འགྱུར་མེད།
སྤྱིར་བཤད་པ།
འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་འཇིག་རྟེན་ཁམས་ཆེན་མོའི་ནང་ཚེ་སྲོག་སྐྱེ་འཕེལ་གྱི་བརྒྱུད་རིམ་རིང་མོ་འགོ་བཙུགས་པ་ནས་བཟུང་། དགའ་སྐྱོ་ཆགས་སྡང་གི་ཚོར་ཤུགས་དང་བསྡེབས་པའི་ལུས་ངག་གི་རྣམ་འགྱུར་ཡང་ལྷན་སྐྱེས་སུ་གྲུབ་ཡོད། ལྷག་དོན་དུ་མིའི་རིགས་ཀྱི་ལོ་རྒྱུས་ནང་དགའ་བ་རྩེར་སོན་གྱི་ཞབས་བྲོ་དང་དགོད་སྒྲ། སྐྱོ་བའི་དུས་སྐབས་ཀྱི་མིག་ཆུ་དང་མྱ་ངན་བཅས་ནི་གདོད་མ་ནས་འཚོ་བའི་འགྲུལ་ལམ་ནང་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་ཡོང་བ་ཞིག་ཡིན། དེ་བས་ཡི་གེ་མེད་པའི་རྡོ་བའི་དུས་རབས་ནས་བཟུང་། ནང་སེམས་ཀྱི་ཚོར་བའི་འཕངས་ཤུགས་ལས་གྲུབ་པའི་ཕྱིའི་ལུས་ངག་གི་སྒེག་པ་དང་དཔའ་བ་ལ་སོགས་པའི་རྣམ་འགྱུར་དག་ལ་ཉམས་ཞེས་པའི་ཐ་སྙད་མ་བཏགས་པ་ཙམ་ལས་གདོད་མ་ནས་ཡོད་པ་གཞིར་བཞག་གི་རང་བཞིན་ཡིན་པ་ལ་སོམ་ཉི་བྲལ།
ཉམས་ཞེས་པའི་བརྡ་ཆད་ནི་ཐོག་མར་གཞས་ཞབས་བྲོ་དང་གར་འཆམ་གྱི་སྒྱུ་རྩལ་ཚུར་སྣང་ལས་གྲུབ་པའི་ཐ་སྙད་ཅིག་ཡིན་པར་ཚོད་དཔག་བྱེད་ཆོག་སྟེ། ཡི་གེ་དང་འབྲེལ་བ་ཕྲ་བའི་བོད་ཀྱི་ཡུལ་སྐད་དཀྱུས་མའི་ནང་དུའང་། མི་འདི་བྲོ་འཁྲབ་ཉམས་མཚར་བ་ལ། གཞས་གཏོང་ཉམས་ཡག་ག་ལ། སྒྲ་སྙན་དཀྲོལ་ཉམས་ལ། ཞེས་ཕལ་སྐད་ནང་བཀོལ་སྤྱོད་བྱེད་པ་ལ་དཔགས་ན་ཡི་གེའི་རྩོམ་རིག་མ་བྱུང་བའི་སྔོན་དུས་ནས་ཉམས་ཀྱི་བརྡ་ཆད་འདི་གྲུབ་མེད་དམ་སྙམ།
ལུས་ངག་གི་རྣམ་འགྱུར་ལུང་མ་བསྟན་གྱིས་གཞན་རྒྱུད་ལ་བག་ཆགས་འཇོག་མི་སྲིད་པ་བཞིན། རྣམ་འགྱུར་གྱི་རྩེ་རུ་སོན་པའི་ཉམས་བརྒྱད་ནི་ཡིད་འགུག་གི་ནུས་ཤུགས་ལྡན་པའི་ཟློས་གར་དང་ཞབས་བྲོས་མཚོན་པའི་ལུས་ངག་གི་སྒྱུ་རྩལ་ཆེ་ཕྲ་གང་ལའང་མེད་ཐབས་མེད་པ་ཡིན་ཅིང་། རྩོམ་འབྲི་རིག་པའི་ནང་དུའང་སྣང་བརྙན་རང་བཞིན་གྱི་འགུལ་གཟུགས་བཞེངས་འབྲི་དང་། ཡུལ་ལྗོངས་ཀྱི་རང་བྱུང་མཛེས་བཀོད་མཚར་སྡུག མིའི་འཚོ་བའི་ཚབ་མཚོན་ནུས་པའི་སྒྱུ་རྩལ་བརྩམས་ཆོས་བཅས་ལེགས་གྲུབ་ཡོང་བར་ནང་སེམས་ཀྱི་ཚོར་འདུ་ཕྱི་རུ་ལུད་པའི་ཉམས་བརྒྱད་པོ་ནི་ལྷ་བཟོ་མཁས་པའི་པིར་གྱི་རི་མོ་ལྟར་ཞིབ་ལ་མ་འདྲེས་པ་ཞིག་དགོས་པས། དེ་ཉིད་རེ་རེ་ནས་ཞིབ་འབྲི་བྱེད་ཚུལ་དང་། མཉམ་བསྲེས་དང་ལྷན་བསྡེབས་ཀྱི་སྐད་ཆའི་སྒྱུ་རྩལ་ཇི་ལྟར་བཞེངས་པའི་ཚུལ་བསྟན་པའི་གཞུང་ལུགས་ཀྱང་ལྟོས་བཅས་ཀྱིས་མི་རིགས་སོ་སོའི་ནང་བྱུང་ཡོད་པར་འདོད་ཆོག བོད་དུ་ནི་མེ་ལོང་མ་བསྒྱུར་པ་ནས་བཟུང་སྟེ་ཉམས་དང་འབྲེལ་བའི་རྩོམ་འབྲི་རིག་པ་འདི་དར་རྒྱས་སུ་སོང་བར་འདོད་ནུས།
དེ་ལྟར་ཉམས་ནི་ཐོག་མར་ལུས་ཀྱི་སྟངས་སྟབས་གར་གྱི་ཆ་བྱད་དང་འབྲེལ་བ་ཡོད་པར་མེ་ལོང་མ་ནས་ཀྱང་བཤད་དེ། 1སྒེག་དང་རོལ་པའི་སྟབས་ལ་སོགས། །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། །མཉན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །ཅེས་ཉམས་ལ་མིག་ཤེས་ཀྱིས་གཟུང་བྱ་དང་རྣ་ཤེས་ཀྱིས་མཉན་བྱ་གཉིས་སུ་གསུངས་པ་བཞིན་ནོ།།
མེ་ལོང་མ་ནས་སྙན་ངག་གི་ཉམས་ཇི་ལྟར་བསྟན་ཚུལ།
སྙན་ངག་པའི་ཚོར་འདུ་ཉིད་ས་བོན་ཡིན་ན་ཉམས་ཀྱིས་ཚོར་འདུ་དེ་ཉིད་རྣམ་འགྱུར་དུ་འབར་བའི་མེ་ཏོག་གི་གོ་ས་བཟུང་ཡོད་པས་མེ་ལོང་མ་ནས་ཀྱང་དམིགས་སུ་བཀར་ནས་སྙན་ངག་གི་ཉམས་སྐོར་ཐེངས་ལྔ་ཙམ་གླེངས་ཡོད།
སྤྱིར་མེ་ལོང་མ་ནས་བཤད་པའི་རྒྱན་གང་པོས་སྙན་ངག་གི་སྒྲ་ཉམས་དང་དོན་ཉམས་གཉིས་ཇི་ལྟར་ཕུན་སུམ་ཚོགས་པར་གཏོང་ཚུལ་གྱི་ཐབས་ལམ་བསྟན་པ་འབའ་ཞིག་ཡིན་ཏེ། ལེའུ་དང་པོའི་སྙན་པའི་རྒྱན་གྱི་མདོར་བསྟན་སྐབས། གཞུང་ལས།2 སྙན་པ་ཉམས་ལྡན་ཚིག་དང་ནི། །དངོས་པོ་ལ་ཡང་ཉམས་གནས་པ། །སྦྲང་རྩི་སྤྱོད་པ་སྦྲང་རྩིས་བཞིན། །གང་གིས་བློ་ལྡན་དགའ་བྱེད་པའོ། །ཞེས་མདོར་བསྟན་ཏེ་སྒྲ་ཉམས་ཇི་ལྟར་འདོན་ཚུལ་རྒྱས་པར་བཤད་ནས་དོན་ཉམས་འདོན་ཚུལ་ལ། གཞུང་ལས།3 ངེས་པར་རྒྱན་རྣམས་ཀུན་ལ་ཡང་། །དོན་གྱི་ཉམས་དག་སྦྱིན་པར་བྱེད། །ཅེས་སྙན་ངག་ཆེ་ཆུང་ཀུན་ལ་སྒྲ་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པ་ལྡན་པར་བྱེད་པའི་ཐབས་ཡོད་ཚད་ཉམས་ཀྱི་ཁོངས་སུ་བསྡུ་བར་བཞེད་དོ།།
ལེའུ་དང་པོའི་སྙན་ངག་གི་བརྗོད་གཞི་བསྟན་པའི་མཇུག་ཏུ། 4ཉམས་དང་འགྱུར་བ་དག་གིས་གཏམས། །ཞེས་སྙན་ངག་ཆེ་ཆུང་གང་ལའང་ཉམས་འགྱུར་གྱིས་གཏམས་དགོས་ཚུལ་ནན་ཏན་གྱིས་གདམས་ཏེ་ཚིགས་བཅད་གཉིས་དང་ཕྱེད་ཀྱི་མཇུག་དེ་མ་ཐག་ཏུ། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ཡང་ནི་བསྔགས་བྱས་ནས། །དེ་ལས་རྒྱལ་ཕྱིར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེད། །ཅེས་པའི་སྐབས་འདི་ནས་སློབ་དཔོན་དབྱུག་པ་ཅན་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ཉམས་བཞེད་ཚུལ་སྐོར་གསལ་བཤད་གནང་ཡོད། སྐབས་འདི་དག་ནས་བསྟན་པའི་ཉམས་ཞེས་པ་ནི་སྙན་ངག་གི་སྒྲ་དོན་ལ་སྙན་ཆ་དང་མཛེས་རིས་ཇི་ལྟར་བརྐོ་བའི་ཐབས་སྤྱིར་བཏང་བ་ཙམ་ལ་འདོད་ན་འཐད་པར་མཐོང་ངོ་།།
ལེའུ་གཉིས་པའི་དངོས་གཞིའི་སྐབས་སུ་ནི་བྱེ་བྲག་ཏུ་གྱུར་པའི་ཉམས་བརྒྱད་ཞིབ་པར་བཤད་ཡོད། ནང་སེམས་ཀྱི་འགྱུར་བ་བརྒྱད་ཕྱི་ལུས་ངག་གི་རྣམ་འགྱུར་དུ་འཕོས་པའི་ཉམས་བརྒྱད་པོ་རེ་རེ་ནས་མཚོན་པའི་དཔེར་བརྗོད། ཉམས་བརྒྱད་ཕལ་ཆེ་བའི་དོན་ལྡོག་བཤད་སྦྱར་དང་བཅས་ཏེ་རྒྱས་པར་བསྟན་ཡོད། མཐར་ལེའུ་གསུམ་པ་སྙན་ངག་གི་སྐྱོན་སེལ་སྐབས་སྒྱུ་རྩལ་དང་འགལ་བའི་དཔེར་བརྗོད་དུ། འགྱུར་བ་དང་ཉམས་གཉིས་བར་རང་སའི་ལྟོས་འཇོག་གི་རྒྱུ་འབྲས་འབྲེལ་བ་བྱེ་བྲག་ཏུ་གྲུབ་པ་གཞིར་བཟུང་ཐོག་སྙན་ཚིག་ནང་འབྲི་གླེང་བྱེད་འོས་པ་ལས། རྒྱུ་འབྲས་ནོར་ནས་གླེངས་པའམ་བྲིས་ན་སྒྱུ་རྩལ་དང་འགལ་བའི་སྐྱོན་བསྟན་ཡོད། རྩ་བར།5 སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར། །དཔའ་དང་སྡིག་པའི་ཡིད་བྱེད་ཀྱི། །གནས་ཅན་ཁྲོ་དང་ཡ་མཚན་ནོ། །ཞེས་བྱུང་བ་ལྟར་རོ།།
ལེའུ་དང་པོ་དང་གཉིས་པའི་སྐབས་སུ་ཉམས་ཡང་ནས་ཡང་དུ་བསྟན་པ་ལ་སྤྱི་དང་བྱེ་བྲག་གི་དབང་དུ་བྱས་པའི་ཕྱིར་མི་ཟློས་པའི་ཚུལ་ཡང་། གཞུང་ལས།6 སྙན་པ་གྲོང་པ་ཉིད་མིན་སྐྱེས། །བརྗོད་བྱ་ཡི་ནི་ཉམས་དག་བསྟན། །འདིར་ནི་ཉམས་བརྒྱད་དབང་བྱས་ཏེ། །ཚིག་རྣམས་ཉམས་དང་ལྡན་པར་བཤད། །ཅེས་གསུངས་སོ།།
ཉམས་དང་འགྱུར་བ་བྱེ་བྲག་ཏུ་བཤད་པ།
དེ་ཡང་སློབ་དཔོན་དབྱུག་པ་ཅན་གྱིས། 7ཉམས་ལྡན་ཡིད་འོང་ཉམས་དང་ལྡན། །ཅེས་བསྔགས་བརྗོད་དང་ལྷན་དུ་མདོར་བསྟན་ཏེ་ཉམས་བརྒྱད་རེ་རེ་ནས་བཤད་པ་ན་སྒེག་དཔའ་དྲག་ཤུལ་སྙིང་རྗེ་བཅས་བཞི་དཔེར་བརྗོད་བཤད་སྦྱར་དང་བཅས་ཏེ་ཚིགས་སུ་བཅད་པ་བརྒྱད་ཀྱིས་བསྟན་པ་དང་། སྡུག་པ་དང་བཞད་གད་རྨད་བྱུང་དང་འཇིགས་རུང་བཅས་ལ་དཔེར་བརྗོད་རེ་བསྟན་ཏེ་བསྡོམས་པས་ཚིགས་བཅད་བཅུ་གཉིས་ཀྱིས་ཉམས་བརྒྱད་ཇི་བཞིན་དུ་གསལ་བར་མཛད་ཡོད། མཐར་ཤོ་ལོ་ཀ་གཅིག་གིས་ལེའུ་དང་པོའི་སྙན་པའི་ཉམས་ལས་ཁྱད་པར་བསྟན་ཏེ་མཇུག་བསྡུས་པ་བཅས་ནི་མེ་ལོང་མ་ནས་ཉམས་བརྒྱད་བྱེ་བྲག་ཏུ་བཤད་པའི་ཚུལ་ལོ།།
རྩ་བ་དེའི་དགོངས་པ་མ་ནོར་བར་འཚོལ་བའི་འགྲེལ་བྱེད་མཁན་པོ་དག་གིས་ཉམས་བརྒྱད་པོ་འགྲེལ་བ་ན། བརྒྱད་པོའི་རྒྱུའི་གནས་སྐབས་ཀྱི་ཡིད་བྱེད་གནས་སམ་འགྱུར་བ་ཞེས་པ་གསལ་ཁ་མཛད་པ་དང་ལྷན་དུ་སྙན་ཚིག་རིག་པ་བའི་དཔུང་སྡེའི་ཁྲོད་ན་ཉམས་འགྱུར་ཞེས་པའི་བརྡ་ཆད་འདི་ཡང་མི་གསལ་བ་ནས་གསལ་དུ་ཕྱིན་ཅིང་གསལ་བ་ནས་འབུར་ཐོན་རང་བཞིན་དུ་གྱུར་པར་ཟད་དོ།།
དེ་ལ་ཉམས་དང་འགྱུར་བའི་དོན་ནི་མེ་ལོང་མའི་རྒྱ་འགྲེལ་མཛད་པ་པོ་8སློབ་དཔོན་རཏྣ་ཤྲཱིས། དགའ་དང་དགོད་བྲོ་མྱ་ངན་དང་། །ཁྲོ་དང་སྤྲོ་བ་དེ་བཞིན་འཇིགས། །སྐྱུགས་བྲོ་ངོ་མཚར་ཞེས་དེ་རྣམས། །གནས་བྱེད་འགྱུར་བར་རབ་ཏུ་གྲགས། །སྒེག་དང་དགོད་དང་སྙིང་རྗེ་དང་། །དྲག་པོ་དཔའ་བ་འཇིགས་བྱེད་དང་། །མི་སྡུག་རྨད་བྱུང་མིང་ཅན་ཞེས། །བརྒྱད་རྣམས་གར་གྱི་ཉམས་སུ་བཤད། །ཅེས་གསུངས་པའི་དོན་ཉིད་ཁམས་འགྲེལ་དུ།9 གཞུང་གི་རྒྱ་དཔེར། སྠཱ་ཡི་ཞེས་འབྱུང་བ་བོད་སྐད་གནས་ཅན་ཏེ་ཉམས་བརྒྱད་པོའི་སྤྱི་མིང་དང་། དེ་ཡང་དེ་ཉིད་ཀྱི་རྒྱུར་གྱུར་པ་ལུས་ངག་ཏུ་མ་ཐོན་ཅིང་། ཡིད་ཀྱི་གནས་སྐབས་ཀྱི་ཀུན་སློང་ཐོག་མའི་ས་བོན་ལྟ་བུར་གྱུར་པ་དེ་ལ་ཡིད་བྱེད་དམ་གནས་ཞེས་བྱ། དེ་ཆེས་ཆེར་འཕེལ་བས་ལུས་ངག་གི་ཉམས་འགྱུར་རོ། །དེ་ལྟ་བུའི་གནས་སམ་ཡིད་བྱེད་ཀྱི་ཁྱད་པར་རྒྱུར་གྱུར་པ་རེ་དང་། གནས་ཅན་ཉམས་ཀྱི་ཁྱད་པར་འབྲས་བུར་གྱུར་པ་རེ་རྒྱུ་འབྲས་སུ་འབྲེལ་བའི་འབྲེལ་བ་མ་འཆོལ་བར་འབྱུང་དགོས་པའི་ཕྱིར། འདིར་ཡང་སྤྲོ་བའི་ཡིད་བྱེད་ཀྱི་གནས་འཕེལ་བ་དཔའ་བའི་གནས་ཅན་ནམ་ཉམས་དང་། དགའ་བའི་ཡིད་བྱེད་ཀྱི་གནས་འཕེལ་བ་ལས་སྒེག་པའི་ཉམས་སམ་གནས་ཅན་དག་བྱུང་བ་དང་། དེ་བཞིན་དུ་ཁྲོ་བའི་ཡིད་བྱེད་ཀྱི་གནས་འཕེལ་བ་དྲག་པོའི་ཉམས་སམ་གནས་ཅན་དང་། ཡ་མཚན་པའི་གནས་སམ་ཡིད་བྱེད་འཕེལ་བ་རྨད་བྱུང་གི་གནས་ཅན་ནམ་ཉམས་ཞེས་སྨོས་དགོས། ཞེས་དང་།
དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས།10 སྐབས་འདིར་ཉམས་དང་འགྱུར་བ་ཞེས་པ་ནི། དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་འགྱུར་བ་ནི། ལུས་ངག་ཏུ་མ་ཤར་བའི་ནང་གི་འགྱུར་བ་ཡིན་ལ། དེ་ཉིད་ཇེ་ཆེར་འཕེལ་ནས་འཛུམ་པའམ་ཁྲོ་གཉེར་བསྡུས་པ་ལྟ་བུ། ལུས་ངག་ཏུ་ཤར་བ་ནི་ཉམས་ཡིན་ཅིང་། དེ་ཡང་ཁོང་ནས་དགའ་བའི་འགྱུར་བ་ལ་ཕྱི་རོལ་ཏུ་སྒེག་པའི་ཉམས་དང་། རྒོད་བྲོ་བ་ལ་བཞད་གད་དམ་གད་མོ་དགོད་པའི་ཉམས་དང་། ཤི་འབྲལ་སོགས་ཀྱི་མྱ་ངན་ལ་བཞིན་མདངས་ཉམས་ཤིང་། སྙིང་རྗེ་བའི་ཉམས་དང་། ཁྲོ་བ་ལ་དྲག་ཤུལ་ལམ། ཁྲོ་གཉེར་བསྡུས་པའི་ཉམས་དང་། སྐྲག་པ་ལ་འཇིགས་ཤིང་བག་འཁུམས་པའི་ཉམས་དང་། སྐྱུག་བྲོ་བ་ལ་ཞེ་མེར་ཞིང་མི་སྡུག་པའི་ཉམས་དང་། ངོ་མཚར་བ་ལ་རྨད་བྱུང་ངམ་རྔམ་པའི་ཉམས་ཏེ་ཉམས་བརྒྱད་ཡོད་ལ། ཞེས་གསུངས་པ་ལྟར་དང་།
ཡང་ཁམས་འགྲེལ་ལས།11རྒྱུར་གྱུར་པ་གནས་ཀྱི་བསམ་པ་བརྒྱད་དུ་གྲངས་ངེས་པར་བཤད་པས། དེ་རྣམས་རྒྱས་པས་འབྲས་བུར་གྱུར་པའི་ཉམས་རྣམས་ཀྱང་བརྒྱད་ཉིད་དུ་གྲངས་ངེས་པར་བཞེད་པ་སྟེ། དེའི་ཚེ་ཞི་བ་དང་མཉེས་གཤིན་པ་ནི་ཆོས་ཀྱི་སྒེག་པ་ཡིན་པའི་ཕྱིར་སྒེག་ཉམས་ཀྱི་ཕྱོགས་སུ་བསྡུའོ། །ཞེས་ཉམས་དང་འགྱུར་བའི་གནས་སྐབས་དང་ཉམས་ལ་བརྒྱད་དུ་གྲངས་ངེས་པའི་རྒྱུ་མཚན་དང་བཅས་པ་བསྟན་ཏོ།།
སྙན་ཚིག་ནང་ཉམས་འབྲི་བཞེངས་བྱེད་ཚུལ།
སྤྱིར་སྙན་ངག་གི་རྒྱན་ཡོད་དོ་ཅོག་བྲི་བྱའི་བརྗོད་བྱ་གང་ཉིད་སྐད་ཆ་དཀྱུས་མའི་གནས་ཚད་ལས་འགོངས་པར་བྱས་ཏེ། ཚིག་དང་དོན་ལ་མཛེས་མཆོར་སྤུད་སྟངས་ཙམ་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སྐབས་ནས་བཟུང་བོད་ཀྱི་སྲོལ་རྒྱུན་སྙན་ཚིག་གི་མཛེས་པ་མཚོན་ཐབས་གཙོ་བོ་ནི་མེ་ལོང་མའི་དོན་རྒྱན་རྣམས་གཙོ་བོར་བཀོལ་ཡོད། མེ་ལོང་མ་གཞིར་བཞག་ནས་སྙན་ངག་ཡིན་མིན་གྱི་ས་མཚམས་ཀྱང་གྲོང་ཚིག་དང་འདྲེས་མ་འདྲེས་ལ་འཇོག་ཅིང་། དེ་ཡང་ཞིབ་ཏུ་བརྟགས་ན་སྙན་ཚིག་གི་ལུས་སྒྲུབ་བྱེད་ཀྱི་སྐད་ཆ་རེ་རེ་ནས་ཕལ་སྐད་དམ་གྲོང་པའི་ཚིག་ཡིན་མིན་གཙོ་བོ་མིན་པར། བརྗོད་དོན་གང་ཉིད་ཅུང་འཁྱོག་ཉམས་ཀྱིས་མ་ཡིན་པར་མ་གསང་ཐད་ཀར་བརྗོད་པ་ཉིད་གྲོང་ཚིག་དང་འདྲེས་པའི་སྐྱོན་དུ་བསྟན་ཡོད། དེ་ལྟར་ཡིན་པ་ཡང་གཞུང་གི་དཔེར་བརྗོད་དུ། 12འདོད་ལྡན་དག་ལ་གཞོན་ནུ་མ། །ཁྱོད་ནི་ཇི་ལྟར་འདོད་མི་བྱེད། །ཅེས་འདི་གྲོང་པའི་དོན་དག་ཉིད། །ཉམས་དང་བྲལ་བ་ཁོ་ནར་བྱེད། །ཅེས་དང་དེ་སྤོང་བར་བྱེད་པའི་ཉམས་ཇི་ལྟར་སྦྱིན་པ་མཚོན་པའི་དཔེར་བརྗོད་དུ། གཞུང་ལས། གཡོན་མིག་འདོད་པ་གཏུམ་པོ་ནི། །ངེས་པར་བདག་ལ་བརྩེ་བ་མེད། །ཁྱོད་ལ་ཁྲོ་མེད་དགའ་ཞེས་པ། །གྲོང་པའི་དོན་མིན་རོ་ཉམས་ལྡན། །ཞེས་པ་ལྟར་རོ།།
དེ་བས་བོད་ཀྱི་སྲོལ་རྒྱུན་སྙན་ཚིག་ཕལ་ཆེ་བའང་བརྗོད་དོན་གང་དེ་ཐད་ཀར་མིན་པར་དཔེ་དོན་མཉམ་བསྲེས་དང་ལྷན་བསྡེབས་ཀྱིས་འབྲི་བཞེངས་བྱས་ཡོད་པས་བོད་ཡིག་གི་ཆུ་ཚད་དཀྱུས་མ་ཙམ་ཡོད་མཁན་ལ་ཅུང་གོ་ཁག་པོ་ཡིན། མེ་ལོང་མ་ནས་བསྟན་པ་བཞིན་འཁྱོག་བརྗོད་ཀྱི་མཛེས་ཉམས་གཏོད་པར་འགྲན་ཟླ་བྲལ་བ་ནི་རྗེ་བོད་མཁས་པ་དང་རིག་འཛིན་འཇིགས་མེད་གླིང་པའི་གསུང་རྩོམ་ལྟ་བུ་ཡིན་ནོ།།
སྙན་ཚིག་གི་ཉམས་གཏོད་ཚུལ་ལ་སློབ་དཔོན་དཎྜིས།13 ཐོག་མར་འདྲེན་པ་ཡོན་ཏན་གྱིས། །ཉེ་བར་བཀོད་ནས་དེ་ཡིས་ནི། །དགྲ་ལ་གནོད་པ་བྱེད་ཅེས་པའི། །ལམ་འདི་རང་བཞིན་མཛེས་པ་ཡིན། །ཞེས་སྙན་ངག་མཁན་བྷཱ་མ་ཧའི་འདོད་པ་བཀོད་ནས། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ལ་ཡང་བསྔགས་བྱས་ནས། །དེ་ལས་རྒྱལ་བར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས། །ཞེས་སྙན་ངག་གི་མཛེས་ཉམས་འདོད་པ་ལ་བྷཱ་མ་ཧའི་འདོད་ཚུལ་དེ་གཅིག་པུས་མི་ཚད་པར་ཅུང་འཁྱོག་པོས་བརྗོད་པ་འདི་ལྟ་བུ་ལའང་དབྱུག་པ་ཅན་རང་ཉིད་ཆེས་ཤིན་ཏུ་དགའ་བའི་འདོད་པ་བསྟན་པ་ཡིན་ནོ། །མཛེས་པ་མངོན་གྱུར་བྱེད་སྟངས་འདི་ནི་ཡུལ་ག་གེ་མོར་བསྟོད་ཚུལ་ཙམ་གྱི་ཁྱབ་རྒྱ་ལས་བརྒལ་ནས་དཔེ་དོན་གང་དུའང་བཀོལ་ནུས་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་སྟེ། དཔེ་ཅན་སྟེང་གི་ཆེ་བ་དང་ཡོན་ཏན་བརྗོད་པ་མི་གཙོ་བར། མཚོན་བྱེད་དཔེའི་སྟེང་དུ་མཛེས་པ་ཇི་ཙམ་སྤྲས་པ་དང་འུད་བརྗོད་ཇི་ཙམ་བྱས་པ་དེ་ཙམ་གྱིས་མཚོན་བྱ་དཔེ་ཅན་གྱི་མཛེས་པ་བླ་ནས་བླ་རུ་འཕགས་འགྲོ་བ་སྟེ། འབྲི་སྟངས་འདི་ནི་རིག་འཛིན་འཇིགས་མེད་གླིང་པའི་གསུང་རྩོམ་ནང་འབུར་ཐོན་དུ་བཞེངས་ཡོད། མཆོད་ཕྲེང་དྲི་ཟའི་རྒྱུད་མངས་ལས།14 སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང་། །ལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །ཞེས་དང་། ཡང་དེ་ཉིད་ལས།15 ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང་། རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དརྴ། །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། །ཞེས་པ་ལྟ་བུ་དང་། དམ་ཅན་རུ་མཚོན་མངའ་གསོལ་ལས།16 ཕ་རོལ་རི་རབ་ཡིན་ཡང་རྫུ་འཕྲུལ་གྱིས། །བརླགས་བྱེད་རྟ་མཆོག་ཆེན་པོར་མངའ་གསོལ་ལོ། །ཞེས་དང་ཙིའུ་དམར་མངའ་གསོལ་ལས།17 ཕྲག་དོག་རླུང་དམར་འཚུབ་པའི་བན་སྔགས་ཀྱིས། །མཐུ་བྱད་མེ་དཔུང་སྦར་བའི་རྣོ་དབལ་མཚོན། །དྲང་སྲོང་དམོད་པའི་གནམ་ལྕགས་ཐོག་མདའ་ཡིས། །རང་གཤེད་རང་ལ་བབ་པར་མངའ་གསོལ་ལོ། །ཞེས་པ་ལྟ་བུའོ།།
ཡང་། སྙན་ངག་མཁན་ལ་ཅི་ཡང་རྒྱན། །ཞེས་པ་ལྟར་ལྷན་སྐྱེས་ཀྱི་བག་ཆགས། སྐྱེ་སྟོབས་ཀྱི་ཤེས་རབ། སྦྱངས་སྟོབས་ཀྱི་ཡོན་ཏན་ཚད་ངེས་ཅན་མངའ་བ་ལ་ནི་བརྗོད་བྱ་གང་ཡིན་ཀྱང་སྙན་ཚིག་ཏུ་བཞེངས་ཆོག་ཆོག་ཡིན་པ་འདྲ་སྟེ། འཇུ་མི་ཕམ་པས་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས།18སྤྱིར་བསྔགས་བྱ་ལ་ཡོན་ཏན་རྒྱ་ཆེན་པོ་ཡོད་པ་བསྔགས་ན་ངོ་མཚར་སྐྱེ་ཞིང་། དེ་ཡང་རྗོད་ཚུལ་ཉམས་དང་ལྡན་པས་ཆེས་མཛེས་པར་འགྱུར་རོ། །ཡོན་ཏན་ཆུང་ངུ་བསྔགས་རིན་མི་ཆོག་པ་ལྟ་བུ་ལ་ཡང་རྗོད་ཚུལ་མཁས་ན་ཡོན་ཏན་ཆེན་པོར་མཚོན་ནས་མཛེས་པའང་ཡོད་དེ། དཔེར་ན། བློ་ལྡན་ལེགས་བཤད་འཚོལ་བས་མི་ངོམས་པ། །མཚར་མོད་ལན་བརྒྱར་བཤད་ཀྱང་མི་གོ་བ། །འདི་ཉིད་ད་དུང་ལེགས་བཤད་ཐོས་པ་ལ། །དགའ་ཞིང་འདུན་པ་མི་འདོར་ངོ་མཚར་ཆེ། །ཞེས་གསུངས་པས་མཚོན་ཏེ་སྙན་ངག་གི་ཉམས་བཞེངས་པའི་ཐབས་ཚུལ་ཡང་གྲངས་ཀྱིས་མི་ལང་བ་ཡོད་པར་ཚོད་དཔག་བྱེད་ནུས་སོ།།
བརྩམས་ཆོས་དང་ཀློག་པ་པོའི་བར་གྱི་ལྟོས་གྲུབ་ཀྱི་ཉམས་འགྱུར།
སྒྱུ་རྩལ་གྱི་ཚད་གཞི་ངེས་ཅན་ལོངས་པའི་བརྩམས་ཆོས་ཤིག་ཡིན་ན་ཀློག་པ་པོའི་རྟོག་ཚོགས་མ་ལུས་པ་རྩོམ་ཡིག་གིས་ནང་འདྲེན་ནུས་ཏེ། ཤུགས་རིང་ཡང་ཡང་འདོན་པ། གཅིག་པུར་དགའ་ནས་འཕག་འཚག་རྒྱག་པ། མིག་ཆུ་ལ་ཚོད་འཛིན་བྱེད་མི་ནུས་ཤིང་ཉིན་མཚན་ཐོག་ཐག་ཏུ་དཔེ་དེབ་ནང་མགོ་འཐོམས་པ། ད་དུང་རྩོམ་ཡིག་གིས་བག་ཆགས་བཞག་འབྲས་སུ་ཀློག་པ་པོའི་མི་ཚེ་དང་མཛེས་པ་ལྟ་ཚུལ། རྒྱུན་ལྡན་གྱི་གོམས་གཤིས་བཅས་ལའང་འགྱུར་བ་རབ་དང་རིམ་པར་ཐེབས་འགྲོ་བ་བཅས་ནི། བརྩམས་ཆོས་ཀྱི་འགུགས་ཤུགས་སམ་སྒྱུ་རྩལ་གྱི་བདེན་པ་རུ་འདོད་ཆོག ནུས་ཤུགས་དེ་ལྟར་ལྡན་པ་ལ་རྒྱུ་རྐྱེན་ངེས་ཅན་ཡོད་དེ། རྩོམ་མཁན་གྱི་འཚོ་བའི་ཉམས་མྱོང་ལས་གྲུབ་པའི་ནང་བསམ་བློའི་གྲ་སྒྲིག་ཇི་ཙམ་འཐུས་སྒོ་ཚང་བ་དེ་ཚོད་ཀྱིས་བརྩམས་ཆོས་ཀྱི་མ་ལག་བརྟན་དུ་འགྲོ་བ་དང་། རྩོམ་མཁན་གྱི་མྱོང་བ་ཇི་ཙམ་གཏིང་ཟབ་དང་དངོས་ཡོད་ཡིན་པ་དེ་ཙམ་གྱིས་བརྩམས་ཆོས་ནང་གི་ཡིག་འབྲུ་རེ་རེར་ཚོར་བའི་རླན་བཞས་ཁྱབ་འགྲོ་བ་ཡིན། སྐབས་འདི་ནི་རྩོམ་མཁན་གྱི་ནང་བསམ་བློའི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་དང་འགྱུར་བ་དེ་ཉིད་ཡིག་འབྲུའི་གསེང་ནས་བུད་མེད་སྒེག་མའི་རྣམ་འགྱུར་ལྟར་འཛུམ་པ་ལ་ཉམས་སུ་འདོད་ཆོག
དེ་བས་རྩོམ་མཁན་གྱི་ནང་བསམ་བློའི་འགྱུར་བ་ཇི་ཙམ་དངོས་ཡོད་དང་ཚོར་འདུ་ཤུགས་དྲག་པོ་ཡིན་པ་དེ་ཙམ་གྱིས་བརྩམས་ཆོས་ནང་གི་ཉམས་ཀྱི་སྒྱུ་རྩལ་མཐོ་ཚད་བླ་ནས་བླ་རུ་འཕགས་འགྲོ་ཞིང་། བརྩམས་ཆོས་ནང་ནས་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་ཇི་ཙམ་གསལ་པོ་དང་མཚོན་ཐབས་མཛེས་པ་དེ་ཚོད་ཀྱིས་ཀློག་པ་པོའི་ནང་སེམས་ལ་གཡོ་འགུལ་ལམ་འགྱུར་བ་བསྐྱེད་ནུས་པ་ཡིན། དེའི་རྐྱེན་གྱིས་ཀློག་མཁན་གྱི་ཕྱི་རོལ་ལུས་ངག་ལ་འཆར་བའི་དགའ་སྐྱོ་ཆགས་སྡང་གི་གཟུགས་རིས་སྣ་ཚོགས་པ་ནི། ནང་སེམས་ཀྱི་ཚོར་བའི་པིར་གྱིས་བྲིས་པ་ཡིན་ལ། དེ་ལྟར་བརྩམས་ཆོས་ཤིག་གི་སྒྱུ་རྩལ་བདེན་པའི་ནང་བྱིངས་པའི་ཀློག་མཁན་དེའི་ཉམས་དང་འགྱུར་བ་ནི་རྩོམ་པ་པོ་གང་གི་གཞི་རྩའི་བསམ་བློ་དང་རྒྱུ་འབྲས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཡིན་ནོ།།
དེ་བས་མེ་ལོང་མའི་ཉམས་ལྡན་གྱི་རྒྱན་གྱི་གཏིང་ཉུལ་ནུས་ན་རྩོམ་རིག་སྤྱིའི་བསམ་བློའི་བློས་བླངས་དང་འབྲེལ་བའི་གསང་ཚིག་དང་། དགའ་སྐྱོ་ཆགས་སྡང་གི་ཚོར་བའི་མྱུ་གུ་ལས་འབུས་པའི་སྒྱུ་རྩལ་གྱི་མཛེས་པ་བཀྲ་བའི་སྙན་ཚིག་གི་མེ་ཏོག་ཇི་ལྟ་བུ་བསླ་བ་ལའང་ཐོགས་པ་མེད་པར་འགྱུར་ངེས་སོ།།
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 66
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 75
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 56
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 53
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 408
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 259
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 250
- ཁམས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། 425
- ཁམས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། 683
- སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། 59
- ཁམས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། 440
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 84
- སྙན་འགྲེལ་དཎྜིའི་དགོངས་རྒྱན། རྣམ་གླིང་པར་མ། ཤོག་གྲངས། 55
- ཀློང་ཆེན་སྙིང་ཐིག་གི་འདོན་ཆ། རྣམ་གླིང་པར་མ། ཤོག་གྲངས། 357
- ཀློང་ཆེན་སྙིང་ཐིག་གི་འདོན་ཆ། རྣམ་གླིང་པར་མ། ཤོག་གྲངས། 360
- ཀློང་ཆེན་སྙིང་ཐིག་གི་འདོན་ཆ། རྣམ་གླིང་པར་མ། ཤོག་གྲངས། 401
- ཀློང་ཆེན་སྙིང་ཐིག་གི་འདོན་ཆ། རྣམ་གླིང་པར་མ། ཤོག་གྲངས། 481
- སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། རྣམ་གླིང་པར་མ། ཤོག་གྲངས། 75