སློབ་དཔོན། སངས་རྒྱས་མཁའ་འགྲོ།
སྐུ་གསུམ་རྒྱལ་བ་རྒྱ་མཚོའི་རང་བཞིན་གཟུགས།།
མཆོག་གསུམ་སྐྱབས་གནས་རྒྱ་མཚོ་འདུས་པའི་མགོན།།
རྩ་གསུམ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག།
དུས་གསུམ་རྒྱལ་བའི་གདུང་འཚོབ་བླ་མར་འདུད།།
གང་ཉིད་གདོད་ནས་ངོ་བོ་ཀུན་ཏུ་བཟང་།།
འཁོར་འདས་ཀུན་ཀྱི་གཞི་རྩར་བཞུགས་ན་ཡང་།།
དུས་རྐྱེན་ཐུགས་རྗེའི་རྟ་བདུན་གྱིས་དྲངས་ཏེ།།
གདུལ་བྱའི་མཁའ་ལ་གཟུགས་སྐུའི་ཉི་མ་ཤར།།
དུས་ངན་སྙིགས་མའི་རང་མདངས་ཆེར་བདོ་ཡང་།།
ཐུགས་བསྐྱེད་ཞུམ་པ་མེད་པའི་སྟོབས་བཙན་པས།།
གཞིས་བྱེས་ཀུན་ན་བསྟན་འགྲོའི་རྒུད་པ་རྣམས།།
ཅིག་ཆར་གཞིལ་བར་མཛད་པའི་ངོ་མཚར་མཐོ།།
ཁྱད་པར་ལྷོ་ཕྱོགས་ནོར་འཛིན་བུ་མོའི་ལྟོར།།
ཆོས་ཀྱི་བསྟི་གནས་རྣམ་པར་གྲོལ་བའི་གླིང་།།
མངལ་དུ་བསྐྲུན་ལས་མཁས་གྲུབ་རྒྱུ་སྐར་ཕྲེང་།།
རིས་མེད་དགོན་སྡེའི་མཁའ་ལ་ཡོངས་སུ་བརྡལ།།
དེ་ཡི་མཐུ་ལས་འོད་གསལ་རྫོགས་པ་ཆེའི།།
རྒྱལ་བསྟན་ཉི་མ་འབུམ་གྱི་འོད་ཟེར་རླབས།།
ཕྱོགས་མེད་འཛམ་གླིང་ཡོངས་ལ་ཆེར་འཕྲོ་བའང་།།
གང་གི་རྟག་ཁྱབ་ཕྲིན་ལས་ཁོ་ནའི་མཐུ།།
རྣམ་དག་སྡོམ་གསུམ་གཙང་མའི་རྒྱན་བཟང་རྩེར།།
སྣང་གསུམ་དབང་སྡུད་ནོར་བུའི་ཏོག་མཛེས་པ།།
གང་ཁྱེད་ཡོངས་རྫོགས་བསྟན་པའི་རྒྱལ་མཚན་ཆེ།།
འཛམ་གླིང་ཆེ་རྒུའི་མཁའ་ལ་མངོན་པར་བསྒྲེངས།།
རེ་ཞིག་རྟག་འཛིན་ཅན་ངོར་བུམ་སྐུའི་ཀློང་།།
ཕྱོགས་མེད་རིས་བྲལ་འོད་གསལ་བརྡལ་བའི་ངང་།།
ཐིམ་ལ་མ་མུག་དབྱིངས་སུ་གཞོལ་བ་ཡང་།།
དུས་གསུམ་རྒྱལ་བ་ཀུན་དང་མཛད་པ་གཅིག།།
སླར་ཡང་སྤྲོས་བྲལ་ཆོས་སྐུའི་མཁའ་ཀློང་ནས།།
དམིགས་མེད་མཁྱེན་བརྩེའི་ཟེར་ཕྲེང་འབུམ་དང་བཅས།།
ཞིང་འདིར་བདག་སོགས་གདུལ་བྱ་མོས་པའི་ངོར།།
མཆོག་སྤྲུལ་ཟླ་གཞོན་འཛུམ་པའི་སྐལ་བཟང་རྨད།།
ངོ་མཚར་འབུམ་གྱིས་འཁྱུད་པའི་མཛེས་པའི་སྐུ།།
བཅོས་མིན་དམ་པའི་མཛད་སྤྱོད་ཀུན་མཚུངས་པས།།
གོང་མའི་སློབ་ཚོགས་སྙིང་ལ་དབང་མེད་དུ།།
ཡིད་ཆེས་དགའ་དད་ཚད་མེད་འགུགས་པར་བྱས།།
རླབས་ཆེན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས།།
ལེགས་འོངས་དྲི་མེད་མཚན་དཔེའི་རང་འོད་ཅན།།
གྲངས་མེད་གདུལ་བྱར་འདོད་དགུ་སྟེར་བའི་མགོན།།
ཁྱེད་སྐུ་ཡིད་བཞིན་ནོར་བུ་གཙུག་གིས་མཆོད།།
ཇི་ལྟ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྫོགས།།
དམིགས་མེད་བརྩེ་བའི་འོད་ཟེར་རབ་ཏུ་གསལ།།
སྒྲིབ་པ་ཀུན་བཅོམ་ནུས་པའི་སྣང་བ་རྒྱས།།
ཁྱེད་ཐུགས་ཟླ་བས་རྣམ་ཀུན་སྐྱོངས་ཤིག་ཀྱེ།།
མོས་སྐལ་ཇི་བཞིན་སྣ་ཚོགས་ཐེག་པའི་དོན།།
མུ་མེད་འགྲོ་ལ་ལེགས་པར་འདོམས་མཛད་པ།།
ཁྱེད་གསུང་རྣམ་པ་ཀུན་ལྡན་ཚངས་པའི་དབྱངས།།
མྱུར་དུ་སྙིང་ནས་དད་པས་མཉན་པར་སྤྲོ།།