deer-group-deer-wide

རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ།

ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ།

དེ་ནས་རི་དྭགས་ཀྱི་གཙོ་བོ་འདོད་པའི་ཁྱུ་མཆོག་གིས་བགྱིས་ཏེ་རི་དྭགས་ཐམས་ཅད་ཁོའི་རྗེས་ལ་འབྲེང་བཞིན་པར་སྤང་ལྗོངས་གཡུའི་མཎྜལ་བཀོད་པ་འདྲ་བའི་ངོས་ཡངས་པར་རྒྱུ་བཞིན་པར་འདོད་པའི་རོ་ལ་རྩེ་ཞིང་དགའ་མགུར་སྤྱོད་པའི་ཚེ། དམྱལ་བ་མནར་མེད་པའི་གྲོང་ཁྱེར་ཆེན་པོར་ནི་འདུན་ཁང་བརྩིགས། དེར་བགྲོད་པ་ལ་ཤིན་ཏུ་རིངས་ཀྱང་ལས་ཀྱི་ལྷག་མ་ཅུང་ཟད་ཀྱིས་བཤོལ་བཏབ་པའི་རྔོན་པ་རྒན་པོ། སྐྱེ་བ་མང་པོ་ལ་ཁྲ་སྤྱང་གི་སྲིད་པ་བརྒྱུད་མར་བཟུང་བའི་བག་ཆགས་བརྟས་པ་ལས། བསོད་ནམས་མ་ཡིན་པའི་བྱ་བ་ལ་ཤིན་ཏུ་དཔའ་ཞིང་འཆིང་བ་རྣམ་པ་ལྔའི་སྐ་རགས་ཀྱིས་དམ་དུ་བཅིངས་པ་ཞིག་ཡོད་པ་དེ་གཉིད་དུ་སོང་བའི་རྨི་ལམ་ན། སྤངས་ལྗོངས་གསེར་གྱི་བྱེ་མ་བརྡལ་བ་འདྲ་བ་ལ། རི་དྭགས་དཔག་ཏུ་མེད་པ་རྩེ་ཞིང་དགའ་མགུར་སྤྱོད་པའི་དབུས་སུ་རྔོན་པ་རང་ཉིད་སྡུག་བསྔལ་གསུམ་གྱི་གླུ་ལ་སྦྱར་བའི་གླིང་བུ་འབུད་ཀྱིན་འདུག་པ་ལ། རི་དྭགས་རྣམས་གླིང་བུའི་སྒྲ་དེ་ཉན་དུ་ལྷགས་ནས་ཇེ་ཉེར་སོང་བ་ཞིག་རྨིས་སོ།།

དེར་ཁོ་གཉིད་ལས་སད་པའི་ཤེས་པ་སྐད་ཅིག་མར་ད་ཅིའི་རྨི་ལམ་དྲན་ནས། འཁོར་བའི་ས་བོན་བློ་མང་གྱ་གྱུའི་འདུ་ཤེས་གྲུང་པོས་ཉོན་མོངས་པའི་ཡིད་བསྐུལ་ཏེ། མལ་ནས་ནི་ལངས། མདའ་གཞུ་ཞགས་པ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་སྟ་གོན་དུ་བྱས། རང་དང་ལས་མཐུན་པའི་ཤ་ཁྱི་མི་སྡུག་པའི་གཟུགས་བརྙན་དུག་གི་མཆེ་བ་དང་ལྡན་པ་མང་དག་ཅིག་ཁྲིད་ནས་ལྗོངས་རྒྱུ་བཞིན་པར་ལུང་པའི་ཕུ་ན་ཡར་སོང་བ་ལས། རྨི་ལམ་གྱི་བཀོད་པ་ཇི་ལྟ་བ་བཞིན་སྤང་གཤོངས་གསེར་གྱི་བྱེ་མ་བརྡལ་བ་འདྲ་བ་ལ་རི་དྭགས་སྡུག་གུ་མང་པོ་གྱ་གྱུར་རྩེ་ཞིང་བག་ཕེབས་པའི་ཚུལ་གྱིས་འདུག་པ་མཐོང་ངོ་། །དེར་ཁོས་ཤ་ཁྱི་དང་ལག་ཆ་རྣམས་རི་སུལ་དུ་སྦས། ཕྱུགས་རྫི་རྒན་པོ་ཕྱུགས་སྟོར་བ་འཚོལ་དུ་ཕྱིན་པ་ལས། མ་རྙེད་པར་འཁྱགས་ལྟོགས་སྐོམ་གསུམ་འཛོམས་པའི་རྣམ་འགྱུར་ཅན་ཞིག་ཏུ་བརྫུས་ནས་རི་དྭགས་རྣམས་དང་ཇེ་ཉེར་སོང་བ་ན།

རི་དྭགས་ཀྱི་གཙོ་བོ་འདོད་པའི་ཁྱུ་མཆོག་གིས་མཐོང་ནས་སྨྲས་པ། ཀྱེ་མ་རི་དྭགས་ཀྱི་ཚོགས་རྣམས་སྙན་གསོན་ཅིིག །ཐོ་ཡོར་གཟུགས་ལ་གོམ་པའི་འདེགས་འཇོག་ཅན། །མི་མིན་འདྲེ་མིན་ཐེ་ཚོམ་ཅན་གྱི་གཟུགས། །འདི་འདྲ་མཐོང་བས་ཁོ་བོའི་སེམས་མ་དགའ། །འོན་ཏེ་རྔོན་པ་ཡིན་པར་མི་སྲིད་དེ། །རྔོན་པ་ཡིན་ན་གནམ་རུའི་བ་དན་དང་། །ཉག་ཕྲན་མདའ་ཡི་དོང་ཆུང་ཁྲ་བོ་དང་།།སྲོག་གཤེད་ཤ་ཡི་ཅེ་སྤྱང་ཨ་ལུང་གཟུགས། །རོལ་དུ་ཁྲིད་མཆི་གང་ཡང་མི་འདུག་པས། །རང་ཅག་སྔོན་མོའི་ཆུ་ལ་འཐུང་དུ་འགྲོ།།ཞེས་རི་དྭགས་ཟླ་བོ་རྣམས་ཁྲིད་དེ་ཆུ་རོང་ཞིག་ཏུ་སོང་ངོ་།།

དེར་རྔོན་པ་དེས་རི་སུལ་དུ་བསྐུངས་པའི་ཤ་ཁྱི་རྣམས་ཁྲིད། ལག་ཆ་རྣམས་ཁྱེར་ནས་བྲག་གསེབ་ཅིག་ཏུ་འབྱར་ཏེ་གླིང་བུ་འབུད་ཀྱིན་བསྡད་ཙ་ན། འདོད་པའི་ཁྱུ་མཆོག་གླིང་བུའི་སྒྲ་ལ་ཡིད་ཆགས་ནས་འདི་སྐད་དུ། ཨེ་མ། ཚོར་བ་བདེ་སྡུག་བྱེད་པོ་ཡུལ་གྱིས་བྱས། །དེ་རིང་སྔོན་ཆད་མ་གོའི་སྒྲ་ཞིག་ཐོས། །འདི་ནི་གཟུགས་ཅན་མི་ཡིས་མ་ཡིན་ཏེ། །ནམ་མཁའི་དབྱིངས་ནས་དྲི་ཟའི་བུ་མོའམ། །ཡང་ན་ས་ཡི་ལྷ་མོས་བྱས་པར་མཆིས། །འདི་འདྲའི་སྒྲ་སྐད་རྣ་བའི་བཅུད་དུ་སྙན། །རང་ཅག་རྣམས་ཀྱིས་ཕྱིན་ཆད་ཐོས་པར་དཀའ། །བློ་ལྡན་རི་དྭགས་ཐམས་ཅད་ང་ཕྱིར་ཤོག །ཅེས་སྨྲས་ཏེ་རི་དྭགས་རྣམས་ཁྲིད་ནས་གླིང་བུའི་སྒྲ་ལ་བསྙེགས་པ་ན།

ཡིད་ན་མེད་པ་ཞིག་ལ་བྲག་གསེབ་ནས་ཤ་ཁྱི་ཤིན་ཏུ་མ་རུངས་པ་མགྱོགས་པ་ལ་ནམ་མཁའི་བྱ་ལྟ་བུ། འཁྱུག་པ་ལ་ཆུ་བོའི་ཉ་ལྟ་བུ། ཞེ་སྡང་མི་བཟད་པའི་མཆེ་བ་གཙིགས་ཤིང་། གཤིན་རྗེའི་ལས་མཁན་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྙིང་ཤུབས་ནས་འཐོན་ནུས་པ་བཅུ་གཉིས རྟེན་འབྲེལ་བཅུ་གཉིས། དོན་ནས་རི་དྭགས་རྣམས་བདས་པ་ལས། ཧ་ཅང་ཚོར་བའི་ཡུལ་ལ་ཞེན་ཆེས་པའི་གཙོ་བོ་འདོད་པའི་ཁྱུ་མཆོག་ལས་ཀྱི་དབང་གིས་ཁྱུ་ནས་ཡར་ཏེ་ལ་རོང་ལུང་རོང་རྣམ་པ་བཞི་ སྐྱེ་རྒ་ན་འཆི། བཅད་ནས་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་པ་གསུམ་ སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། གྱི་བར་དུ་གཏུགས་པ་ལས། ཅི་ཞིག་ན་བྲག་མཐའ་ཆེན་པོ་གཅོང་རོང་གི་ཟབ་ས་བློས་མི་འཁྱུད་པ་ཞིག་ཏུ་བཀར་ནས། ཤ་ཁྱི་རྣམས་ཀྱིས་བསྐོར་ཏེ་ཟུག་པ་དང་། མཆེ་བ་གཉེར་བར་བྱེད་དོ།།

དེའི་ཚེ་རི་དྭགས་དེ་འདི་སྙམ་དུ་ཀྱེ་ཧུད་བདག་གིས་རི་དྭགས་ཀྱི་དེད་དཔོན་ཆེན་པོ་རིག་པའི་ཟླ་བ་ལ་མ་ཉན་པས་འདི་ལྟ་བུའི་སྡུག་བསྔལ་དང་འཇིགས་སྐྲག་མི་བཟད་པ་མངོན་སུམ་དུ་མྱོང་། ད་ནི་ཁྱི་འདིའི་རྗེས་ལ་མི་ལུས་གཤིན་རྗེའི་མགོ་ཅན་དམྱལ་བའི་གཏིང་རྡོ་ནག་པོ་དེ་ངེས་པར་སླེབ་ཡོང་བས་ངའི་ཚེ་ནམ་མཁའི་གློག་ལས་ཀྱང་མི་རྟག་པ་ཉིད་དུ་གྱུར་ཟིན་སྙམ་ནས་མཆི་མ་ཁྲམ་ཁྲམ། སུག་པོ་ཐབ་ཐབ། སྐྱི་བུང་བུང་། དབུགས་ལྷེད་ལྷེད། འདར་ཧྲིལ་ལི་ལི་བྱེད་ཀྱིན་འདུག་པའི་ཚེ། བདུད་སྡིག་ཅན་རྔོན་པའི་ཆ་བྱད་ཅན་ཤིན་ཏུ་མ་རུངས་པ་དེས་ཞགས་པ་གཅིག་ཕྲག་ལ་གཟར། མདའ་གཞུ་ཞིག་ལག་པར་ཁྱེར་ཏེ་ཁྲོང་གིས་བྱུང་ནས་བཞིན་གཉེར་བ་དང་སྦྲགས་ཞེ་སྡང་མི་བཟད་པའི་སྡང་མིག་ལྟ་བ་ལ། ཤིན་ཏུ་ཉམ་ཐག་ལ་སྙིང་རྗེ་བའི་རི་དྭགས་དེ་སྲོག་གི་འཇིགས་པས་སྐྲག་སྟེ་རྔོན་པ་ལ་ཕྱག་འཚལ་བའི་སྟངས་ཀ་དང་བཅས་མཆི་མའི་དབའ་ལོང་འཁྲུགས་བཞིན་དུ་ངུ་སྐད་ཐོན་ཚད་ཀྱི་ངང་ནས་འདི་སྐད་ཅེས་ཞུ་གསོལ་བྱེད་པ་མཐོང་ངོ་།།

ཀྱེ་མ་ཀྱི་ཧུད་ང་རེ་འཇིགས། །དྲང་པོར་བསླབས་པའི་དེད་དཔོན་ལ། །ལོག་པར་མཐོང་བའི་བསམ་བརླག་པོ། །འདོད་པའི་ཁྱུ་མཆོག་ང་ལས་སུ། །ཁྱེད་དང་པོར་རྫི་བོའི་རྣམ་འགྱུར་ཅན། །བར་དུ་གླིང་བུའི་སྒྲ་སྐད་ཅན། །ད་ལྟ་གཤིན་རྗེའི་ལས་མཁན་པ། །མཐོང་བས་འདུ་ཤེས་འབྱུང་ཚོར་འགགས། །འཇིགས་པ་ལ་བསམས་ན་དྲན་པ་འཐོར། །བ་སྤུའི་བུ་ག་རེ་རེ་ནས། །རྔུལ་ཆུ་ཡང་ཁྲག་དང་རྣག་ཏུ་འཛག །ཤ་ཁྱིའི་ལུས་ལ་སྤྱང་ཀིའི་ཁ། །གཅིག་ཉལ་གཅིག་ལངས་ཀྱིས་བདས་ཙ་ན། །དབུགས་ཆད་ལ་ཁད་པ་ལན་གསུམ་བྱུང་། །ང་འབྲོས་བཞིན་འབྲོས་བཞིན་ཤི་སོང་སྙམ། །རྨིག་པ་བྲག་རིའི་གསེབ་ལ་འཐོར། །ང་ལངས་ཀྱིན་ལངས་ཀྱིན་བསད་སོང་སྙམ། །རུས་ཚིགས་ཐམས་ཅད་འཆུས་ཤིང་བྲལ། །ང་གསོན་པོར་རྗེན་ཟས་བགྱིས་སོང་སྙམ། །དུས་དེ་རིང་གི་ཉི་མ་ཤར་བ་ལས། །འཇིགས་སྐྲག་དང་ཧས་པ་ཡོང་མ་མྱོང་། །ད་གསོན་པའི་རེ་བ་མ་མཆིས་ཏེ། །མདའ་མཚོན་གྱི་དུཿཁས་མ་མནར་བར། །རང་བབས་སུ་འཆི་ཟོས་བདེ་རུ་ཆུག །ཤི་ཕྲལ་དུ་ཤ་ཁྲག་སྒྱུ་མའི་ལུས། །ཁྱེད་རང་ལ་དབང་བས་ཅི་དགར་མཛོད། །ཅེས་ཟེར་ཞིང་སྡང་བའི་དགྲས་མཐོང་ཡང་སྙིང་རྗེ་བ་ཞིག་འདུག་པ་དེ་བྲག་གསེབ་དེའི་དྲང་སྲོང་ཆེན་པོ་མཐོང་ན་དགའ་ཞེས་བྱ་བ་དེས་ཚོར་ནས་སྲོག་སྐྱོབ་པའི་ཕྱིར་འདི་སྐད་ཅེས་སྨྲའོ།།

ཀྱེ་མ། གདོལ་པའི་ལུས་ལ་ཤན་པའི་སེམས། །ཁྲེལ་དང་ངོ་ཚའི་གོས་དང་བྲལ། །ལས་དང་རྒྱུ་འབྲས་མི་སེམས་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་ཞིང་། །མནར་མེད་དམྱལ་བའི་གྲོང་ཁྱེར་ལ། །དོ་ཆད་རྒྱག་པའི་ལས་ངན་ཁྱོད། །དར་ཅིག་དྲང་སྲོང་ངག་ལ་ཉོན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཕ་མ་བུ་ཚ་རེ་མོས་ཡིན། །ཚེ་འདིའི་ཕ་མ་སྤུན་གྲོགས་ལ། །བརྩེ་དུང་ཞེན་པས་བཅིངས་བཞིན་དུ། །སྐྱེ་བ་སྔོན་མའི་ཕ་མ་རྣམས། །དེང་སང་དུད་འགྲོ་ཟེར་བའི་ལུས། །མགོ་དང་སུག་པར་རྭ་ཅོ་ཅན། །སྨྲ་བ་མི་ཤེས་དོན་མི་གོ །སྤང་བླང་བྱ་བའི་རང་བཞིན་ལ། །ཤིན་ཏུ་རྨོངས་པའི་ངང་ཚུལ་ཅན། །འདི་འདྲའི་གཟུགས་སུ་འཕོས་པ་དེ། །ཁྱོད་ཀྱིས་མ་གོ་མ་རིག་པས། །ཁྲེལ་མེད་འདི་འདྲའི་སྤྱོད་པ་བྱེད། །ཁྱད་པར་ད་ལྟའི་སེམས་ཅན་འདི། །ཁྱོད་ཀྱི་ལུས་འདི་བསྐྱེད་པའི་མ། །ཚེ་འཕོས་རི་དྭགས་ལུས་སུ་བླངས། །དེ་ཕྱིར་མ་ཤ་བུས་ཟ་བ། །དེ་ལས་ངོ་ཚ་ཆུང་བ་མེད། །དེ་ལས་ཁོང་སྙིང་གྲང་བ་མེད། །ཁྱོད་ལ་མནར་མེད་དམྱལ་བ་ཡི། །སྡུག་བསྔལ་བྱུང་ན་ཅི་ཚུགས་བྱེད། །དེ་ཕྱིར་དྲང་སྲོང་ངག་ལ་ཉོན། །མ་འདི་གོམ་གསུམ་འབྲོས་སུ་ཆུག །མ་འདི་གོམ་གསུམ་འཕག་ཏུ་ཆུག །འདི་ཡི་ཚབ་ཏུ་བདག་གི་ལུས། །ཁྱོད་ལ་ཕངས་པ་མེད་པ་སྟེར། །ཤ་ཁྲག་རུས་པ་ཅི་དགར་མཛོད།།

ཅེས་སྨྲས་པས་རྔོན་པ་ཁྲོས་ཏེ་འདི་སྐད་ཅེས་ཟེར་རོ། །ཡུལ་མ་ཟིན་པ་ཁ་བཤད་མཁས། །ལྟོ་མ་ཕྱིད་པ་སྐྱིད་ཟོས་མཁས། །ལས་མ་ནུས་པ་བྱ་བཏང་མཁས། །འདུག་སས་ཕོངས་ནས་བྲག་ལ་ཡིབ། །འགྲོ་སས་ཕོངས་ནས་ལུང་སྟོང་འཚོལ། །ཁྱོད་འདྲས་བདག་ལ་དེ་འདྲའི་གཏམ། །སྨྲ་བའི་ཁ་ན་ཡོད་མ་ཡིན། །ལས་འབྲས་ཟེར་བ་ཁ་གཏམ་ཡིན། །དེ་ལ་བརྩི་བ་སུ་ཞིག་ཡོད། །གསོད་པ་རྔོན་པ་ངས་གསོད་ཀྱང་། །ཟ་བ་དགེ་སྦྱོང་རྣམས་ཀྱིས་ཟ། །ཟ་དང་གསོད་པའི་སྡིག་པ་ལ། །ཁྱད་པར་ཡོད་ན་གད་མོ་བྲོ། །ཁྱེད་ཅག་ཁྱིམ་པའི་རྟགས་སྤངས་ཤིང་། །དམར་སེར་གོས་ཀྱིས་གདོང་གཡོགས་ཀུན། །ཤན་པ་སྲོག་ལས་བྱེད་ས་དང་། །ཁྱིམ་པ་མདུན་གྲོས་སྡུར་ས་དང་། །བྲེ་ལོག་སྲང་ལོག་འཛུགས་ས་དང་། །གདུག་འདྲེ་ར་མགོ་སྲེག་ས་ཚུན། །སླེབས་ལ་ལས་འབྲས་མེད་ལགས་སམ། །ད་ནངས་སྐྱ་རེངས་ཤར་ཤར་ནས། །ད་ལྟ་ཉི་མ་རྒས་རྒས་ཚུན། །དང་ཁར་ལྟོ་ལས་ཆུ་མ་མྱོང་། །ལྟོགས་ཀྱང་མི་ཤ་ངས་མི་ཟ། །སྙིང་ལ་མདའ་མོ་མ་གཟེར་གོང་། །རང་གི་གནས་སུ་ཕྱིན་ན་དྲག།

ཅེས་ཁྲོ་གཏུམ་གྱིས་སྨྲས་ནས་མདའ་གཞུ་མེར་གྱིས་བཀང་བྱུང་བ་ན། དྲང་སྲོང་གིས་སྨྲས་པ། རྔོན་པ་དྲག་ཤུལ་ཆེ་ན་ཡང་། །དྲང་སྲོང་སྲོག་ལ་ཕངས་པ་མེད། །ཁྱོད་ཀྱིས་སྔོན་ལ་མ་བསད་ན། །གཞན་གྱིས་གསོན་པོར་ག་ལ་ཟ། །ཚུལ་མིན་སྤྱོད་པའི་དགེ་སྦྱོང་དང་། །འདུལ་ཁྲིམས་སྲུང་བའི་ཉན་ཐོས་ཀྱི། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྩ་ལ། །ལས་ཀྱིས་བདའ་འདེད་འཕྱུགས་པ་མེད། །མ་གི་དམྱལ་ཁམས་བཅོ་བརྒྱད་ནས། །ཡ་གི་སྲིད་རྩེའི་ལས་སྣང་ཀུན། །ལས་དང་ལས་ཀྱི་འབྲས་བུ་ཡིན། །དེ་ཕྱིར་དེ་འདྲའི་ཡིན་ལུགས་ལ། །ཁྱོད་ལས་དྲང་སྲོང་ང་རང་མཁས། །རྨོངས་པས་ཆོས་སྐད་སྒྲོག་པ་དེ། །ངན་པའི་ནང་ནས་ཐ་ཤལ་ཡིན། །ད་རེས་ཉམ་ཐག་སྙིང་རྗེའི་ཡུལ། །ཉེས་མེད་རི་དྭགས་འདི་ཀོ་ཡི། །སྲོག་འདི་དྲང་སྲོང་ང་ལ་སློང་། །ང་སྲོག་རྔོན་པ་ཁྱོད་ལ་གཏོད།།

ཅེས་རི་དྭགས་ལ་སྙིང་ཤིན་ཏུ་རྗེ་ནས་དྲང་སྲོང་དེས་མཆི་མ་ཕྲུལ་གྱིས་བཏོན། རི་དྭགས་ཀྱི་སྲོག་བསྐྱབ་པའི་དོན་དུ་རང་གི་ལུས་ལྟོས་མེད་དུ་བཞག་ནས་རྔོན་པ་ལ་ཕྱག་གྱང་འགྱེལ་བ་ལྟ་བུར་བཙལ་བས་ཀྱང་ཁོའི་སྣང་བ་འགྱུར་དུ་མ་འདོད་པར། དུག་མདའ་ཤིན་ཏུ་མ་རུངས་པ་ཞིག་རི་དྭགས་ཤི་ལ་ཁད་དེ་ལ་བརྒྱབ་པས་སེམས་ཅན་དེ་བྲག་ཁ་ནས་རྣ་བ་ཀྲོང་ངེར་གཅོང་རོང་ཆེན་པོར་ལྷུང་ངོ་། །དེ་མ་ཐག་རྔོན་པ་ཁྱི་དང་བཅས་པ་ཧབ་སྒྲ་དི་རིར་རྒྱུགས་ནས་ཤི་འདྲད་ལིང་ལིང་བྱེད་པའི་སྲོག་ཆགས་ཤིན་ཏུའང་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་བརྩེ་བ་མེད་པའི་སེམས་ཀྱིས་སྐད་ཅིག་ལ་བསད་སོང་བས། དྲང་སྲོང་སྙིང་རྗེས་མ་བཟོད་པར་བརྒྱལ་ནས་དྲན་པ་འཐོར་བར་གྱུར་ཏོ།།

རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་བྱ་བ་ལས། ཆོས་མ་དྲན་པར་སྲིད་པའི་བདེ་འབྱོར་ལ་ཆགས་པ་གང་ཞིག་སྡུག་བསྔལ་གྱི་འཕྲང་ལས་ཐར་བ་མེད་ཅིང་། དེ་གའི་ངང་ལ་འཆི་བ་བཙན་ཐབས་སུ་བྱུང་སྟེ་དེ་ལ་ཐབས་གང་གིས་ཀྱང་བསླུ་རུ་མེད་པ་རི་དྭགས་མཐའ་ལ་གཅུར་བ་ལྟ་བུའི་བརྡས་བསྟན་པའི་སྐབས་ཏེ་ལེའུ་གཉིས་པའོ།།

དེའི་ཚེ་དྲང་སྲོང་ཆེན་པོ་དེ་འདི་སྙམ་དུ། བདག་གིས་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་དེ་ཙམ་ཞིག་བཤད་ཅིང་། བྱམས་པ་ཆེན་པོའི་སེམས་ཀྱིས་རང་གི་སྲོག་དང་བརྗེ་བར་བསྐུལ་ནས་ཀྱང་རི་དྭགས་ཀྱི་སྲོག་བློས་མི་གཏོང་བར་ངན་པའི་སྤྱོད་པ་མཐར་སྐྱེལ་བྱེད་པ་དེ་ཤིན་ཏུ་མི་རིགས། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་ལྟར། བརྒྱ་ལ་ཕན་པའི་གཅིག་སྲོག་ཅེས་པ་དེ་ངེས་པར་བདེན། དེས་ན་སྡིག་ཅན་ཚེ་རིང་བར་གྱུར་ན་སེམས་ཅན་མང་པོ་སྡུག་ལ་སྦྱོར་བ་འདུག་དགོངས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ནས་སྙིང་རྗེ་ཁྲོས་པའི་ཞེ་སྡང་ཆེན་པོས་གསོས་བཏབ་སྟེ་དྲང་སྲོང་གི་དམོད་པ་ལྡོག་ཏུ་མེད་པ་ཉི་ཤུ་རྩ་གཅིག་བཏབ་པས། ཤིན་ཏུ་བཙན་པའི་དམོད་པའི་བདེན་མཐུ་དང་། དཀོན་མཆོག་གི་བཀའ་ཆད་དྲག་པོས་རྔོན་པ་ཤ་ཁྱི་དང་བཅས་པ་གད་རྡིབ་ཀྱི་འོག་ཏུ་ནོན་ནས་ཤི་བར་གྱུར་ཏོ། །དེར་ཁོང་ཅག་གི་བསོད་ནམས་མ་ཡིན་པའི་ལས་ཀྱི་རྩལ་རྫོགས་ནས་སྨྱུག་དོང་དུ་སྦྲུལ་བཅུག་པ་ལྟར་དབུགས་ཆད་མ་ཁད་དུ་མར་གྱི་ཟང་ཐལ་ཆེན་པོ་དམྱལ་བ་མནར་མེད་པར་སྐྱེ་བ་བླངས་སོ།།

དེར་དྲང་སྲོང་གིས་མངོན་ཤེས་ཀྱིས་བརྟགས་པས། ཁོང་ཅག་རྣམས་དམྱལ་བའི་ནང་ཚན་ལས་ཀྱང་ཤིན་ཏུ་སྡུག་བསྔལ་བ་མནར་མེད་པའི་དམྱལ་བ་ཞེས་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་མེའི་ཕུང་པོ་གཅིག་ཏུ་གྱུར་པའི་དབུས་ན། སྡུག་བསྔལ་མི་བཟད་པ་མྱོང་བའི་རྟེན་མིང་བཞིའི་ཕུང་པོ་བག་ཆགས་དང་བཅས་པ་ངུ་སྐད་ལྷང་ལྷང་འདོན་པ་དང་། ཡང་རེས་འགའ་རྒྱུ་མཐུན་གྱི་འབྲས་བུར་ལུས་ཀྱི་དངོས་པོ་སྣང་བའི་ཚེ། ཁོང་ཅག་རྣམས་ཀྱི་དབུས་དེ་དང་ལས་མཐུན་པར་བསགས་པའི་སྡེ་དཔོན་ནག་མོ་རྩེད་མོའི་ཞོར་ཙམ་དུའང་གཞན་སྲོག་ལ་གནོད་པ་བྱེད་པ་སོགས་མདོར་ན་སྲོག་གཅོད་ཀྱི་ལས་ཀྱིས་ཁྲིད་པ་མང་པོ་ཞིག་ལྕགས་བསྲེགས་ཀྱི་ས་གཞི་ལ་གནམ་ལྕགས་ཞུན་མར་ཁོལ་བའི་སོ་མངས་ཀྱིས་གོ་མཚམས་མེད་པར་གཟེངས་པའི་ཐང་ལ། གཤིན་རྗེའི་ལས་མཁན་ལྕགས་ཀྱི་ཅེ་སྤྱང་མགོ་དགུ་ཡན་ལག་དང་ལྡན་ཞིང་། ཤིན་ཏུ་འཇིགས་སུ་རུང་བས། བསྡད་དབང་སྐད་ཅིག་ཀྱང་མེད་པར་འདེད་ཅིང་ཡང་ཤི་ཡང་སོས་ཀྱིས་སྡུག་བསྔལ་དོས་དྲག་ལ་སྙུགས་རིང་བ་ལས་ཐར་བའི་དུས་སྐབས་མེད་པ་མཐོང་ནས།

དྲང་སྲོང་གིས་སྨྲས་པ། ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ་གྱུར་ཀྱང་། །དགེ་བཅུ་ཐར་པའི་ལས་དང་ཞེ་འགྲས་ཤིང་། །མི་དགེའི་སོ་ནམ་བྱེད་པའི་སྡིག་ཅན་ལ། །དེ་འདྲའི་འབྲས་བུ་སྨིན་པ་ཀྱེ་མ་ཧུད། །སྤྱིར་གྱི་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །བདེ་དང་སྡུག་བསྔལ་ལས་ལ་སྤྱོད་པ་ཀུན། །ལས་དང་དེ་ཡི་འབྲས་བུ་ཡིན་པར་མཆི། །ཁྱད་པར་སྲོག་གཅོད་ལ་སོགས་མི་དགེ་བཅུའི། །རྣམ་སྨིན་འབྲས་བུ་ངན་སོང་གསུམ་གྱི་ལུས། །མྱོང་ན་ལྟ་ཅི་མིག་གིས་མཐོང་ན་ཡང་།།འབྱུང་འཇུག་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད། །འདི་འདྲ་མཐོང་བས་གང་ཞིག་འཇིག་རྟེན་ན། །མི་དགེ་སྡིག་པའི་ལས་ལ་དཔའ་བ་དེ། །གདོན་གྱིས་བརླམས་སམ་འོན་ཏེ་ལས་ཀྱི་མཐུ། །དེ་ཕྱིར་གཟུར་གནས་འགྲོ་བ་ཐམས་ཅད་ལ། །བདག་གིས་སྙིང་ནས་བརྩེ་བས་མ་བཟོད་པར། །ཤ་ཚའི་སྙིང་གཏམ་ཚིག་གསུམ་བཤད་ཀྱིས་ཉོན། །རྨི་ལམ་གློག་ལས་ཡ་མ་བརླར་གྱུར་པའི། །ཚེ་འདིའི་ལྟོ་གོས་གཏམ་གྱི་དོན་ཆེད་དུ། །མི་དགེའི་ས་བོན་བཏབ་པའི་ཞིང་ས་ལ། །སྡུག་བསྔལ་གསུམ་གྱི་འབྲས་བུ་ལས་གཞན་ཅི། །དེ་ཕྱིར་སྐྱོ་བའི་འདུ་ཤེས་གྲུང་པོ་ཡིས། །ཚེ་འདིའི་ལེགས་ཉེས་སྐྱིད་སྡུག་བཟང་ངན་ཀུན། །རང་སོར་ཞོག་ལ་དབེན་པའི་ནགས་ཁྲོད་སྙོགས། །ཁྱད་པར་སེམས་ཅན་ཐམས་ཅད་ཕ་དང་མར། །ཕན་ཚུན་རེ་མོས་ཡིན་ལ་ཐེ་ཚོམ་མེད། །དེ་ཕྱིར་ད་ལྟའི་ཕ་མར་ཆགས་བཞིན་དུ། །ཚེ་རབས་སྔ་མའི་ཕ་མ་གསོད་པ་འདི། །སྨྲ་ཤེས་དོན་གོ་མི་ཡི་རྣམ་ཐར་དུ། །འདུག་པས་བློ་སེམས་ནང་དུ་ཁུག་ལ་སོམས།།

དེ་ཡང་འཕགས་པ་ཀཱ་ཏྱཱ་ཡཱ་ན་ཡིས། །གྲོང་དུ་བསོད་སྙོམས་མཛད་པས་ཁྱིམ་བདག་ཅིག །ཉ་ཤ་ཟ་ཞིང་བུ་ཆུང་པང་དུ་འཁུར། །ཁྱི་མོས་རུས་པ་འཆའ་ལ་བརྡེག་པ་གཟིགས། །འཕགས་པས་མངོན་ཤེས་སྤྱན་གྱིས་བརྟགས་པ་ལས། །ཉ་དེ་ཕ་ལ་ཁྱི་མོ་ཚེ་འདིའི་མ། །བུ་ཆུང་རང་གི་དགྲ་བོར་འདུག་པ་བཞིན། །དགྲ་གཉེན་གང་ཡང་མི་རྟག་སྒྱུ་མའི་དཔེ། །ཁྱད་པར་ཚེ་འདིའི་ཕ་མ་སྔོན་འདས་པ། །སེམས་མ་གྱུར་ཀྱང་ལུས་པོ་བརྗེས་པའི་ཚུལ། །མ་རིག་རྔོན་པས་རི་དྭགས་མང་བསད་མཐར། །རང་གི་མ་བསད་དམྱལ་བར་ལྷུང་བ་བཞིན། །དེ་ལྟའི་ཚུལ་གྱིས་ཕ་མ་གསོད་པ་དང་། །གཞན་དག་གསོད་ལ་ཁྱད་པར་འགའ་མེད་པས། །མནར་མེད་དམྱལ་བའི་སྡུག་བསྔལ་དྲན་པར་བྱོས།།

སྲོག་ལ་བབས་ཀྱང་གཞན་སྲོག་མ་གཅོད་ཅིག །དྲེགས་པས་རྒྱགས་པའི་མི་དཔོན་སྡིག་ཅན་དང་། །ལས་ཀྱིས་བདས་པའི་རིགས་ངན་རྔོན་པ་ལ། །ཕན་པར་སྨྲས་ཀྱང་ལོག་པར་མཐོང་སྲིད་ཀྱི། །བྱང་ཆུབ་སེམས་དཔའི་སྡོམ་ལ་གནས་པ་དང་། །ཁྲེལ་དང་ངོ་ཚ་བག་དང་ལྡན་པ་རྣམས། །རང་གི་མངའ་རིས་དགེ་བཅུས་འཚོ་བ་དང་། །ཉེས་མེད་སྲོག་ཆགས་ཨར་ལ་མི་གཏོད་དང་། །རང་དབང་རི་ལ་རི་རྒྱ་བསྡམས་པ་དང་། །སྡིག་ཅན་ལིངས་པ་ཆབ་འོག་མི་འཛུད་སོགས། །བཀྲ་ཤིས་དགེ་ལེགས་ཆེན་པོས་འཚོ་བར་མཛོད། །དེ་ལྟར་བགྱིས་པས་ཡུལ་ཕྱོགས་ཁོལ་བུར་བདེ། །ལོ་ལེགས་སྐྱ་རྒྱལ་སད་སེར་བཙའ་ཐན་དཀོན། །འབྱུང་བ་སྒང་གཤོངས་བཀྲ་མི་ཤིས་པ་དང་། །ནད་མུག་འཁྲུག་རྩོད་དུས་ཀྱི་རྒུད་པ་ཞི། །ཡུལ་བདག་མཉེས་པས་ཆར་ཆུ་དུས་སུ་འབེབས། །དཀོན་མཆོག་མ་ཁྲེལ་བསམ་པའི་དོན་ཀུན་འགྲུབ། །ཆོས་ཁྲིམས་བསྡམས་པས་ས་རྣམས་བཅུད་དང་ལྡན། །རྒྱལ་པོ་མངའ་ཐང་ཁྱིམ་པའི་ཟས་ནོར་འཕེལ། །ཚེ་འདིར་སྐྱིད་ལ་ཕྱི་མའང་དཔལ་དང་ལྡན། །དགེ་བཅུ་སྤྱད་པས་བདེ་སྐྱིད་འབྱུང་བ་འདི། །ནང་པ་སངས་རྒྱས་གྲུབ་མཐའི་ཁྱད་ཆོས་ཡིན། །དྲང་སྲོང་ངས་ནི་མི་དགེའི་ལས་སྤངས་ཤིང་། །ཀུ་སཱ་ལི་ཡི་བརྟུལ་ཞུགས་ལ་གཞོལ་བས། །རེ་དོགས་གཉིས་མེད་ཆོས་སྐུའི་རྒྱལ་ས་ཟིན། །སངས་རྒྱས་ཀུན་ཀྱི་དགོངས་པ་རང་ལ་ཤར། །སྔར་ཡང་སྤྲོས་བྲལ་གདོད་མའི་ཀློང་ནས་འོངས། །ད་ཡང་རང་བྱུང་སྐྱེ་མེད་ངང་དུ་ཨ᫸། །ཞེས་གསུངས་ནས་བྲག་གསེབ་དེ་ཉིད་དུ་མིག་འཕྲུལ་ལྟ་བུར་ཐིམ་པར་གྱུར་ཏོ། །རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་བྱ་བ་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བསྟན་ནས་དགེ་བ་ལ་བསྐུལ་བ་སྟེ་ལེའུ་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོ།།

ཨེ་མ། བྱ་བྲལ་ཀློང་ཆེན་སྒྱུ་མའི་རྣལ་འབྱོར་པ། །གཏད་མེད་ཟང་ཐལ་མ་བཅོས་ལྷུག་པའི་ངང་། །བྱང་ཆུབ་ཤིང་གི་ནགས་ཁྲོད་ཚེ་རིང་ལྗོངས། །ཤིན་ཏུ་དབེན་པའི་གནས་སུ་བག་ཕེབས་ནས། །སྒྱུ་འཕྲུལ་ལུས་ཀྱི་བཀོད་པ་འཆགས་པའི་ཚེ། །སྡིག་ཅན་རྔོན་པས་རི་དྭགས་བསད་པའི་ཤ །ཁྱེར་ནས་གནས་སུ་ལྡོག་པ་མཐོང་བ་ལས། །བཟོད་མེད་སྙིང་རྗེ་ཆེན་པོས་རྒྱུད་བསྐུལ་ཞིང་། །མིག་ནས་མཆི་མའི་དབའ་རླབས་གཡོ་བ་དང་། །སྐྱོ་ཤས་ངེས་འབྱུང་དྲག་པོས་ཉེར་བསྐུལ་བས། །ཐུགས་གཏེར་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ།།ཉམས་ཆོས་བརྡ་ཡི་རི་མོས་ཇི་བཞིན་བཀོད། །དགེ་དེས་སྲོག་གི་འཇིགས་པས་ཉེར་སྐྲག་པའི། །སེམས་ཅན་མང་པོ་དུ᫸ཁ་ལས་གྲོལ་ཅིང་། །ཡི་གེ་འདི་ཉིད་མཐོང་དང་ཐོས་ཀུན་ཀྱིས། །རིགས་ངན་རྔོན་པའི་ལས་ཐབས་བཤོལ་བར་ཤོག །གཏམ་ཚོགས་ལེའུ་ང་གཅིག་པའོ།། །།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།