བྱ་བའི་གནད་འགག

ལོ་རིམ་དྲུག་པའི་སློབ་གཉེར་བ། བདེ་ཆེན་ཆོས་འཕེལ།

སྔོན་དུས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་པོ་ཤྲཱི་རཱ་མ་ཨཱ་ཅརྱ་ (Sri Ram Acharya) ཟེར་བ་ཞིག་ཡོད་པ་རེད། ཉིན་གཅིག་རྒྱལ་པོས་གྲོང་གསེབ་པ་རྣམས་ཀྱི་སྐོར་ཤེས་འདོད་ཆེན་པོ་བྱུང་བས་སྐུ་འཁོར་འགའ་ཞིག་བོས་ནས་ “ང་ཡི་གྲོང་གསེབ་ནང་དུ་བྱ་བའི་གནད་འགག་ཤེས་མཁན་སུ་ཡོད་ནའང་འདིར་འཁྲིད་ཤོག ཡིན་ནའང་ཁྱོད་ཚོ་སུ་དང་ཐུག་ཀྱང་ངའི་བཀའ་ཡིན་པ་གཞན་གྱིས་མ་ཤེས་པར་གྱིས” ཞེས་བཀའ་གནང་།

སྐུ་འཁོར་རྣམས་ཀྱིས་རྒྱལ་པོའི་བཀའ་དོན་ལེགས་པར་མ་རྟོགས་ནས་ལོག དེར་བརྟེན་དགོང་མོར་སྐུ་འཁོར་རྣམས་ཀྱིས་གང་འདྲ་བྱེད་དགོས་པའི་སྐོར་ཕན་ཚུན་བསམ་ཚུལ་ཤོད་རེས་བྱེད་པའི་སྐབས་སྐུ་ཞབས་ར་གྷུའི་ (Raghu ཞེས་པ་སྐུ་འཁོར་ནང་ནས་སྤྱང་ཤོས་གཅིག་རེད།) བསམ་ཚུལ་ཚོགས་མི་ཡོངས་ཀྱི་ནང་ནས་ཡག་ཤོས་ཡིན་པར་ཀུན་ཀྱིས་མོས་མཐུན་ཆེན་པོ་བྱས་ཤིང་། ཉིན་གཉིས་པའི་ཞོགས་པར་ཁོང་རྣམ་པས་ཚོ་ཁག་རུ་སྡེའི་གོས་གྱོན་ནས་ཤིང་རྟར་བཞོན་ཏེ་གྲོང་གསེབ་ལ་ཕྱིན།

ཐོག་མར་ཤིང་མཁན་ཞིག་ཤིང་གཅོད་བཞིན་པ་མཐོང་ནས་ “རྒན་ལགས། ཁྱོད་རང་བྱ་བ་འདི་ལ་བྱེད་འདོད་ཀྱི་སྤྲོ་བ་ཡོད་དམ།” ཞེས་དྲིས་པས།

ཤིང་མཁན་གྱིས། “མེད། ངའི་བྱ་བ་འདི་ང་ཚོའི་ཕ་མེས་ནས་བརྒྱུད་པའི་བྱ་བ་ཡིན་པ་དང་། ད་ལྟའི་ནང་མི་རྣམས་ཀྱིས་ཨུ་ཚུགས་བྱས་པར་བརྟེན་མི་བྱེད་ཐབས་མེད་ཆགས་པ་རེད་”ཅེས་ལན་བཏབ། དེ་ནས་སྐུ་འཁོར་རྣམས་ཀྱིས་ཤིང་མཁན་ལ་བདེ་མོར་བཞུགས་ཨ་གསུངས་ཏེ་བུད།

ཅང་མ་འགོར་བར་སྐུ་འཁོར་རྣམས་ཀྱིས་ཕོར་སྣོད་སོགས་འཁྲུད་མཁན་ཁྲོ་གཉེར་ཅན་ཞིག་མཐོང་བ་དང་། ཁོང་ལ་སྐད་ཆ་དྲི་རྒྱུའི་ཐག་གཅོད་བྱས་ཏེ་སྐུ་འཁོར་གཅིག་གིས་ “རྒན་ལགས། ངེད་རྣམས་རྒྱ་གར་ཤར་ཕྱོགས་ནས་འདི་གར་བཞུགས་ཡོད་པའི་གྲོགས་པོ་ར་མ་ (Rama) ཞེས་པ་ཐུག་ཏུ་ཡོང་བ་ཡིན། ཡིན་ནའང་ས་ཕྱོགས་འདིར་གསར་པ་ཡིན་པས་རྒྱུས་མེད། ཁྱོད་ཀྱིས་ཁོང་ག་པ་ཕྱོགས་ལ་ཡོད་མེད་ལམ་ཁ་ཞིག་སྟོན་རོགས་” ཞུས་པས། སྣོད་འཁྲུད་མཁན་གྱིས་ཁྲོ་བའི་རྣམ་འགྱུར་དང་བཅས་”ཁྱོད་ཚོ་སྨྱོན་པ་ཡིན་ནམ། ངས་ག་རེ་བྱེད་བཞིན་ཡོད་པ་ཁྱོད་ཚོའི་མིག་གིས་མཐོང་གི་མི་འདུག་གམ། ངས་ཤེས་ཡོན་གྱིས་ཕོངས་པའི་ལྐུག་རྟགས་ཀྱི་བྱ་བ་ཞིག་བྱེད་ཀྱིན་ཡོད།” ཅེས་ལན་བརྒྱབ།

དེར་སྐུ་འཁོར་གཅིག་གིས་ “རྒན་ལགས། ཁྱོད་རང་བྱ་བ་འདི་ལ་སྤྲོ་བ་ཡོད་དམ།” ཞེས་དྲིས། འཁྲུད་མཁན་གྱིས”་བྱེད་འདོད་མེད་ཀྱང་ངས་ཆུང་དུས་ཕ་མ་གཉིས་ཀྱི་ཁ་ལ་མ་ཉན་པར་དགོས་གལ་ཆེ་བའི་སློབ་སྦྱོང་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས་ད་ལྟ་ཕོར་སྣོད་སོགས་འཁྲུད་མཁན་ཆགས་པ་རེད། དེས་ན་ད་ལྟ་ནང་མི་རྣམས་ཀྱི་ཁ་ཕོར་གསོ་བའི་ཆེད་དུ་བྱ་བ་འདི་དང་འབྲལ་ཐབས་གཏན་ནས་མི་འདུག”ཅེས་ལན་བརྒྱབ། སྐུ་འཁོར་རྣམས་ཀྱིས་ “སུན་པོ་བཟོས་སོང་དགོངས་འགལ་མེད་པར་བྱོས།”ཞེས་གསུངས་ནས་ཕྱིན།

སྐུ་འཁོར་རྣམས་ཀྱིས་གྲོང་གསེབ་འདིའི་ནང་དུ་བྱ་བའི་གནད་འགག་ཤེས་མཁན་སུ་ཡང་མ་རྙེད་པས། ང་ཚོས་རྒྱལ་པོའི་བཀའ་སྒྲུབ་ཐུབ་ཐབས་མི་འདུག་པས་རྒྱལ་པོ་མཆོག་ལ་འཕྲིན་ཡིག་ཕུལ་དགོས་ཀྱི་འདུག་ཟེར་བ་དང་།

གློ་བུར་དུ་ཁང་པ་ཆུང་ཆུང་གཅིག་གི་ནང་དུ་ཡང་ལཱ་ལྔ་དང་སྒྲོན་མེ་གསུམ་སྦར་ཏེ། སྐྱེས་པ་གཅིག་གིས་སློབ་ཁྲིད་གནང་བཞིན་པ་མཐོང་བས། སྐུ་འཁོར་གཅིག་གིས་”འདི་སློབ་གྲྭ་རེད་འདུག་”ཅེས་བརྗོད།

སྐུ་འཁོར་རྣམས་ཁང་ཆུང་དེའི་ནང་དུ་ཕྱིན་ཏེ་སྔར་ལྟར་དྲི་བ་དྲིས་པ་རེད། སློབ་ཁྲིད་མཁན་གྱིས་ “ང་རང་བྱ་བ་འདི་བྱེད་འདོད་ཆེན་པོ་ཡོད་པ་མ་ཟད་བྱ་བ་འདི་བྱེད་བཞིན་པའི་ཚེ་ནའང་དགའ་བ་དང་སྤྲོ་སྣང་ཆེན་པོ་འབྱུང་གིན་འདུག ཤེས་ཡོན་མེད་མཁན་དང་སློབ་ཤོར་གྱི་ཕྲུ་གུ་རྣམས་ལ་སློབ་ཁྲིད་བྱེད་དུས་རང་ཉིད་ཀྱི་འདོད་པ་ཡང་ཚིམ་གྱིན་འདུག” ཅེས་གསུངས་པ་རེད།

སྐུ་འཁོར་རྣམས་ཀྱིས་གསུང་དེ་ཐོས་པ་དང་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་ཏེ། དགེ་རྒན་དེ་ཉིད་རྒྱལ་པོའི་སྐུ་མདུན་དུ་ཁྲིད་ནས་རྒྱལ་པོ་མཆོག་ལ་བྱ་བའི་གནད་འགག་སྐོར་གསལ་བཤད་ལེགས་པར་ཞུས་པ་དང་།

རྒྱལ་པོས་བྱ་བའི་གནད་འགག་ཅེས་པ་ནི་བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར། བྱ་བ་དེ་བྱེད་འདོད་དང་སྤྲོ་སྣང་ཆེན་པོའི་ཐོག་ནས་བྱེད་དགོས་པ་ཡིན་གསུངས། དགེ་རྒན་གྱིས་དེའི་གནད་དོན་ལེགས་པར་ཤེས་ཀྱིན་ཡོད་པར་བརྟེན་རྒྱལ་པོས་བསྟོད་བསྔགས་བཏང་བར་མ་ཟད། གྲོང་གསེབ་འདི་ཡི་ནང་དགེ་རྒན་ཡག་ཤོས་ཀྱི་བྱ་དགའ་ཕུལ་ནས་སློབ་གྲྭ་ཆེན་པོ་ཞིག་འཛུགས་སྐྲུན་གནང་བ་རེད།

སྙིང་དོན་ནི་བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་གཙོ་བོ་བྱ་བ་དེ་བྱེད་འདོད་ཀྱི་སྤྲོ་སྣང་ཡོད་དགོས། མ་ཟད་བྱ་བ་དེ་ཉིད་བྱེད་ནུས་པའི་རང་ཉིད་རང་ལ་ཡིད་ཆེས་ཡོད་དགོས། ཕ་མ་སོགས་ཀྱི་ཨུ་ཚུགས་དང་འགྱོད་སྣང་དང་བཅས་པའི་བྱ་བ་ནི་ནམ་ཡང་བྱ་རྒྱུ་མེད། ལས་ཀ་ནི་ཕྱག་མཆོད་རེད།

བསྒྱུར་གཞི། དྲ་རྒྱ་ལས་ཕབ་བསྒྱུར་བྱས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།