རྩ་བའི་བླ་མར་བསྟོད་པ།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། སངས་རྒྱས་བསྟན་འཛིན།

འགྲོ་ལ་ཐུགས་བརྩེ་ཉི་ཟེར་ལས་མྱུར་ཕྱག་ན་པད་མོའི་སྙིང་རྗེའི་ཐུགས།།
འགྲོ་དོན་དཔག་ཡས་རྟག་ཏུ་བརྩོན་པའི་འཇམ་དཔལ་གཞོན་ནུའི་ཚངས་དབྱངས་གསུང་།།
འགྲོ་ཀུན་འཇིགས་དང་སྡུག་བསྔལ་བསྙིལ་མཛད་ཨོ་རྒྱན་བླ་མའི་འཆི་མེད་སྐུ།།
ལྷག་པའི་ལྷ་ཡི་སྐུ་གསུམ་རྣམ་སྤྲུལ་ཁྱབ་བདག་མགོན་པོ་སྤྱི་བོར་བསྙེན།།

སྟོང་གསལ་རིག་པའི་ཡེ་གསང་དབྱིངས་སུ་གདོད་མའི་ཆོས་སྐུའི་བཙན་ས་ཟིན།།
མཚན་བཟང་དཔེ་བྱད་རབ་ཏུ་བརྒྱན་ཅིང་ལོངས་སྐུའི་ཆ་བྱད་ཡོངས་སུ་རྫོགས།།
མི་མཇེད་ལྗོངས་འདིའི་སྤྲུལ་པའི་སྐུ་མཆོག་རྣམ་འདྲེན་བཞི་པའི་ཤ་གཟུགས་ཅན།།
རྣམ་དག་བྱང་ཆུབ་སྙིང་པོའི་སངས་རྒྱས་ཁྱེད་ནི་རྩ་བའི་བླ་མར་ངོམས།།

ཟབ་གསལ་མཁྱེན་རབ་རྡུལ་བྲལ་སྦུབས་སུ་ཐེག་དགུའི་སྙིང་པོ་མ་ལུས་ཆུབ།།
དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་འདུས་ཐམས་ཅད་གསལ་ལེར་ཀུན་གཟིགས་མཆོག།།
ཡེ་སྟོང་དབྱིངས་རིག་སྣང་བའི་རྩལ་ལས་དཔལ་ལྡན་བླ་མའི་རྣམ་རོལ་བ།།
དུས་གསུམ་སངས་རྒྱས་པདྨ་མ་ཎི་སྙིགས་དུས་ལྔ་བདོའི་མཚོ་སྐྱེས་རྗེ།།

ཐུགས་རྗེ་འོད་གསལ་མཁའ་དབྱིངས་ཀློང་དུ་མཁྱེན་གཉིས་ཉི་ཟླའི་དཀྱིལ་འཁོར་རྫོགས།།
དམིགས་མེད་སྙིང་རྗེ་འོད་སྟོང་དཀར་པོས་མ་རིག་མུན་པའི་སྨག་རུམ་བཅིལ།།
ཟོལ་མེད་བྱིན་རླབས་འབྲུ་ཆར་དྲག་པོས་མོས་གུས་ཞ་ལུའི་ལང་ཚོ་རྒྱས།།
སངས་རྒྱས་ཀུན་ཀྱི་ཡེ་ཤེས་དཔྱིད་གཟུགས་མཁྱེན་བརྩེའི་བདག་ཉིད་བི་མ་ལ།།

སྐུ་ལུས་ཆོས་གོས་གསུམ་གྱིས་བཀླུབས་ཤིང་ཚུལ་ཁྲིམས་དྲི་བཟང་ཐུ་ལུ་ལུ།།
སྙན་འཇེབས་གསུང་གིས་མདོ་སྔགས་ཆོས་ཚུལ་རྒྱ་བོད་ཁྲོད་དུ་དི་རི་རི།།
སྙིང་རྗེའི་རང་གཟུགས་ཐུགས་རིས་དཀར་པོ་བྱང་སེམས་དབུས་ན་འོད་ཆེམ་ཆེམ།།
ཐུབ་བསྟན་སྙིང་པོའི་སྡོམ་བརྩོན་རྒྱལ་པོ་འཕགས་ཡུལ་དཔལ་ལྡན་ཞི་འཚོ་དངོས།།

བསིལ་ཟེར་ཅན་གྱི་སྙིང་རྗེའི་འཛུམ་དཀར་ལྷ་ལམ་ཡངས་པོར་རབ་སྤྲོས་ཚེ།།
འཕགས་ཡུལ་བེ་ཏའི་ཆོས་ཀྱི་གྲོང་ཁྱེར་རྒྱུད་ལུང་མན་ངག་དགའ་ཚལ་ནང་།།
གཤིས་བཟང་ས་གཞི་མཛེས་པའི་ལྗོངས་ཀྱི་དད་ལྡན་ཀུ་མུད་ཁྱེད་ཕྱོགས་གཡོ།།
བྱམས་བརྩེའི་ཞལ་གྱིས་ཕྱག་ན་པད་མོའི་ཡིད་དབང་འཕྲོག་པ་ངོ་མཚར་ཆེ།།

མཁས་བཙུན་བཟང་པོའི་ཕྲིན་ལས་ཕོ་ཉས་ནམ་མཁའི་གཟའ་སྐར་ངོ་སྐྱེངས་བཅུག།།
མཚན་སྙན་བ་དན་ས་གཞིའི་ཁྱོན་དུ་མེ་ཟླུམ་བཞིན་དུ་འོད་རབ་གསལ།།
གང་གི་མཛད་བཟང་ཐོ་རངས་འོད་ཀྱིས་ཀླ་ཀློའི་མུན་འཁྲིགས་རྨེག་མེད་བཅོམ།།
ཕན་བདེ་སྒྲུབ་ལ་འགྲན་ཟླ་བྲལ་བའི་བསྟན་འཛིན་ཀུན་ཀྱི་རྒྱན་གཅིག་པུ།།

འཕགས་ཡུལ་མཁས་གྲུབ་ཡང་རྩེའི་གདམས་ངག་ཐོས་དང་བསམ་པས་རྒྱུད་འཛིན་ཅིང་།།
བརྒྱུད་པ་གསུམ་གྱི་བདུད་རྩི་མན་ངག་སྒྲིབ་མེད་ཐུགས་སུ་སྒོམ་པར་མཛད།།
སྨྲ་བའི་སེང་གེ་རོང་ཀློང་དགོངས་པ་མཚུངས་མེད་ལུང་རིགས་སྒོ་ནས་སྤེལ།།
སྐྱེ་བོ་དམ་པའི་ཐུགས་ནས་ཕྱུང་བའི་བསྟན་འགྲོར་གཅེས་པའི་རྒྱལ་བའི་སྲས།།

པད་འབྱུང་རྒྱལ་ཚབ་མཆོག་མངའ་ཀུན་ལས་མ་ཧཱ་པཎ་ཆེན་གཙུག་རྒྱན་མཆོག།
ནོར་འཛིན་དབང་ཕྱུག་ཐུགས་སུ་འཁྱིལ་ཞིང་བུ་རམ་ཤིང་པའི་ཆོས་གཡང་མཛོད།།
མཁྱེན་སྤྱན་ཡངས་ཤིང་སྐྱེ་དགུའི་ཞེ་འདོད་མ་ལུས་སྐོང་བའི་ཡིད་བཞིན་ནོར།།
ལུས་སྲོག་སྤུ་གྲིའི་རྣོ་ཁར་ཚུད་ཀྱང་ཁྱེད་ནི་བདག་གི་སྐྱབས་མགོན་ནོ།།

གང་སྣང་ཆོ་འཕྲུལ་ཁྱེད་སྐུར་མཇལ་ཞིང་འགྲོ་ཀུན་དད་པས་རྒྱུད་བརླན་ཤོག།།
གྲགས་ཚད་སྒྲ་ཡི་རྩལ་སྣང་ཐམས་ཅད་གསུང་གི་དཀྱིལ་འཁོར་ཐོས་པར་ཤོག།།
དྲན་པའི་རྟོག་ཚོགས་རང་སྣང་རིག་པའི་ཡེ་ཤེས་ཆེན་པོར་མངོན་འགྱུར་ཤོག།།
རིགས་དྲུག་ཕ་མ་ཚོམ་བུ་གཅིག་ཏུ་བླ་མའི་གོ་འཕང་འཐོབ་པར་ཤོག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།