་འཐུང་ཞིང་བརྩེ།།

བསིལ་རླུང་འཇམ་པའི་དཔྱིད་ཀྱི་དཔལ་མོ་དེས།།
འབུས་ཤིང་རྒྱས་པ་ས་གཞིའི་སྔོ་ལྗང་འདི།།
གཡུ་ཞུན་སྔོན་མོ་ཐང་མར་བདལ་བའམ།།
འདི་འདྲ་གཞན་ཞིག་གླིང་འདིར་ཡོད་དམ་ཅི།།

རྩྭ་ཐང་ལྗང་ཁུའི་སྟེང་གི་ལུག་ཁྱུ་ནི།།
ནམ་མཁའི་སྐར་ཚོགས་ས་ལ་འཕོས་པའམ།།
ལུག་རྫི་བུ་མོའི་འཛུམ་པའི་བཞིན་རས་ནི།།
པད་དཀར་འདབ་ལོ་བཞད་མ་ཐག་པ་འདྲ།།

ཅི་འདི་སྐྱེ་སའི་ཕ་ཡུལ་དོག་མོ་རུ།།
གསེར་གྱི་རྡུལ་ཕྲན་སྤུངས་པའི་རི་ཡིན་ནམ།།
འོན་ཏེ་རི་མོ་མཁན་གྱི་སྒྱུ་རྩལ་ལས།།
འཕོས་པའི་མཛེས་བཀོད་གང་ཡིན་འཕྱང་མོ་ཉུག།།

མིག་གིས་མཐོང་བ་ཙམ་གྱིས་སེམས་ལ་མཛའ།།
མཚམས་སྤྲིན་ཟུར་ནས་ཉི་ཟེར་ཕོག་པའི་རི།།
པིར་བཟུང་མཁན་པོས་དཔེ་རུ་བླང་བྱ་བ།།
མ་བཅོས་རང་བྱུང་ཕ་ཡུལ་མཛེས་པའི་ཕུད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།