ལོ་རིམ་དང་པོའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།
ཀ་ར་བུ་རམ་ཟོས་པའི་བྱིས་དུས་ཀྱི་སེམས་ཁམས།།
ཁ་བའི་མདངས་ལྟར་དྲི་མེད་དྭངས་གཙང་ཞིག་ཡིན་མོད།།
ག་ལེར་ས་མཐའ་འགྲིམས་པའི་རྣམ་རྟོག་གི་རླབས་རིས།།
ང་ཡི་དྭངས་པའི་མཁའ་ལ་དལ་པོ་རུ་འཕྱུར་བྱུང་།།
ཅ་ཅོ་འདུ་འཛིས་བྲེལ་བའི་ས་མཐའ་ཡི་འཁྱམ་པོས།།
ཆ་བཞག་ཕུགས་འདུན་བསུ་བའི་རེ་བ་དེ་དོར་ནས།།
ཇ་ཆང་འདོད་ཡོན་གླེང་བཞིན་ཁ་ཕོ་དེ་ཟློ་བ།།
ཉ་གང་ལང་ཚོའི་ཟླ་བ་ཉིན་རེ་ནས་ཡལ་སོང་།།
ཏ་ཐཱ་ག་ཏའི་གསུང་གི་བདུད་རྩི་ཡི་ན་བུན།།
ཐ་དད་མི་རིགས་ཡིད་མཁར་དལ་པོ་རུ་འཁྲིགས་ཀྱང་།།
ད་ལྟ་ཉོན་མོངས་ཙག་རླུང་ལྷོ་མཐའ་རུ་བདས་པའི།།
ན་གཞོན་ང་འདྲའི་ལས་དེ་ཤོག་བུ་དང་མཚུངས་སོང་།།
པ་ལོ་གྲི་ཁར་གཏད་ནས་ཆོས་གོས་དེ་གྱོན་ཀྱང་།།
ཕ་ཆོས་དྭངས་མའི་མེ་ཏོག་ཡིད་ལ་རང་བཞད་དཀའ།།
བ་ལང་སུག་རྗེས་འཚོལ་བའི་ཆུང་དུས་ཀྱི་འཚོ་བ།།
མ་དྲན་སེམས་པའི་ཀློང་ནས་ཡར་ཡར་དུ་འཚངས་འོང་།།
ཙ་རི་རང་ཡུལ་དྲོན་མོའི་ཁྱིམ་གཞིས་དེ་མ་བསྐྱངས།།
ཚ་རོང་རྒྱུས་མེད་ས་ཆེན་གོམ་པ་ཡིས་འཇལ་ནས།།
ཛ་ཡའི་གསུང་གི་བདུད་རྩི་ལྕེ་ཐོག་ལ་བབས་ཀྱང་།།
ཝ་མོ་གཡོ་སྒྱུའི་གྲོགས་ཀྱིས་མྱོང་སྐལ་དེ་བཅད་སོང་།།
ཞ་འཐེང་གོམ་འགྲོས་མི་འཁྱོལ་འདེགས་མ་ཡི་དྲུད་ཀྱིས།།
ཟ་ཕོར་གཞན་ལ་འཐབ་པའི་འཚོ་བ་ཡི་ཁྲོད་ནས།།
འ་འུར་ཆོས་མིན་ཅ་ཅོས་ཉིན་མཚན་དེ་བྲི་དུས།།
ཡ་ཐོད་ཀྱག་ཀྱོག་རི་མོའི་ལས་དབང་དེ་ལྕི་སོང་།།
ར་བ་གངས་ཀྱིས་བསྐོར་བའི་ཁ་བ་ཡི་ལྗོངས་ནས།།
ལ་ལུང་གྲངས་མེད་བརྒལ་ཏེ་ལྷོ་མཐའ་རུ་འབྱོར་ཡང་།།
ཤ་ཚའི་གཉེན་དང་བྲལ་བའི་འཚོ་བ་ཡི་ཁྲོད་ནས།།
ས་མཐའི་ཁེར་རྐྱང་ལས་དེ་རྒྱབ་ཁུར་ཞིག་ཡིན་སོང་།།
ཧ་ཅང་གཞན་ཡུལ་འགྲིམས་པའི་མྱོང་བ་ཡི་གསེང་ནས།།
ཧ་ལས་བགྲང་བྱ་ཉེར་ལྔ་ལྟག་རྒྱབ་ཏུ་བཞུད་འདུག།།
ཨ་མཚར་མཛེས་སྣང་མཐོང་བའི་བསླུ་བྲིད་ཀྱི་ཕམ་ཁ།།
ཨ་ཁ་ཕྱིར་དྲན་ཀློང་གི་ན་ཟུག་དེ་ལྡང་བྱུང་།།