སྤྱི་ལོ་ ༢༠༡༦ རབ་གནས་མེ་ཕོ་སྤྲེལ་རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༣ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

༸སྐྱབས་རྗེ་བདེ་བར་གཤེགས་པ་༸གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ཟབ་མོས་རྒྱལ་བསྟན་དར་ཞིང་དེ་འཛིན་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་པ་དང་། དེའི་མཐུས་ཡངས་པའི་འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་། ཆར་ཆུ་དུས་སུ་འབབ་པ། མི་ནད་ཕྱུགས་ནད་སོགས་དུས་ཀྱི་རྒུད་པ་མཐའ་དག་ཞི་བའི་ཆེད་དུ་དམིགས་ཏེ་རཏ་གླིང་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དགེ་འདུན་པ་ཞལ་གྲངས་ཉི་ཤུ་ཙམ་གྱིས་རྒྱུན་དུ་ཞབས་རིམ་འཚོག་མུས་དང་། རྒྱུན་ལྡན་བཞིན་ད་ལོའི་ཆར་ཡང་དབྱར་གནས་ཀྱི་དུས་བཟང་ཁྱད་པར་ཅན་གྱི་སྐབས་བོད་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་དབུ་བཙུགས་ཏེ་གྲྭ་ཚང་གི་བླ་གྲྭ་དང་སློབ་གྲྭའི་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་དགེ་འདུན་པ་རྣམས་ཀྱིས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། བཀའ་བརྒྱད་བདེ་གཤེགས་འདུས་པ། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ་བཅས་བདུན་ཕྲག་རེ་རེ་བཞིན་འཚོགས་ནས་བོད་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་རཏ་གླིང་ཕུར་པའི་སྒོ་ནས་མནན་སྲེག་འཕང་གསུམ་དང་། ཚེས་ ༣༠ ཉིན་རཏ་གླིང་ཚེ་ཆོག་གསང་བ་འདུས་པ་དང་འབྲེལ་ནས་འཆི་བསླུ། ཚོགས་མཆོད་རྒྱས་འབུལ་དང་བཅས་མཐའ་ལེགས་པར་གྲུབ།

ཕྱི་ལོ་ ༢༠༡༦/༡༠/༡༥ སྔ་འགྱུར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེའི་ཞབས་རིམ་ཆེད་བོད་ཟླ་ ༠༨ ཚེས་ ༡༤ ཉིན་རྣམ་གླིང་འདུས་མང་ཡོངས་ནས་ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་ཚོགས་འབུམ་ཟབ་རྒྱས་ཕུལ་ཅིང་། བོད་ཟླ་ ༠༨ ཚེས་ ༢༢ ཉིན་རྣམ་གྲོལ་གླིང་འདུས་མང་ཡོངས་ནས་ཀར་གླིང་ཞི་ཁྲོའི་སྒོ་ནས་བླ་མ་མཆོད་པ་དང་འབྲེལ་༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེར་ཕུལ་ཅིང་། དེ་ནས་བཟུང་གདུང་ཚིགས་ཞག་ཞེ་དགུའི་བར་བདུན་རེའི་རེས་གཟའ་སྤེན་པ་ནམ་ཡིན་ལ་གྲྭ་ཚང་དང་སློབ་གྲྭའི་འཛིན་རིམ་བཞི་པ་ཡན་གྱི་དགེ་འདུན་པ་རྣམས་ཀྱིས་ཀར་གླིང་ཞི་ཁྲོའི་སྒོ་ནས་འདས་མཆོད་འཚོགས་ཡོད།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་རྣམ་པ་འདུལ་བ་གཞི་གསུམ་གྱི་ནང་ཚན་དབྱར་གནས་ལ་བཞུགས་པའི་སྐོར།

དེ་ཡང་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་གནས་མིན་གྱི་ཚད་ནི་འདུལ་བ་གཞི་གསུམ་གྱི་ལག་ལེན་ཡོད་མེད་ལ་ཐུག་ཡོད་པ་ལྟར། ༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ཇི་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་རྣམས་ཀྱིས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་མ་འཕྱུགས་མ་ཆད་པར་ཉམས་བཞེས་གནང་བ་རྒྱུན་ལྡན་ལྟར་ད་ལོའི་ཆར་ཡང་། ༢༠༡༦/༠༨/༡༨ བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༠༦ ཚེས་ ༡༥ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་གིས་དབྱར་གནས་ཀྱི་མཁན་པོ་མཛད་ནས་མཁན་སློབ་དགེ་འདུན་སྟོང་ཕྲག་ལྷག་ཙམ་གྱིས་དབྱར་ཁས་བླངས་ཏེ། ཉིན་རེ་ཐུན་གསུམ་དུ་བགོས་ནས་ཞོགས་པ་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་སྐབས་དཀོན་མཆོག་རྗེས་དྲན་དང་། བར་བསམ་སྒྲོལ་གསུམ་སོགས་ཞབས་རིམ། དགོང་མོར་གཞུང་ཆེན་ཁག་གི་རྩ་བ་དང་བསྔོ་སྨོན་ཞལ་འདོན་གནང་ཞིང་། ཟླ་རེའི་གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་རྣམས་ནམ་རྒྱུན་ལྟར་དང་། བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས།

དེ་ཡང་ཇི་སྐད་དུ། དོན་བྱ་ཉུང་ལ་ཐོས་སོགས་འཕེལ། །ཞེས་གསུངས་པ་ལྟར་དབྱར་གནས་ནང་ཤེས་ཡོན་གོང་འཕེལ་འགྲོ་ཆེད་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་ཇི་ལྟར་ཡར་རྒྱས་བཏང་བའི་སྐོར་ལས།

དང་པོ་འཆད་པའི་སྐོར།

དེ་ཡང་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཐོག་མར་བརྗོད་བྱ་གཏན་འབེབས་ཀྱིས་མཁན་སློབ་འདུས་མང་དབུས་སུ་མིང་ཐོ་དཀྲུགས་ནས་རང་རང་གི་མཚན་ཐོན་པ་དང་འཆད་རྩོད་ཀྱི་རྒྱུགས་འབུལ་དགོས་པའི་གཏན་འབེབས་མཛད་ཡོད་པ་ལྟར། དབྱར་གནས་ནང་རེས་གཟའ་ཕུར་བུ་དང་པ་སངས་ཕྱི་དྲོར་འཛིན་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་སྤྱི་དོན་འོད་གསལ་སྙིང་པོ་ལས་སྐབས་ཐོག་བརྗོད་གཞི་གང་ཁེལ་འཆད་རྒྱུགས་ཕུལ་ཅིང་མཁན་སློབ་རྣམས་ཀྱིས་དམིགས་བསལ་དཀའ་གནད་ཀྱི་ཐོག་ལ་དྲི་བ་དང་སློབ་གཉེར་བ་སོ་སོའི་གོ་རྟོགས་དང་འཚམས་པའི་དྲིས་ལན་ཕུལ་བ་སོགས་མཛད་པ་དང་། འཛིན་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཀྱང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དཔལ་སྤྲུལ་སྤྱི་དོན་ཐོག་ནས་གོང་ལྟར་རྒྱུགས་ཕུལ་བ་བཅས་མདོ་སྔགས་གཉིས་ཀྱི་ཐོག་ནས་འཆད་རྒྱུགས་ཕུལ་ཡོད།

གཉིས་པ་རྩོད་པའི་ལས་རིམ་སྐོར།

བོད་ཟླ་བདུན་པའི་ཚེས་བརྒྱད་དང་ཚེས་བཅོ་ལྔ་བཅས་ཉིན་གཉིས་ཀྱི་རིང་འཛིན་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམས་མིང་ཐོ་རྒྱན་དཀྲུག་གིས་ལུང་རིགས་དང་མཐུན་པའི་སྒོ་ནས་སྐབས་བབ་སློབ་ཚན་གྱི་ཐོག་ནས་རྟགས་གསལ་དང་དམ་བཅའི་རྒྱུགས་ཕུལ་བ་དང་། དེའི་སྐབས་སྔོན་འགྲོའི་འཛིན་གྲྭའི་སློབ་གཉེར་བ་རྣམས་ལ་དམིགས་བསལ་དགེ་རྒན་ཆེད་བསྐོས་ཀྱིས་རང་རང་གི་རྩོད་རར་བློ་རྟགས་བསྡུས་སོགས་རིགས་ལམ་ཡར་རྒྱས་གོང་འཕེལ་འགྲོ་ཐབས་ལ་ཤུགས་ཆེར་འབད་ཅིང་། དེ་བཞིན་འཛིན་རིམ་གཉིས་པ་ནས་དགུ་པའི་བར་ལུགས་འབྱུང་གིས་འཛིན་གྲྭ་གོང་འོག་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་མཛད་ཡོད། 

གསུམ་པ་རྩོམ་པའི་ལས་རིམ།

འཛིན་རིམ་དགུ་པའི་སྐྱོར་དཔོན་མི་གྲངས་བཅུ་གསུམ་གྱིས་མདོ་ཕྱོགས་རིག་གནས་དང་བཅས་པའི་དཀའ་གནད་ཐོག་དཔྱད་རྩོམ་སྤེལ་ནས་བདུན་རེའི་རེས་གཟའ་སྤེན་པའི་སྔ་དྲོར་དམ་བཅར་བཞུགས་ཤིང་། འཛིན་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་དང་། གཞན་སློབ་གཉེར་བ་རྣམས་ཀྱིས་རང་མོས་ཐོག་ལུང་རིགས་དང་མཐུན་པའི་དགག་སྒྲུབ་གནད་སྨིན་གྱིས་བགྲོ་གླེང་མཛད་ཡོད། 

བཞི་པ་རིག་གནས་དང་བྲིས་གཟུགས་འགྲན་སྡུར།

སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ཡིག་གཟུགས་འགྲན་སྡུར་དང་། སྔོན་འགྲོའི་རིག་གནས་འགྲན་སྡུར་སྤེལ་ནས་དངོས་གཞིར་འཛུལ་ཞུགས་ཐུབ་པ་རྣམས་ལ་དགེ་རྒན་རྣམ་པས་དྲི་བ་བཀོད་དེ་སློབ་གཉེར་བ་རེ་རེ་བཞིན་ལངས་ནས་དྲི་བ་དྲིས་ལན་གྱིས་རྩེ་ཕུད་དུ་སོན་པ་རྣམས་ལ་གཟེངས་རྟགས་བསྩལ།

ཕྱི་ལོ་ ༢༠༡༦/༠༩/༢༩ བོད་ཟླ་བདུན་པའི་ཚེས་ཉེར་དགུ་རེས་གཟའ་ཕུར་བུའི་མཚན་མོར་སྦྱོར་ཆོས་སྐབས་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་ནས། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་དང་སྦྲགས་ནས་ཕྱི་ནང་གཉིས་ཀྱི་ཁྱད་པར་སྐོར་ལ་ཆོས་བཤད་གནང་ཞིང་། དེའི་རྗེས་སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་ཁག་གི་དཀའ་གནད་ལས་འཕྲོས་ཏེ་ཆོས་བཤད་དང་། ཚོགས་ལངས། རྟགས་གསལ། བཀྲ་ཤིས་ཚིག་བཟང་། མཇུག་མཐར་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ནས་སྦྱོར་ཆོས་ལེགས་པར་གྲུབ་ཅིང་གནམ་གང་ཉིན་ཞོགས་པའི་ཆ་ལ་དབྱར་གནས་པའི་དགེ་འདུན་རྣམས་ཀྱིས་དགག་དབྱེ་གནང་།

༢༠༡༦/༡༠/༠༡ བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཐོ་རེངས་ཀྱི་དུས་སུ་འཁར་རྔའི་བརྡས་བསྐུལ་ནས་དབྱར་གནས་པའི་དགེ་འདུན་རྣམས་གཙུག་ལག་ཁང་གི་མདུན་དུ་འཛོམས་ཏེ་བདུག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ནས་མཁན་སློབ་དང་བསླབ་པ་རྒན་རིམ་བཞིན་ཆོས་གོས་དང་འཁར་གསིལ་ཐོགས་ཏེ་ལྗོངས་རྒྱུར་གཤེགས་ནས་རྒྱུན་ཆགས་གསུམ་པ་དང་། རི་བོ་བསང་མཆོད་གསུངས་གྲུབ་པ་དང་། རྟགས་གསལ་དང་། བཀྲ་ཤིས་ཚིག་བཟང་། མཐར་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་ནས་དབྱར་གནས་ཞག་ཞེ་ལྔ་ལེགས་པར་མཐའ་གྲུབ་བོ། །དམིགས་བསལ་ད་ལོར་ཚེས་གྲངས་ཆད་ལྷག་གིས་རྐྱེན་པས་དབྱར་ཞག་ཞེ་ལྔ་ལོངས་མིན་གྱིས་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་དབྱར་ཁས་ལེན་དང་བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ལྗོངས་རྒྱུ་མཛད་པ་ཡིན་པས་མཁྱེན་དགོས་པའི་གནད་དོ།།

དེ་ལྟར་འཆད་རྩོད་རྩོམ་པའི་ལས་རིམ་སྐབས་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་རྒན་རྣམ་པས་སློབ་གཉེར་སོ་སོའི་རྒྱུགས་སྤྲོད་ཀྱི་ཆུ་ཚད་དང་མཐུན་པར་ཐོབ་སྐར་གནང་བ་རྣམས། ལོ་འདིའི་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུགས་སྤྲོད་དོ་དམ་པ་རྣམ་པས་ཕྱོགས་བསྡོམས་མཛད་ནས།

ཕྱི་ལོ་ ༢༠༡༦/༡༠/༢༩ བོད་ཟླ་བརྒྱད་པའི་ཚེས་ཉེར་དགུ་རེས་གཟའ་སྤེན་པའི་སྔ་དྲོའི་ཆ་ལ་རྒྱུགས་འབྲས་གསལ་བཤད་དང་འབྲེལ་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་གིས་ཨང་དང་པོ་དང་། གཉིས་པ། གསུམ་པར་སོན་པ་རྣམས་ལ་གཟེངས་རྟགས་དང་ཕྱག་ཁྱེར་ལེགས་སོའི་ཁ་བཏགས་བསྩལ་ནས་མཐའ་ལེགས་པར་གྲུབ་བོ།།

དཔལ་ཡུལ་ཚིག་མཛོད་རྩོམ་སྒྲིག་ཁང་གསར་འཛུགས་མཛད་པའི་སྐོར།

༢༠༡༦/༠༨/༢༠ དམིགས་བསལ་ད་ལོར་དཔལ་ཡུལ་ཚིག་མཛོད་གསར་སྒྲིག་གི་སྡེ་ཚན་ཞིག་ལོགས་སུ་བཙུགས་ཡོད་ཅིང་། དེ་ཡང་བོད་རྒྱལ་ལོ་ ༢༡༤༣ ཟླ་ ༠༦ ཚེས་ ༡༧ ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་སློབ་ལྷན་འཛོམས་ཐོག་དབུ་འབྱེད་མཛད་ཡོད། ལས་ཁུངས་འདི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཀྱི་ཆ་ཤས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་ཁོངས་སུ་གཏོགས་པ་རེད། འདི་ནས་གཙོ་བོ་སྔ་འགྱུར་གྱི་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་དང་སྐྱེས་ཆེན་དམ་པ་རྣམས་དང་། བུ་དགོན་ཡང་དགོན་སོགས་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་དང་འབྲེལ་བའི་མིང་ཚིག་རྣམས་བསྡུ་རུབ་བྱེད་པའི་ཆེད་ཟུར་དུ་བཙུགས་གནང་བ་ཡིན། ད་ལོའི་ཆར་འགན་འཛིན་སློབ་དཔོན་གཅིག་དང་ལས་རོགས་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་བཞི་བསྐོས་ནས་ཕྱག་ལས་གནང་བཞིན་ཡོད།

༢༠༡༦/ ༡༡/ ༠༢ མཁན་ཆེན་སྡེ་སྣོད་འཛིན་པ་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་ལྟར་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་གསུམ་པ་དེ་བོད་ཟླ་དགུ་པའི་ཚེས་གསུམ་རེས་གཟའ་ལྷག་པ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་ཉིན་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ་སྔ་དྲོའི་ཆར་འཛིན་རིམ་བརྒྱད་པའི་སྐྱོར་དཔོན་གཉིས་དང་ཕྱི་དྲོའི་ཆར་འཛིན་རིམ་བརྒྱད་པའི་སྐྱོར་དཔོན་གཉིས་ཀྱིས་༼དབུ་མ་ཐལ་འགྱུར་བའི་དགག་བྱའི་སྐོར།༽ ༼དབུ་མ་ཐལ་གྱུར་བའི་གཏན་ཚིགས་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་ནས་དཔྱད་རྩོམ་སྤེལ་ཏེ་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་བཤད་གྲྭའི་དགེ་སློབ་ལྷན་འཛོམས་ཐོག་བགྲོ་གླེང་ཟབ་རྒྱས་མཛད་ཡོད།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་པའི་སྐོར།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནི་སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་བླ་ན་མེད་པས་ ༡༩༩༡ ལོར་དབུ་བཙུགས་གནང་། དེ་ནས་བཟུང་ད་ལྟའི་བར་དུ་ལོ་གྲངས་ཉེར་ལྔའི་རིང་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་དྲན་དེབ་དང་། དུས་དེབ་པདྨའི་རང་མདངས། དཔལ་ཡུལ་དུས་བབ་བཅས་དུས་དེབ་ཁག་དང་། སྔ་འགྱུར་འོད་གསལ། གུ་རུའི་རྣམ་ཐར་སོགས་འགྲེམས་སྤེལ་གནང་ནས་ད་བར་ ༼བློ་གསལ་རིག་པའི་སྒོ་འབྱེད།༽ དེབ་ཕྲེང་གྱ་དྲུག་བར་དུ་སླེབས་ཡོད།

དེ་ཡང་བོད་རྒྱལ་ལོ་ ༢༡༤༣ ཟླ་དགུ་པའི་ཚེས་བཅུ་བདུན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ཉིན་སྔ་དྲོ་ཕྱག་ཚོད་ ༩:༠༠ ཐོག་རྣམ་གྲོལ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་བཤད་གྲྭའི་དགེ་སློབ་ཡོངས་རྫོགས་དང་། རྣམ་གྲོལ་གླིང་གི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ལས་བྱེད་གསར་རྙིང་རྣམས་ལྷན་འཛོམས་ཐོག་བཞུགས་གྲལ་དུ་འཁོད་ནས་འཕགས་པ་བཀྲ་ཤིས་བརྒྱད་པ་གསུངས་ཤིང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ཀྱིས་མར་མེ་ཞལ་འབྱེད་གནང་།

དེ་རྗེས་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ཀྱིས་༸སྐྱབས་རྗེ་ཞིང་གཤེགས་དམ་པ་གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་དང་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་གནང་མཛད་ཅིང་། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཆོག་ནས་མཆོག་སྤྲུལ་རྣམ་གཉིས། མཁན་ཆེན་རྣམ་གསུམ་བཅས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་འབུལ་བར་མཛད། མཛད་སྒོ་དངོས་གཞི་ལ་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ཀྱིས་དུས་དེབ་པདྨའི་རང་མདངས་འདོན་ཐེངས་དང་པོ་ནས་ཉེར་བདུན་བར་གྱི་སྙན་རྩོམ་དབྱངས་ཅན་མགྲིན་གླུ། དཔྱད་རྩོམ་ལུང་རིགས་མདའ་མོ། བརྩམས་སྒྲུང་ཡིད་ཀྱི་དགའ་སྟོན་གྱི་༼ལེགས་རྩོམ་གཅེས་བཏུས་དཔེ་ཚོགས།༽དེབ་གསུམ་དབུ་འབྱེད་གནང་ཞིང་། ཆེད་དེབ་གསུམ་པོ་སོ་སོའི་ཨང་དང་པོ་དང་། གཉིས་པ་རྣམས་ལ་གཟེངས་རྟགས་ཕྱག་ཁྱེར་དང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ལས་མི་རྙིང་པ་རྣམས་ལ་ལེགས་གསོལ་གྱི་ཕྱག་རྟགས། ལེགས་རྩོམ་གཅེས་བཏུས་ཀྱི་རྩོམ་ཡིག་འདེམས་སྒྲུག་གནང་མཁན་མཁན་སློབ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་རེ། གཞན་ཡང་ད་ལོ་དམིགས་བསལ་འབོལ་རྩོམ་འགྲན་སྡུར་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་ལྟར་དེའི་ཨང་དང་པོ་དང་གཉིས་པ་བཅས་ལ་གཟེངས་རྟགས་དང་བྱ་དགའ་རྣམས་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་ཕྱག་ནས་བསྩལ། དེ་རྗེས་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་ཁང་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་ཞིང་། མཐར་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་འབད་འབུངས་གནང་དགོས་ཤིང་དེའི་ཡན་ལག་ཏུ་འཆད་རྩོད་རྩོམ་གསུམ་ལ་བརྩོན་པ་ཆེར་བསྐྱེད་དང་། ལྷག་པའི་ལྷ་ལ་ཡིད་ཁྱེད་ཤེས་ཀྱི་དད་པའི་སྒོ་ནས་གསོལ་བ་བཏབ་ན་དངོས་གྲུབ་འབྱུང་ཚུལ་རྒྱ་གར་གྱི་སྙན་ངག་མཁན་གྲགས་ཅན་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་དང་སྦྱར་ནས་བཀའ་སློབ་ལམ་སྟོན་གནང་ནས་མཛད་སྒོ་ལེགས་པར་མཐའ་གྲུབ་བོ།།

ཕྱི་ལོ་ ༢༠༡༦/༡༡/༡༥ བོད་ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འདིའི་དཔེ་ཁྲིད་མཚམས་འཇོག་གནང་ཡོད།

ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༧/༡༨/༡༩ བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ནས་ཉི་ཤུ་བར་ཉིན་གསུམ་རིང་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་སྔོན་འགྲོའི་འཛིན་གྲྭ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་ཅིང་། གཞན་རྣམས་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་མཇུག་ཞབས་རིམ་ཆེན་མོ་བཀའ་འགྱུར་དག་ཚར་དང་། ཕུར་ཟློག སྙིང་ཐིག་བསང་གསོལ་བཅས་འཚོགས།

ཕྱི་ལོ་ ༢༠༡༦/༡༡/༢༠ ནས་ ༢༢ བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་ཉེར་བཞི་བར་ཉིན་གསུམ་རིང་རང་སྦྱོང་གུང་གསེང་བཏང་།

བོད་ཟླ་དགུ་པའི་ཚེས་ཉེར་ལྔ་རེས་གཟའ་ལྷག་པའི་མཚན་མོར་མཁན་སློབ་དང་རྒྱུགས་སྤྲོད་དོ་དམ་རྣམ་པས་རང་སྦྱོང་དང་འབྲེལ་བའི་བཀའ་སློབ་གནང་ཞིང་།

ཕྱི་ལོ་ ༢༠༡༦/༡༡/༢༤ ནས་ ༡༢/༡༥ བོད་ཟླ་དགུ་པའི་ཚེས་ ༢༦ ནས་རང་སྦྱོང་དངོས་གཞི་དབུ་བཙུགས་ཏེ་བོད་ཟླ་ ༡༠ ཚེས་ ༡༧ བར་ཞག་ཉེར་གཉིས་རིང་རྒྱུགས་སྤྲོད་དངོས་གཞིར་ཞུགས་པའི་མཐོ་སློབ་ཆེན་མོའི་སློབ་གཉེར་བ་སྟོང་ལྷག་ཙམ་གྱིས་ཡིག་རྒྱུགས་ཀྱི་སྟ་གོན་ལ་བརྩོན་བཞིན་ཡོད།

ཕྱི་ལོ་ ༢༠༡༦/ ༡༢/ ༡༦ ནས་ ༢༠༡༧/༠༡/༠༡ བོད་ཟླ་བཅུ་པའི་ཚེས་བཅོ་བརྒྱད་རེས་གཟའ་པ་སངས་ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་དང་པོ་བཏང་ཞིང་། དེ་ནས་ཉིན་གསུམ་རེའི་མཚམས་ནས་རྒྱུགས་སྤྲོད་རེ་གྲུབ་སྟེ་བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་ཡོངས་སུ་གྲུབ། དེ་ནས་མཐོ་སློབ་ཆེན་མོའི་དགེ་འདུན་པ་ཞལ་གྲངས་ ༡༠༠༠ ཙམ་དུས་འཁོར་དབང་ཆེན་དང་གནས་མཆོག་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོོར་ཕེབས་འཆར་དང་བཅས་སོ།།

སྤྱི་ལོ་ ༢༠༡༦ ལོའི་རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

སྤྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༣༠ ཉིན་བོད་སྐད་རྒྱུགས་སྤྲོད་ཐེངས་དང་པོའི་གྲུབ་འབྲས་ཨང་ཐོབ་གསལ་བཤད་དང་། སློབ་གྲྭའི་ཚོགས་གཙོ་མཁན་པོ་བསོད་ནམས་དབང་ཕྱུག་གིས་རྒྱུགས་སྤྲོད་རྩེ་ཕུད་ཨང་དང་པོ་དང་། གཉིས་པ། གསུམ་པའི་གྲས་སུ་སོན་པའི་སློབ་ཕྲུག་རྣམས་ལ་གསོལ་རས་གནང་བ་དང་འབྲེལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་།

སྤྱི་ཟླ་ ༠༨ པའི་ཚེས་ ༡༤ ཉིན་སློབ་ཕྲུག་ཡོངས་རྫོགས་ཀྱིས་ཡིག་གཟུགས་རྒྱུགས་སྤྲོད་བཏང་།

སྤྱི་ཟླ་ ༠༩ པའི་ཚེས་ ༡༩ ནས་ ༢༥ བར་བདུན་ཕྲག་གཅིག་གི་རིང་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམས་ཀྱིས་བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པ་བཏང་ཡོད།

སྤྱི་ཟླ་ ༡༠ པའི་ཚེས་ ༠༧ རེས་གཟའ་པ་སངས་ཉིན་ཟླ་དྲུག་ཕྱི་མའི་ལས་བྱེད་འཕོ་ལེན་དང་། བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པའི་གྲུབ་འབྲས་གསལ་བཤད། དེ་བཞིན་ཡིག་གཟུགས་འགྲན་སྡུར་གྱི་རྩེ་ཕུད་རྣམས་ལ་བྱ་དགའ་གནང་།

སྤྱི་ཟླ་ ༡༠ པའི་ཚེས་ ༠༩ ཉིན་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམ་པས་བོད་ཡིག་ཟླ་རྒྱུགས་ཐེངས་གསུམ་པ་བཏང་།

འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱིས་ཨང་རྩིས་དང་དབྱིན་ཡིག་ཟླ་རྒྱུགས་བཏང་།

སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ཉིན་དགེ་སློབ་ལྷན་འཛོམས་ཐོག་གསུར་ཆོག་མཉམ་འདོན་བྱས་ནས། ལོ་འཁོར་ཡིག་རྒྱུགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་།

སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ཉིན་བོད་ཡིག་ཟླ་རྒྱུགས་བཞི་པ་བཏང་ཡོད།

སྤྱི་ཟླ་ ༡༡ པའི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་སྔ་དྲོའི་ཆར་དགེ་སློབ་ཡོངས་རྫོགས་ལྷན་འཛོམས་ཐོག་སློབ་གྲྭའི་སྤང་ཁར་ཞལ་འདོན་གསུང་གནང་བ་དང་། དེ་ཉིན་ད་ལོའི་དཔེ་ཁྲིད་ལེགས་པར་མཐའ་གྲུབ་ཡོད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ཉིན་གཏོར་བཟོ་དཀར་རྒྱན་དང་། རི་མོ། འབུད་རྡུང་དཀྲོལ་གསུམ་སོགས་ཀྱི་ལོ་འཁོར་ཕྱག་ལེན་རྒྱུགས་སྤྲོད་བཏང་ཡོད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་བདུན་ཕྲག་གཅིག་གི་རིང་རང་སྦྱོང་དང་། སྤྱི་ཟླ་ ༡༢ ཚེས་ ༠༡ ནས་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་བཙུགས་ཏེ་ཟླ་དེའི་ཚེས་ ༡༥ ཉིན་རྒྱུགས་སྤྲོད་ཆེན་མོ་མཐའ་འགྲུབ་རྒྱུ་བཅས།

དེ་རྗེས་མི་རིང་བར་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་རྡོར་གདན་དུ་དུས་འཁོར་དབང་ཞུ་བའི་ཆེད་ཕེབས་རྒྱུ་དང་། སྔ་འགྱུར་སྨོན་ལམ་ཆེན་མོར་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་ཕེབས་རྒྱུ་བཅས། སྨོན་ལམ་མཐའ་གྲུབ་རྗེས་ལོ་རྗེས་མའི་བོད་ཟླ་ ༠༢ པའི་ཚེས་ ༠༢ བར་གུང་སེང་གཏང་རྒྱུ་བཅས་སོ།།

བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་མདོར་བསྡུས།

བཙུན་དགོན་གྲྭ་ཚང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

རིགས་ཀུན་ཁྱབ་བདག་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་འཛམ་གླིང་ཞི་བདེ་ལ་དམིགས་ཏེ་བཙུན་མ་བཞི་བཅུ་ཙམ་རེས་མོས་ཀྱིས་ཉིན་ལྟར་སྔ་དྲོར་སྒྲོལ་ཆོག་དང་། དགོང་མོར་གསོལ་ཁ། བསྔོ་སྨོན་བཅས་རྒྱུན་ཆད་མེད་པར་འཚོག་བཞིན་ཡོད། དེ་བཞིན་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ནི་རྒྱུན་ལྡན་ལྟར་ཡིན། ཕྱི་ཟླ་ ༠༧ ཚེས་ ༢༩ ཉིན་ཚོགས་གཙོ་མཁན་པོ་སངས་ཚེ་རིང་མཆོག་དང་། ཚོགས་གཙོའི་ཕྱག་རོགས་སློབ་སྤྲུལ་སྐུ་འབྲོང་ངུར་ཆོས་རྗེ། མཁན་པོ་པདྨ་བསྟན་འཛིན་དང་། སློབ་དཔོན་མ་ཚུལ་ཁྲིམས་ཆོས་མཚོ་བཅས་ཀྱིས་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་དང་འབྲེལ་བའི་བཀའ་སློབ་གནང་། དམིགས་བསལ་དབྱར་གནས་ཀྱི་རིང་ལ་བླ་མ་ཕུར་པ་ཕྲིན་ལས་གཙོས་པའི་གྲྭ་ཚང་གི་བཙུན་མ་རྣམས་རྒྱུན་དུ་འཚོགས་པ་དང་། སློབ་གྲྭ་འཛིན་གྲྭ་ལྔ་པ་ཡན་ཆད་བདུན་ཕྲག་རེ་རེས་མོས་ཐོག སྙིང་ཐིག་གསོལ་ཁ་དང་། སེང་གདོང་མའི་ཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག ཚོགས་གཙོའི་ཕྱག་རོགས་སློབ་སྤྲུལ་འབྲོང་ངུར་ཆོས་རྗེ་མཆོག་ནས་བསྙེན་གནས་ཀྱི་སྡོམ་པ་གནང་སྟེ་བཙུན་མ་རྣམས་ཀྱིས་དགེ་སློང་མ་དཔལ་མོས་མཛད་པའི་སྨྱུང་གནས་ཀྱི་ཆོ་གའི་སྒོ་ནས་སྨྱུང་གནས་དཀར་པོ་ཆ་བརྒྱད་འཚོགས་ནས་ཉིན་མཐའ་མར་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གཏང་རག་གི་ཚོགས་འཁོར་བསྐོར་ནས་ལེགས་པར་མཐའ་གྲུབ།

ཕྱི་ཟླ་ ༡༠ ཚེས་ ༠༩ ནས་ ༡༠ བར་ཉིན་གཉིས་རིང་བླ་མ་བསོད་ནམས་རྒྱ་མཚོ་དབུ་བཞུགས་ཐོག་རྣམ་གྲོལ་གླིང་གི་གྲྭ་པ་ཞལ་གྲངས་བཅོ་ལྔ་ཐམ་པས་ཕུར་པ་ལྕགས་འདུལ་འཚོགས་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༠༢ རེས་གཟའ་ལྷག་པའི་ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་བདག་ཅག་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཀུན་མཁྱེན་འཇིགས་མེད་གླིང་པའི་འདས་མཆོད་ཉིན་སྔ་འགྱུར་སྙིང་མའི་ལྟ་གྲུབ་བགྲོ་གླེང་སྐབས་ལོ་རིམ་བདུན་པ་དང་བརྒྱད་པའི་བཙུན་མ་རྣམས་མཉམ་ཞུགས་ཀྱིས་བགྲོ་གླེང་གནང་ཡོད།

བཙུན་དགོན་བཤད་གྲྭ་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ཟླ་དྲུག་ཕྱི་མའི་མཛད་རིམ།

བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༠༦ ཚེས་ ༡༦ ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༠༨ ཚེས་ ༡༩ ཉིན་དམ་ཆོས་འདུལ་བའི་ཕྱག་སྲོལ་ལྟར་དབྱར་ཟླ་བ་གསུམ་ཁས་བླངས་ནས་ཉིན་ལྟར་འཛམ་གླིང་ཞི་བདེའི་ཆེད་དུ་ཞལ་འདོན་ཐུན་གསུམ་འཚོགས་པ་དང་། བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་འཆད་རྩོད་རྩོམ་པའི་རིམ་པ་ཡང་དགེ་སློབ་ཚང་འཛོམས་ཐོག་ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་དང་། ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ནས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་བཅས་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཐོག་ནས་བཤད་རྒྱུགས་ཕུལ། གཞན་ལོ་རིམ་གཉིས་པ་ནས་དགུ་པའི་བར་རིམ་བཞིན་འཛིན་གྲྭ་གོང་འོག་བར་རྟགས་གསལ་འགྲན་སྡུར་དང་། དམིགས་བསལ་འདི་ལོའི་ལོ་རིམ་དང་པོ་ནས་བཞི་པའི་བར་རྩོད་རྒྱུགས་འགྲན་སྡུར་དང་། ལོ་ལྟར་སྐྱོར་དཔོན་གསར་བསྐོས་རྣམས་ཀྱིས་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ལ་དཔྱད་རྩོམ་གནང་སྟེ་དམ་བཅར་བཞུགས་ནས། དེ་ལ་འཛིན་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་དང་གཞན་རང་མོས་ཐོག་དགག་སྒྲུབ་ཀྱི་སྒོ་ནས་བགྲོ་གླེང་གནང་བ་དང་། འཛིན་རིམ་གོང་མ་རྣམས་བཤད་རྒྱུགས་སོགས་འབུལ་བའི་སྐབས་སྔོན་འགྲོའི་འཛིན་གྲྭ་དང་། ལོ་རིམ་དང་པོའི་སློབ་ཕྲུག་རྣམས་ཕན་ཚུན་རྟགས་རིགས་སོགས་ལ་རྩོད་སྦྱོང་གནང་། དེ་ནས་སྦྱོར་ཆོས་ཉིན་བཙུན་མ་རྣམ་པས་ཆོས་བཤད་དང་། ཚོགས་ལངས། རྩོད་པ་བཅས་ཀྱི་སྒོ་ནས་དབྱར་གནས་ལེགས་པར་གྲུབ།

བོད་ཟླ་ ༠༩ ཚེས་༡༧ ཕྱི་ཟླ་ ༡༡ ཚེས་༡༦ རེས་གཟའ་ལྷག་པའི་ཉིན་བཤད་གྲྭའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཐའ་གྲུབ། བོད་ཟླ་ ༩ ཚེས་ ༡༨ ཕྱི་ཟླ་ ༡༡ ཚེས་ ༡༧ ལ་སྔོན་འགྲོ་འཛིན་གྲྭའི་རྩོད་རྒྱུགས་བླངས་པ་དང་། རང་སྦྱོང་དངོས་གཞི་བོད་ཟླ་ ༠༩ ཚེས་ ༢༦ རེས་གཟའ་ཕུར་བུ་དང་ཕྱི་ཟླ་ ༡༡ ཚེས་ ༢༤ ནས་དབུ་བཙུགས། རྒྱུགས་སྤྲོད་དངོས་གཞི་དེ་བོད་ཟླ་ ༡༠ ཚེས་ ༡༩ ཕྱི་ཟླ་ ༡༢ ཚེས་ ༡༧ རེས་གཟའ་སྤེན་པའི་ཉིན་དང་། བོད་ཟླ་ ༡༡ ཚེས་ ༠༤ ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༡ ཚེས་ ༠༢ རེས་གཟའ་ཟླ་བ་ལ་རྒྱུགས་སྤྲོད་མཐའ་གྲུབ། དེ་ནས་བོད་ཟླ་ ༡༡ ཚེས་ ༠༦ དང་ ༠༧ ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༡ ཚེས་ ༠༤ དང་ ༠༥ དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དངོས་གཞི་དང་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོག་ཆེད་ཕེབས་རྒྱུ་བཅས་སོ།།

བཙུན་དགོན་གཞི་རིམ་སློབ་གྲྭའི་ཟླ་དྲུག་ཕྱི་མའི་མཛད་རིམ།

སྤྱིར་འཛམ་གླིང་ཞི་བདེ་ཡོང་བ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ལྷག་པར་༸སྐྱབས་རྗེ་བཀའ་དྲིན་མཚུངས་མེད་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་ཚེ་ལ་བར་ཆད་མེད་ཅིང་། སློབ་འབངས་རྣམས་ལ་གསེར་ཞལ་མྱུར་དུ་མཇལ་བའི་ཆེད་སྔ་དྲོ་དང་། ཕྱི་དྲོའི་ཐུན་གཉིས་རིང་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། ཚེ་མདོ་ཚེ་གཟུངས། བཀྲ་ཤིས་སྨོན་ལམ་བཅས་རྒྱུན་དུ་ཞལ་འདོན་གནང་བཞིན་ཡོད། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་ཚོགས་གཙོ་མཁན་པོ་པ་སངས་ཚེ་རིང་མཆོག་དང་སློབ་སྤྲུལ་འབྲོང་ངུར་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་པའི་དགེ་སློབ་ལྷན་འཛོམས་ཐོག་གཞི་རིམ་སློབ་ཕྲུག་རྣམས་ཀྱིས་སྙན་ཚིག་གྱེར་འདོན་དང་དག་ཆ་འགྲན་སྡུར་གནང་། དེ་ལ་རྩེ་ཕུད་དུ་སོན་པའི་སློབ་གཉེར་བ་ལ་བྱ་དགའ་གནང་། གཏོར་མ་དང་དཀར་རྒྱན། རི་མོ། རྡུང་འབུད་དཀྲོལ་གསུམ་བཅས་ཀྱི་རྒྱུགས་སྤྲོད་རིམ་བཞིན་བཏང་བ་བཅས་མདོར་ན་སློབ་སྤྱི་རྒན་གཞོན་གཉིས་དང་། སློབ་དགེ་ ༡༥ ཙམ་གྱིས་གཟིགས་རྟོག་གནང་བའི་སྒོ་ནས་སློབ་སྦྱོང་ལ་བརྩོན་བཞིན་མཆིས། ཕྱི་ཟླ་ ༡༢ ཚེས་ ༠༨ ཉིན་ནས་ལོ་འཁོར་རྒྱུགས་སྤྲོད་ཀྱི་རང་སྦྱོང་བདུན་ཕྲག་གཅིག་གནང་ནས། ཕྱི་ཟླ་ ༡༢ ཚེས་ ༠༨ ཉིན་སློབ་གྲྭའི་ཡིག་རྒྱུགས་དབུ་བཙུགས་ཏེ་ཟླ་བ་དེའི་ཚེས་ ༣༠ ཉིན་མཐའ་གྲུབ་བོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།