ཤར་རྒྱལ་བ་དཔལ་ཡུལ་བའི་བུ་ཆེན་རྣམ་བཞི་དང་བུ་དགོན་བཞིའི་ངོ་སྤྲོད།

རྩོམ་སྒྲིག་པ།

དེ་ཡང་གངས་ལྗོངས་ཤར་རྒྱལ་བ་དཔལ་ཡུལ་གྱི་གདན་རབས་དང་པོ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སློབ་མའི་མཆོག་གྱུར་ཧོར་གྱི་བུ་ཆེན་བཞི་དང་དེ་དག་གིས་ཕྱག་བཏབ་པའི་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གུར་དཀར་པོ་འདེགས་པའི་ཆོན་ཐག་བཞི་ཞེས་ཡོངས་སུ་གྲགས་པའི་བུ་དགོན་བཞིའི་ངོ་སྤྲོད་མདོ་ཙམ་ཞུ་བར་བྱ་བ་ལ།

གསེར་ལྷ་རྩེ་དགོན།

དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལུང་རྟོགས་བསྟན་པའི་མངའ་བདག་ཆེན་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་ཀྱི་སློབ་ཆེན་རྣམ་བཞིའི་ཡ་གྱལ་རྒྱས་པའི་ལས་ཆེན་རང་ལས་ལྷག་པར་བསྔགས་པ་གསེར་པ་ཡེ་ཤེས་སེང་གེ་མཆོག་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ ༡༦༣༩ ལོར་མདོ་ཁམས་གསེར་རྟའི་ཡུལ་དུ་ཡབ་རྣམ་སྲས་སྟོབས་དང་ཡུམ་ནོར་འཛིན་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས་བཅུ་བཞིར་སོན་སྐབས་ཡབ་ཀྱིས་ཤིང་རྭ་སྦྲ་ཐོག་ཚང་གི་བུ་མོ་ཚེ་དབང་ལྷ་མོ་ཁབ་ཏུ་བླངས་ཀྱང་མ་བཞེས་པས་ཡུམ་གྱིས་བཀའ་བཀོད་གནང་བ་ལྟར་གསང་སྟབས་ཀྱིས་ཤེལ་ཕུག་བླ་མའི་སྐུ་མདུན་དུ་བཅར་ནས་ཐུན་མོང་ཐུན་མིན་གྱི་རིག་གནས་སྤྱི་དང་ནང་རྒྱུད་སྡེ་གསུམ་ལ་གསན་བསམ་སྒོམ་གསུམ་མཛད། རྨི་ལམ་དུ་གུ་རུ་པདྨ་རྗེ་འབངས་དང་བཅས་པའི་ཞལ་གཟིགས་ཤིང་། སྔ་འགྱུར་རྒྱུད་སྡེ་རྒྱ་མཚོའི་བཀའ་གཏད་ཐོབ། ངེས་གསང་དཀའ་བའི་རིགས་རྣམས་ཨོ་རྒྱན་ང་དང་རྣམ་དབྱེར་མེད་པ་རྗེ་ཀུན་བཟང་ཤེས་རབ་ཟེར་བ་ཞིག་ཡོད་པ་དེར་སོང་ལ་སྒྲོ་འདོགས་ཆོད་ཅེས་ལུང་བསྟན་བྱུང་བས་མནལ་སད་པའི་ཚེ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཅེས་པའི་མཚན་དྲན་པ་ཙམ་གྱིས་དད་པའི་བ་སྤུ་གཡོས། ཨོ་རྒྱན་རིན་པོ་ཆེ་དང་ཤེལ་ཕུག་བླ་མའི་ལུང་བསྟན་ལྟར་ཀཿཐོག་རྡོ་རྗེ་གདན་དུ་ཕེབས་ནས་རྗེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་དང་ཞལ་མཇལ་བྱུང་བས་དད་པ་དང་ངེས་འབྱུང་གི་སེམས་སྔར་ལས་ལྷག་པར་འཁྲུངས། མན་ངག་ཡོ་ག་གསུམ་སོགས་གསང་སྔགས་བླ་མེད་ཀྱི་ཐུན་མིན་མན་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན། རྗེ་བླ་མ་ཀུན་བཟང་ཤེས་རབ་དཔལ་ཡུལ་གདན་སར་ཕེབས་ནས་བཀའ་དགོངས་ཕུར་གསུམ། གནམ་ཆོས་རྫོགས་ཆེན་སོགས་ཀྱི་དབང་ལུང་ཚད་ལྡན་ཞུས་ནས་ལྷ་རི་འོད་གསལ་སྒང་དུ་ཉམས་བཞེས་མཛད་པས་ཀ་དག་རིག་པའི་རང་ངོ་འཕྲོད་ནས་ནང་རྒྱུད་ཡོ་ག་སོ་སོའི་རྟོགས་འབུལ་ཞུས། དཔལ་ཡུལ་གདན་རབས་ལོ་རྒྱུས་སུ་གསེར་པ་ཡེ་ཤེས་སེང་གེས་ཤིང་ས་ལའི་ལྗོན་དྲུང་དུ་བསྒོམས་པས། ཕྱིས་སུ་དགོན་པ་རང་གི་བླ་ཤིང་དུ་ངོས་འཛིན་མཛད་ཅེས་བྱུང་། རྗེ་བླ་མ་ཀུན་བཟང་ཤེས་རབ་མཆོག་གིས་གསེར་རྟ་ཕྱོགས་སུ་ཕེབས་ནས་གདན་ས་ཕྱག་འདེབས་དགོས་པའི་བཀའ་སློབ་དང་འབྱུང་འགྱུར་ལུང་བསྟན་མང་དུ་མཛད་ནས་རང་ཡུལ་དུ་ཕེབས་ཏེ། སྔོན་གྱི་བཙུན་མོ་ཚེ་དབང་ལྷ་མོས་དགོན་པ་འདེབས་པའི་ཆ་རྐྱེན་གསེར་དངུལ་དང་ནས་ཁལ་སྟོང་ཕྲག་མང་པོ་ཕུལ་ནས། ཕྱི་ལོ་ ༡༦༦༨ ལོར་གསེར་ལྷ་རྩེ་གསང་སྔགས་རབ་བརྟན་གླིང་རྨང་བཏིང་། བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་སྒྲུབ་གྲྭ་དང་འདུལ་བ་གཞི་གསུམ་དང་མཐུན་པར་དགོན་པའི་སྒྲིག་གཞི་ཡང་བཙུགས། དགེ་འདུན་སྟོང་ཕྲག་མ་ལོན་ཙམ་འདུས། རྒྱལ་བ་དཔལ་ཡུལ་བའི་བསྟན་པ་བྱང་ཕྱོགས་རྒྱ་མཚོའི་བར་དུ་དར་སྤེལ་བསམ་གྱིས་མི་ཁྱབ་པ་མཛད། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ ༡༧༣༧ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། དགོན་ལག་གཙོ་བོ་ཐིག་ནང་ཅན་བཅུ་གསུམ་བཅས་དགོན་ལག་བརྒྱ་རྩ་བྱུང་། དེ་ནས་རིམ་བཞིན་ད་ལྟའི་བར་དུ་བླ་རབས་བཅུ་ཙམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དང་མཛད་བཞིན་པའོ།།

འཇང་སྒང་དགོན།

དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལུང་རྟོགས་བསྟན་པའི་མངའ་བདག་ཆེན་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་བུ་ཆེན་རྣམ་བཞིའི་ཡ་གྱལ་ཞི་བའི་ལས་ཆེན་རང་ལས་ལྷག་པར་བསྔགས་པ་འཇང་སྒང་ཨ་འཕེན་ནམ་སྦྱིན་པ་རྒྱ་མཚོ་ཞུ་བ་དེ་ཉིད་ནི། སྔོན་འབྲི་གུང་སྐྱུ་རུའི་རིགས་སུ་འཁྲུངས་པའི་སྔགས་འཆང་སྟོན་པ་རྒྱལ་མཚན་ཞེས་བྱ་བ་མདོ་ཁམས་སྨད་དུ་བྱོན་ཏེ། སྙི་རོང་གི་ཡུལ་དུ་གདུལ་བྱའི་རྟེན་འབྲེལ་ལ་དགོངས་ཏེ་གཞིས་ཆགས་ཤིང་། གྲུབ་པའི་མཛད་པས་ཡུལ་དེའི་ནག་ཕྱོགས་གདོན་བགེགས་ཀྱི་རིགས་རྣམས་དམ་ལ་བཞག དེ་ནས་གདུང་རབས་སུམ་ཅུ་སོ་ལྔའི་མཚམས་སུ་འཇང་སྒང་ཨ་འཕེན་ཁོང་ཉིད་བྱོན། ཁོང་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་རིགས་ཀྱི་བདག་པོར་བསྟེན་ནས། ཐུགས་སྲས་བུ་ཆེན་བཞིའི་ཡ་གྱལ་དུ་གྱུར། དཔལ་ཡུལ་གདན་རབས་ལོ་རྒྱུས་སུ་འཇང་སྒང་ཨ་འཕེན་བེ་ཤིང་ལྗོན་དྲུང་དུ་བསྒོམས་པས། ཕྱིས་སུ་དགོན་པ་རང་གི་བླ་ཤིང་དུ་ངོས་འཛིན་མཛད་ཅེས་བྱུང་། རྗེ་རིག་འཛིན་ཆེན་པོས་འཇང་ཡུལ་དུ་དགོན་པ་འདེབས་དགོས་པར་ལུང་བསྟན་པ་ལྟར། ཧྲེ་ཧོར་ཤིས་ཁོག་གི་འཇང་ཡུལ་མདའ་ཞེས་པའི་ས་ཆར་སླེབས་པས། སའི་མིང་དཔྱད་སོགས་ཀྱིས་རྟེན་འབྲེལ་འགྲིག་པར་དགོངས་ནས་དགོན་པ་འདེབས་རྩིས་མཛད་སྐབས། ཀླུ་དཀར་ར་དམར་ཞེས་པའི་ཀླུ་མཐུ་བོ་ཆེ་ཞིག་ཡུལ་དེར་གནས་པ་དེ་ཉིད་ཀྱིས། གནས་འདིར་ངེད་གཉིས་མི་ཤོང་བས་ཅུང་ཟད་འཕགས་པའི་སྟེང་དུ་སོང་དང་། དེའི་ཡུལ་དང་འཐུང་ཆུ་སོགས་ཀྱི་ཆ་རྐྱེན་ངས་བསྒྲུབ་ཆོག་ཅེས་པའི་ངག་ལམ་ལྟར་དེར་ཕྱིན་ཚེ། ཆུ་མིག་གསར་རྡོལ་བྱུང་བ་སོགས་རྟེན་འབྲེལ་ལེགས་ལམ་གྱི་དབུ་བརྙེས་ཏེ། ཧོར་བྲག་མགོའི་ཡུལ་གྲུར་གཏོགས་པ་འཇང་བཀྲ་ཤིས་ལྷ་རི་ཞེས་པའི་སར། འཇང་སྒང་དགོན་པ་དེ་ཉིད་ཕྱག་བཏབ་གནང་ཞེས་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལ་གཞིགས་ན། ཡུལ་འཇང་མདའི་སྒང་རྒྱུད་དུ་ཆགས་ཡོད་པས་དགོན་མིང་ལ་འཇང་སྒང་ཞེས་ཐོགས་པར་སྙམ་མོ། །ཁོང་གིས་དགོན་པ་འདི་ཉིད་ཀྱིས་གཙོས་ཤིས་ཁོག་གི་ཡུལ་དུ་དགོན་པ་ཆེ་ཕྲ་བཅུ་གཅིག་ཕྱག་བཏབ་གནང་ཞེས་བཅའ་ཡིག་ལས་གསལ། དེ་ལྟར་ཆོས་སྡེ་གསར་འཛུགས་སོགས་གནས་སྐབས་དང་མཐར་ཐུག་གི་བདེ་བ་རྩ་ལག་དང་བཅས་པ་འབྱུང་བའི་གཞི། རྒྱལ་བསྟན་རིན་པོ་ཆེའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བྱས་པའི་མཛད་རྣམ་རྨད་དུ་བྱུང་བ་བསྐྱངས། ཁོང་གི་སྐུ་ཚ་རིགས་དབོན་ཚུལ་ཁྲིམས་རྡོ་རྗེ་ནི་གྲུབ་པའི་རྟགས་མཚན་མངོན་གྱུར་དུ་བྱུང་བས། གོང་མ་ཆན་ལུང་གི་དབུའི་མཆོད་གནས་སུ་རྒྱ་ནག་གི་གདན་སར་སྤྱན་དྲངས་ནས་དབུ་བླ་མཛད་པ་སོགས་དགོན་འདིར་བཀའ་དྲིན་ཆེ། གཙང་ར་ཧོར་དགོན་པ་དང་། སྒོ་ཆེན་དགོན་པ། མདོ་མང་དགོན་པ་སོགས་དགོན་ལག་མང་དུ་འཕེལ་ཞིང་། དེ་ནས་རིམ་བཞིན་ད་ལྟའི་བར་དུ་བླ་རབས་བཅུ་ཕྲག་ལྷག་ཙམ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་རྒྱས་སུ་མཛད་དང་མཛད་བཞིན་པའོ།།

ཤུག་སྒང་དགོན་པ།

དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལུང་རྟོགས་བསྟན་པའི་མངའ་བདག་ཆེན་མོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་བུ་ཆེན་རྣམ་བཞིའི་ཡ་གྱལ་དྲག་པོ་མངོན་སྤྱོད་ཀྱི་ལས་ཆེན་རང་ལས་ལྷག་པར་བསྔགས་པ་རོང་སྟོན་ལྷུན་གྲུབ་རྒྱ་མཚོའམ། མཚན་གཞན་འབའ་ཏིང་ཞེས་གྲགས་པ་དེ་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ཕྱི་ལོ་ ༡༦༤༥ ལོར་སྐུ་འཁྲུངས། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ། རིག་འཛིན་ཀུན་བཟང་ཤེས་རབ་མི་ལོ་ཉེར་ལྔའི་རིང་བསྟེན་ནས་སྒྲུབ་པ་ལྷུར་ལེན་མཛད་པར་ཁོང་གི་ཐུགས་སྲས་དམ་པ་བཞིའི་ཡ་གྱལ་དུ་གྱུར། དཔལ་ཡུལ་གདན་རབས་སུ་ཤུག་སྒང་འབའ་ཏིང་ཤིང་ཤུག་པའི་དྲུང་དུ་བསྒོམས་པས། ཕྱིས་སུ་དགོན་པ་རང་གི་བླ་ཤིང་དུ་ངོས་འཛིན་མཛད་ཅེས་བྱུང་། དེ་ནས་བླ་མ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱིས་བུ་ཆེན་སོ་སོ་ལ་དགོན་ས་ལུང་བསྟན་པར། རོང་སྟོན་ལ་ཁྱོད་རང་གི་དགོན་པ་ཕ་ཡུལ་གྱི་རི་མགོ་གུར་ཙམ་མཐོང་སར་ཐོབ་གསུངས་པ་ལྟར། ཧོར་བྲག་མགོ་ཡུལ་དུ་ཤུག་དགེ་རི་གླང་པོའི་སྒང་ཞེས་ས་ཡི་དགེ་མཚན་ཡོངས་སུ་ཚང་བའི་གནས་དེར་ཕྱི་ལོ་ ༡༦༧༠ རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་ཁྱིའི་ལོར་དགོན་འདི་ཐོག་མར་ཕྱག་བཏབ། ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་ཞེས་མཚན་གསོལ། དེ་ནས་ཝ་ཤུལ་གསེར་རྟའི་ཤཱཀྱ་ཐར་དང་། སྟོང་སྐོར་བ་དར་དབང་། ཧོར་ད་ར་ཎ་ཡན་ཏེ་རྒྱལ་ཁབ་གསུམ་གྱི་གྲྭ་རིགས་རྣམས་འདུས། བླ་མ་འབའ་ཏིང་གིས་ཝ་ཤུལ་ཁག་གསུམ་དང་སྡེ་དགེ་དང་སོག་པོའི་དབུ་བླ་དང་། ཨོ་རྒྱན་གསང་སྔགས་གླིང་པའི་ཆོས་བདག་ཀྱང་མཛད། ཆོས་རྒྱལ་གཡུ་ཕྲེང་ཅན་གདན་དྲངས་ཏེ་ཤུག་སྒང་དགོན་གྱི་དཀོར་སྲུང་དུ་བསྐོས། མཐར་དགུང་གྲངས་བརྒྱད་ཅུ་ཕྱི་ལོ ༡༧༢༥ ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།

དེ་ནས་རིམ་བཞིན་ད་ལྟའི་བར་བླ་རབས་བཅུ་གཉིས་ཙམ་གྱིས་བསྟན་པ་བསྐྱངས་ཤིང་། བླ་མ་དམ་པ་རྣམས་ཀྱིས་དངོས་སུ་དགོན་ས་བཏབ་པ་དང་། སློབ་མའི་ཐུ་བོ་ཚོས་དགོན་པ་བཏབ་སྟེ་ཤུག་སྒང་འོད་གསལ་ལྷུན་གྲུབ་གླིང་གི་དབང་འོག་ཏུ་རང་ཤུགས་སུ་ཕུལ་བ་སོགས་ཀྱིས་གསེར་ཧོར་ཤུལ་དགོན་པ། སྟག་ལུང་དགོན་པ། དུང་དཀར་དགོན་པ། སང་སང་ཏྲ་ཏྲ་དགོན་པ། རྒྱ་ཕྱུག་དགོན་པ། སྐྱི་སྔོན་དགོན་པ། རྡོའི་རི་ནང་དགོན་པ། མཁན་ལེབ་དགོན་པ། རྒྱལ་གྱི་ཡར་ཡོང་དགོན་པ། ཤུག་གནས་རི་ཁྲོད་བཅས་དགོན་ལག་ཉེར་ལྔ་ཙམ་ཡོད་དོ།།

གཙང་མདའ་དགོན།

དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལུང་རྟོགས་བསྟན་པའི་མངའ་བདག་ཆེན་མོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་བུ་ཆེན་རྣམ་བཞིའི་ཡ་གྱལ་དབང་གི་ལས་ཆེན་རང་ལས་ལྷག་པར་བསྔགས་པ་གྲུབ་དབང་རྡོ་རྗེ་ཐལ་གང་ཉིད་གོ་ལའི་གདུང་ཞེས་འཇང་སྒང་ཨ་འཕེན་དང་རུས་རྒྱུད་གཅིག་ཏུ་འཁྲུངས། ཁོང་ཉིད་སྐུ་ན་ཕྲ་བའི་དུས་ནས་རབ་ཏུ་བྱུང་ཞིང་། ཀརྨ་བདེ་ཆེན་སོགས་བཤེས་གཉེན་དུ་མ་བཀུར་ནས་དབང་ཁྲིད་མན་ངག་གི་གདམས་པ་མང་དུ་མནོས། དགུང་གྲངས་བཅོ་ལྔའི་ཐོག་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་གྲྭ་སར་ཕེབས་ཏེ། རིག་འཛིན་ཀུན་བཟང་ཤེས་རབ་རིགས་ཀྱི་བདག་པོར་བསྙེན་ནས། དབང་ལུང་ཁྲིད། མན་ངག་རྒྱུན་མ་ལུས་པ་ཐུགས་ཀྱི་བཅུད་དུ་བསྟིམས་ཤིང་ཉམས་བཞེས་མཛད། དཔལ་ཡུལ་གདན་རབས་སུ་གཙང་མདའ་རྡོ་རྗེ་ཐལ་ཤིང་འོ་སེའི་དྲུང་དུ་བསྒོམས་པས། ཕྱིས་སུ་དགོན་པ་རང་གི་བླ་ཤིང་དུ་ངོས་འཛིན་མཛད་ཅེས་བྱུང་། དེ་ཡང་ཁོང་གི་མཚན་ལ་རྡོ་རྗེ་ཐལ་ཞེས་གསོལ་བའི་རྒྱུ་མཚན་ནི། རིག་འཛིན་ཀུན་བཟང་ཤེས་རབ་མཆོག་གིས་གཤིན་པོའི་རྣམ་ཤེས་ཕོར་པའི་ཞབས་སུ་མནན་ཏེ་སྟེང་དུ་རྡོ་རྗེ་བཞག་ནས་ཉམས་སད་ཀྱི་ཆེད་དུ་ཁོང་ལ་འཕོ་བ་གསུང་དུ་བཅུག་པ་ན། ཕཊ་སྒྲ་དང་མཉམ་དུ་རྡོ་རྗེ་འཕགས་ཏེ་ཁང་བའི་གཤམ་ཤིང་ངོས་སུ་འཛེར་བས་རྡོ་རྗེ་ཐལ་ཞེས་ཞུ་བ་བྱུང་ཞེས་གྲགས་སོ། །སྡེ་དགེའི་ཁྲི་ཆེན་སངས་རྒྱས་བསྟན་པ་དང་མཆོད་ཡོན་དུ་གྱུར་པ་སོགས་བུ་སློབ་དང་ཡོན་བདག་གིས་ཁྱབ་པར་གྱུར། སྤྱི་ལོ་ ༡༦༦༦ ལོར་གྲུབ་དབང་རྡོ་རྗེ་ཐར་དེ་ཉིད་རིག་འཛིན་ཀུན་བཟང་ཤེས་རབ་མཆོག་གི་བཀའ་ལྟར་ཏྲེ་ཧོར་བྲག་མགོ་ཡུལ་གྲུར་ཕེབས། སྔོན་གནས་འདིར་གོ་ལ་ཡབ་མེས་རྣམ་པས་ཕྱག་བཏབ་པའི་བཀའ་བརྒྱུད་ཀྱི་དགོན་ཆུང་ཞིག་ཡོད་པར་གྲགས་ཀྱང་། རྗེ་འདི་ཉིད་ནས་གསང་སྔགས་སྔ་འགྱུར་བའི་བསྟན་པར་བཀས་མངའ་དབང་བསྒྱུར་ཏེ་རྣམ་གྲོལ་བདེ་ཆེན་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་ཞིག་གསོ་མཛད་དེ་ཕྱག་རྫོགས་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར། ཧོར་གྱི་ཡབ་མེས་ཆེན་པོ་ནོ་ཡོན་ཧ་ཤང་ཆེ་མཆོད་ཡོན་འབྲེལ་ནས་བསྟན་པའི་སྦྱིན་བདག་མཛད་དེ་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་དང་ཞིག་གསོའི་མཛད་པ་བཞེས། སློབ་ཆེན་གདུགས་ཐོགས་སྟོང་ལ་སོགས་པ་བྱུང་ནས། ཕྱག་རྫོགས་བསྟན་པའི་ཕྲིན་ལས་ཡར་ངོའི་ཟླ་བའི་ཁམས་བཞིན་འཕེལ་བ་བྱུང་། དེ་ནས་རིམ་བཞིན་ད་ལྟའི་བར་དུ་བླ་རབས་བཅུ་ཕྲག་མ་ཟིན་ཙམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དང་མཛད་བཞིན་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།