666

ཨ་ཅེ་ཆོས་སྒྲོན།

ལོ་རིམ་ལྔ་པའི་སློབ་གཉེར་བ། བསྟན་འཛིན་ཆོས་འཕེལ།

༡༽

ཚོ་དང་ཚོ་རུ་ཆགས་པའི་ཁང་པ་དེེ་དག་གི་ཁང་ཐོག་དང་། སྒོ་རའི་ནང་གྱང་གི་འཁྲིས་སུ་ལྷོད་ཤ་དོད་པོས་ཡར་མར་གྱི་ཁ་བརྡ་སྣ་ཚོགས་གློད་པའི་སྐྱེས་མ་དང་རྒད་པོ་ཚོས། ད་གཟོད་བལ་ལས་དང་ཟོན་པ་བཟོ་འཕྲོ་བསྡུས་ནས། གོམ་ཁ་འཁྱར་འཁྱོར་ངང་ལག་ན་ཚ་དམ་དང་ཇ་ཕོར། སྨྱུག་མས་བསླས་པའི་གདོས་ཀུར་1རེ་རེ་ཐོགས་ཏེ། སོ་སོའི་ཁྱིམ་ལ་ལོག་འགྲོ་བ་འདི་ཉིན་གཅིག་གི་ཉི་མ་བཞུད་ལ་རན་པ་འདྲ། ཡུལ་ནང་གི་རྒན་རྒོན་ཚོ་དེ་ལྟར་ལོག་འགྲོ་སྟངས་དེས། བྱིས་པ་ཆུང་ཆུང་དག་ལ་རང་དབང་མེད་པར་བྲེལ་ཤ་རེ་བསླངས་འོང་སྟེ། དུས་ཚོད་འདིར། ཁྱིམ་ཚང་ཚོའི་བྱིས་པ་རྣམས་ཆ་དང་ཆ་བསྒྲིགས་ཏེ་ཏོག་ཙེ་ཆུང་ཆུང་རེ་ཁྱེར་ནས། ཡུལ་འདིའི་དཀྱིལ་ན་ཆགས་པའི”གཞས་སྒོ་གཞུང་”ཞེས་པའི་སྤང་ཐང་དེར་འཛོམས་ངེས།

ད་ལྟ། དགོང་མོའི་ཉི་མ་ནི་ཡུལ་འདིའི་ནུབ་ཕྱོགས་ཀྱི་རི་སྔོན་རྒྱབ་ལ་བཞུད་ཟིན་ཏེ། ཡུལ་དགོན་གཉིས་པོའི་ཁང་ཐོག་དང་རྟེན་མཁར་ལ་བཙུགས་པའི་དར་ལྕོག་རྣམས་རླུང་བུས་སྐྱ་ལྷབ་ལྷབ་ངང་བདའ། སྐབས་འདིར་བུ་མོ་ཆུང་ཆུང་དེས་ཀྱང་། ཉིན་གཅིག་ནང་གི་དུས་ཚོད་གལ་ཆེན་དེ་རྟོགས་སོང་བ་འདྲ། མོས་ཁ་བད་གསེང་ནས་མིག་ཟུང་ཅེར་རེར་ཨ་མ་ལོག་ཡོང་བར་བསྒུགས། མ་གཞི་ནས་ཁག་མེད་དེ། མོ་ད་ལྟ་ཁྱིམ་གྱི་ཤིང་སྐས་ནས་འབབ་མི་ཤེས། དེ་བས་བུ་མོ་ཆུང་ཆུང་དེ་སྐས་ལས་འབབ་རྒྱུར་སྐྲག་པས། ཨ་མར་མི་སྒུག་ཀ་མེད་བྱུང་སོང་། མོ་རང་ཁང་ཐོག་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་“ངའི་རོགས་གཞན་རྣམས་བུད་ཚར་ཡོད་འགྲོ་”སྙམ་བཞིན་སྡོད་མི་ཚུགས།

“ཨ་མ་མགྱོགས་པོ་གྱིས་དང་། ང་ཕྱི་ལ་འགྲོ་རྒྱུ་ཡིན།” ཨ་མ་ཁྱིམ་དུ་སླེབས་པ་ཚོར་མ་ཐག བུ་མོ་ཆུང་ཆུང་དེ་བྲེལ་ཤ་ལངས་ཏེ་ཤིང་སྐས་ལས་འབེབས་དགོས་པའི་རེ་བ་བཏོན། མོས་འོག་ཁང་ནས་ནམ་རྒྱུན་ལྟར་ཏོག་ཙེ་ཆུང་ཆུང་དེ་ཁྱེར་ཞིང་། ཁྱིམ་མཚེས་ཀྱི་བྱིས་པ་གཞན་ཚོ་ལའང་བརྡ་བཏང་།

 ཁང་པའི་མདུན་ཕྱོགས་ཀྱི་ཞིང་སྟེང་དེ་ནས་འཐེན་ཡོད་པའི་”གཞས་སྒོ་གཞུང་”སྤང་ཐང་བར་གྱི་རྐང་ལམ་ནར་མོ་དེར། བྱིས་པ་ཆུང་ཆུང་ཚོའི་རྐང་རྗེས་ལས་ད་དུང་དབྱུག་པ་དྲུད་ཤུལ་ཞིག་ཀྱང་མངོན་ཡོང་། བྱིས་པ་ཆུང་ཆུང་ཚོས་ཏོག་ཡུ་རྐང་པ་གཉིས་པོའི་དབར་ནས་རྒྱབ་ལ་བཏོན་ཏེ་རྟ་ལ་བཞོན་ཁུལ་གྱིས་དྲུད་ནས་འགྲོ་ཞིང་། ཁ་ནས་“ཁྱོ་ ཁྱོ་…..” ཟེར་བཞིན་དབྱུ་གུ་ཕྲ་མོ་ཞིག་ལྕག་ཚན་ཡིན་ཁུལ་གྱིས་འབྲབ་པར་བྱེད།

ཡུལ་སྟོད་སྨད་ཀྱི་བྱིས་པ་ཆུང་ཆུང་དེ་དག་ཅ་ཅོ་དང་དགོད་སྒྲ་ཙིག་ཙིག་གིས། དུས་ཚོད་འདིར་”གཞས་སྒོ་གཞུང་”སྤང་ཐང་དུ་འཛོམས་ནས། ད་གཟོད་ཁོང་ཚོ་གྲོ་མ་བརྐོ་བར་བྲེལ།

ཐག་རིང་ནས་བལྟས་ན། དལ་བྲེལ་མེད་པར་སྒུར་སྒུར་ངང་ཅི་ཞིག་འཚོལ་བར་བྲེལ་བ་དེ། ང་ཚོའི་མིག་མདུན་གྱི་གྲོག་མ་ནག་རིལ་ཆུང་ཆུང་དག་དང་འདྲ་བར། བྱིས་པ་ཆུང་ཆུང་ཚོས་ཀྱང་སྤང་གཤོངས་དེའི་ཟུར་སྣེ་ན། ཏོག་ཙེ་ཆུང་ཆུང་དེ་ཕན་ཚུན་གཡོར་རེས་ཀྱིས་ས་རྡོག་པོ་རེ་བརྐོས་རྗེས། ཐལ་བ་གོས་པའི་ལག་པ་ཆུང་ཆུང་དེ་དག་སུས་ཐོབ་ཀྱིས།

“ང་ལ་གྲོ་མ་པོ་ཏོ་ཞིག་རག་བྱུང་།”
“ལྟོས་དང་། ང་ལ་གྲོ་མ་རིང་པོ་གཅིག་རག་བྱུང་།”

དེ་དུས་བྱིས་པ་ཆུང་ཆུང་ཚོའི་ངོ་གདོང་ཐལ་མདོག་སྐྱ་ཐལ་ལེར་གོས་པ་དེ་ལས། འཛུམ་ཆུང་རེ་རང་ཤུགས་ཀྱིས་མངོན་བཞིན། ཕན་ཚུན་ངོམ་རེས་ཡིད་ཚིམས་པ་རེ་བྱས་ཏེ་སོ་སོའི་ཨམ་ཕྲག་ནང་བཅུག་འགྲོ། བྱིས་པ་ཆུང་ཆུང་ཚོས་འགྲན་རྩོད་ཤིག་གེར་གྲོ་མ་བརྐོས་ནས་ས་རུབ་ལ་ཁད་དེར། ཁོང་ཚོས་རང་འགུལ་གྱིས་མཚམས་འཇོག་བྱེད་སྲིད་ལ། ཕ་མ་དག་གིས་ཀྱང་ཁང་ཐོག་ནས་ “ད་མགྱོགས་པོ་ཁྱིམ་ལ་ལོག་ཤོག འཕྱི་བོ་ཆགས་ན་ཁྱི་ཡིས་བཟས་འོང་།”སྐད་ཆེན་པོས་འབོད་དུས། སྐབས་དེར་ཁོང་ཚོ་ཡང་གོར་གོར་དུ་འཛོམས་ཏེ་རང་རང་གི་ཨམ་ཕྲག་ཁ་ཕྱེ་ནས།

“ཁྱོད་ལས་ང་ལ་མང་པོ་འབྱོར་བྱུང་།”
“ཁྱོད་ཀྱི་དེ་ལས། ང་ཡི་འདི་དགའ་མོ་འདུག”

མང་ཉུང་དང་ཡག་སྡུག་འགྲན་རེས་བྱས་རྗེས། ཁྱིམ་ཚང་སོ་སོའི་ཕྲུ་གུ་ཆུང་ཆུང་དེ་རྣམས་ཆ་དང་ཆ་བསྒྲིགས་ནས། ཅ་ཅོ་དིར་རེར་ཁྱིམ་ལ་ལོག་འགྲོ།

“བུ་མོ། ད་མགྱོགས་པོ་ཡར་ལངས་ཏེ་ཆུ་ལེན་དུ་རྒྱུག” སྒོ་རའི་མདུན་གྱི་ཞིང་སྟེང་ནས་གྱ་གྱུར་འཐེན་པའི། རྐང་ལམ་སྐྱ་བོ་དེ་ནས་བུ་མོ་ཆུང་ཆུང་དེས་གོམ་པ་རེ་རེ་སྤར་ཤུལ་དུ། རས་ཟོན་རྙིང་གོག་ཆུང་ཆུང་གི་རྗེས་ཤུལ་རབ་རིབ་ཅིག་ཀྱང་མངོན་འོང་། རྒྱུན་ལྡན་གྱི་ཨ་མའི་གསུང་སྐད་དེ་ནི། ད་ལྟ་མོའི་རྣ་བར་སྙན་ཞིང་འཇེབས་ལ། ཡང་ན། དེ་ནི་མོ་རང་གི་འོས་འགན་ཞིག་ཏུ་སྙམ་སྟེ། ཐོ་རེངས་ནམ་གསལ་ལ་མི་གསལ་བའི་རབ་རིབ་ཀྱི་སྐབས་དེར། མོས་ཀྱང་འགྱིག་དམ་སེར་པོ་ཆུང་ཆུང་དེ་སྦྲག་2ཟད་པོ་ཞིག་གིས་བཀྱགས་ཏེ་རྒྱབ་ཏུ་ཁུར་ནས་སྒོའི་ཕྱིར་ཐོན།

ནམ་ཟླ་དགུན་མཇུག་འདིར། ཆུ་མིག་ཁའི་རྡོ་གསེབ་ཏུ་འཁྱག་དར་སྦུབས་ནས་”ཀྲུག་ཀྲུག”ངང་སྒྲ་གྲག་བཞིན་བཞུར་གྱིན་པའི་ཆུ་དེ་མཐོང་དུས། བུ་མོ་ཆུང་ཆུང་དེས་འཁྱག་དར་ཇི་ལྟར་བྱས་ནས་གཅོག་དགོས་པའང་མི་ཤེས། མོས་རང་གི་ལག་པ་ཆུང་ཆུང་གཉིས་པོར་ཧ་འདེབས་ཞོར་འཕུར་འཕུར་བྱས། དྲོད་ཅུང་ཙམ་ཁུགས་པ་དང་ཆུ་སྐྱོགས་དེ་ཤུགས་ཀྱིས་བཞུས་རུང་འཁྱག་དར་ལ་སྔར་བཞིན་གས་ཁ་མ་བྱུང་། དུས་ཡུན་གང་འཚམས་ཤིག་གི་རྗེས། གཟུགས་སྟོབས་ཆེ་བའི་སྐྱེས་མ་ཆུ་ལེན་མ་ཞིག་དེ་གར་འབྱོར་ནས་འཁྱག་དར་བཅག་ཅིང་ཆུ་སྐྱོགས་རེ་རེས་ཆུ་འཆུ་དུས། བུ་མོ་ཆུང་ཆུང་དེ་ལོགས་ཤིག་ཏུ་སྨྲ་བ་ཅི་ཡང་མེད་པར། ཁ་རླངས་སྐྱ་ཐོལ་ཐོལ་ངང་ཀྲོང་ངེར་འགྲེངས་ཏེ་”ང་ལའང་ཤུགས་ཆེན་པོ་འདི་འདྲ་ཞིག་ཡོད་ན་”སྙམ་བཞིན་ལུས་པོ་འདར་སིག་སིག་བྱེད།

ཞིང་ཁའི་སྟེང་ནས་གྱ་གྱུར་འཐེན་པའི་རྐང་ལམ་དེ་ནི། བུ་མོ་ཆུང་ཆུང་དེའི་སྔ་དགོང་དག་ཏུ་ཆུ་ལེན་དུས་སྐྱོད་ས་ཡིན། ནམ་རྒྱུན། རྐང་ལམ་དེའི་སྟེང་ནས་མཐོང་རྒྱུ་ཡོད་པའི་རྗེས་ཤུལ་ཕལ་ཆེ་བ་ནི་མོའི་རས་ཟོམ་དེའི་རེད། དེ་རིང་ཉིན་གཅིག་གི་འགོ་མ་འདིར་ཡང་རྐང་ལམ་དེ་ནས་གོམ་པ་ཚུར་སྤོས་རྗེས་ཀྱི་རྐང་རྗེས་ཐོག་མ་མོའི་ཡིན་ལ། ཕར་ཁྱིམ་ཕྱོགས་ལ་ལོག་དུས་ཀྱི་གོམ་པ་དེའང་ཐོག་མར་བུ་མོ་ཆུང་ཆུང་དེས་སྤོ་བཞིན་འདུག

ད་ལྟ། བུ་མོ་ཆུང་ཆུང་གི་རྒྱབ་ཏུ་འཁུར་བའི་ཁ་གཅོད་མེད་པའི་འགྱིག་དམ་སེར་པོ་དེའི་ཁ་ནས། ཆུ་ཡི་ཟེགས་མ་ཐར་ཐོར་ངང་མོའི་མགོ་དཀྲིས་དང་ཕྲག་སྟེང་ལ་འཐོར་ཞིང་རྒྱབ་གཞུང་ནས་འགྲིལ་ཏེ། ཕྱུ་པའི་ཐུ་སྣེ་སྤུ་ཟིང་ངེར་ཟིང་ཡོད་པའི་རྩེ་མོར་འཁྱག་དར་ཆུང་ངུ་རེ་ཆགས། ཆུ་འགྱིག་དམ་ལྕི་དྲགས་པས་མགོ་བོའང་ཡོར་ཏེ་ཡ་སོ་མ་མཆུར་བསྡམས་ནས། རྐང་ཆུང་གི་གོམ་པ་ལྗིད་ཏིག་ཏིག་གིས་ཐབ་ཚང་གི་སྒོ་ཐེམ་བརྒལ་རྗེས། ད་གཟོད་མོས་ཆུ་འགྱིག་དམ་སར་ཕོག་སྟེ་མགོ་དཀྲིས་དལ་གྱིས་ཕུད། ཨ་མས་ད་ལྟ་གསོས་མ་ཐག་པའི་མེ་ཁ་ལ་ལག་ཟུང་ཆུང་ཆུང་གཉིས་པོ་སྲོ་འགོ་རྩོམ་དུས། ངོ་གདོང་ལ་ཚ་ཧོབ་ཅིག་བརྒྱབ་པ་དང་ལྷན་དྲོད་ཁོལ་གྱི་ཚོར་སྣང་ཞིག་ལག་པ་ཆུང་ཆུང་གཉིས་པོའི་སོར་རྩེ་ལས་རིམ་བཞིན་ལུས་ཡོངས་ལ་ཁྱབ།

༢༽

ཡུལ་ལུང་འདིའི་སྟོད་ཀྱི་གནས་ཆེན་དགྲ་ལྷ་དང་ཡུལ་ལྷ་ཨ་ཕོ་ཤ་ནག་གཉིས་པོའི་དབུ་ཐོད་སྨུག་པས་བཏུམས་ཏེ་ཕྱེད་ཙམ་ལས་མི་མངོན་ཞིང་། ཡུལ་ལྷའི་འདབས་རོལ་གྱི་སྤང་ཁུད་དང་དབྱར་དུས་གྲོང་3སྡོད་སའི་ལྷས་རའི་ཁོར་ཡུག་དེ་དག་སྨུག་པ་སྐྱ་ལང་ལོང་ཞིག་གིས་གཡོགས། ཞོགས་པའི་ཁ་དབུགས་འདི་དྭངས་ཤིང་དྲོ་ལ། རླན་ཤ་དོད།

ད་ལྟ། ཡུལ་མི་ཚོས་”པདྨ་སྨྱུག་རྩེ་”ཞེས་འབོད་པའི་གཙང་པོའི་ཕ་རོལ་གྱི་བྲག་རི་མཐོན་པོ་དེའི་རྩེ་མོ་ནས་ཉི་འོད་མག་མོག་ཅིག་འཆར་འོང་། ད་གཟོད་བུ་མོ་ཆུང་ཆུང་དེས་དང་རའི་ནང་གི་རེའུ་དང་ལུ་གུ་ཆུང་ཆུང་ཚོ་སྒོའི་ཕྱིར་བཏོན། མདང་དགོང་ཆར་པ་བབས་དྲགས་པས། དང་རྭའི་ནང་གི་ལུད་རྣམས་འདམ་རྫབ་དང་འདྲ་བར་ཉར་ཉོར་ཆགས་ཏེ། རེའུ་ལུག་གི་རྐང་པས་ཡར་རྫི་མར་རྫི་བྱས་པར་ཕན་ཚུན་འགོ་རེས་ཀྱིས། ནམ་རྒྱུན་སྤུ་མདོག་བཟང་བའི་རེའུ་ལུག་དེ་ཚོ་ནག་ཧྲུལ་ལེར་བཟོས་འདུག མཚན་ཆར་བབས་ནས་རེའུ་ལུག་རྣམས་འཁྱགས་པས་ཡིན་ནམ། དེ་རིང་ཞོགས་པ་སྒོ་ཕྱིར་བཏོན་རྗེས་མགོ་བོ་དུད་ནས་འགྲོ་ཞིང་། མཚམས་རེར་ལུས་པོ་གསིག་གསིག་གིས་སྤུ་རྩེར་འབྱར་བའི་ཆུ་ཐིགས་རྣམས་གཡུག་པ་ལས། ནམ་རྒྱུན་ལྟར་འཕག་འཆོང་དང་རྩེད་འཇོར་མི་རོལ་བས་ཞིང་ཁའི་ནང་ལའང་ཤོར་དོགས་མི་འདུག

ད་ལྟ། བུ་མོ་དེའང་ཕྲུ་གུ་གཞན་དག་དང་འདྲ་བར་རེའུ་ལུག་གི་རྫི་བོར་འགྲོ་དགོས་ཏེ། ཁྱིམ་ཚང་འདིའི་ཕྲུ་གུ་འགོ་མ་མོ་རང་ཡིན་ཁར་ཁྱིམ་ལས་དང་སྒོ་ཕྱུགས་བདག་སྐྱོང་ཐད་ལ་ཁོང་ཚོར་ལས་མི་མི་འདང་བས་ཡིན།

སྒོ་རའི་མདུན་གྱི་རྫིང་ཆུང་དེའི་ཐོད་ནས། རེའུ་ལུག་གི་ཁྱུ་དལ་གྱིས་མདུན་ཕྱོགས་ཀྱི་རི་ངོས་དེ་ནས་ཡར་ལ་དེད། དབྱར་དུས་ཀྱི་ཞོགས་པའི་འཁོར་ཡུག་འདིར། སྤང་གཤོངས་ཀྱི་སྔོ་ལྗང་འདི་རྣམས་ཟིལ་ཐིགས་ཁྲོམ་མེར་གཉིད་པ་དེ་དག བུ་མོ་ཆུང་ཆུང་དེའི་གོམ་པའི་རྡོག་སྣེ་རེ་རེས་དལ་གྱིས་དཀྲོགས་པས། ད་གཟོད་མོའི་རས་ལྷམ་དང་ཕྱུ་པའི་ཐུ་སྣེ་ཡང་རླན་ལྗན་ལྗིན་དུ་སྦངས་འདུག

མགོ་ལ་སྨུག་མདོག་གི་རྭ་ཅོ་ཆུང་ཆུང་རེ་འབུར་ཞིང་། འཇམ་ཤ་དོད་པའི་སྤུ་མདོག་དཀར་ལ་གོར་མོར་འཁྱིལ་བའི་ལུ་གུའི་ཁྱུ་དག་ཕྱོགས་གཅིག་ཏུ་འདུས་ཏེ། དལ་གྱིས་སྤང་སྟེང་གི་སྔོ་ལྗང་འཐོག་བཞིན་གཡེངས་ནས་སྡོད། ཉིན་དགུང་དུས་སུ་ལུ་གུ་རེ་ཟུང་སྔོ་རྩྭ་ཡིས་འགྲངས་རྗེས། དོ་དང་སྤང་ཁུད་དག་ཏུ་གཉིད་ནས་ལྷག་འགྲོ་བས། ཧོབ་དེ་གཉིད་ལས་སད་དུས་རང་གི་ཁྱུ་དེ་གར་སོང་མི་ཤེས་པར་ “པེའེ་འེ་…..” འབའ་སྐད་ཕྲ་ལ་རིང་བ་རེ་རྒྱག་ཞོར་གཡས་འཁོར་གཡོན་འཁོར་གྱིས་འཐོམས་ནས་སྡོད།

འོན་ཀྱང་རེའུ་དག་ནི་སྒོའི་ཕྱིར་བཏོན་ནས་བཟུང་ཁྱུ་ཚོགས་ཀྱི་སྣ་རུ་ཤོར་འགྲོ་ཞིང་སྡོད་ཚུགས་མེད་པར་ཕྱོགས་གང་སར་རྒྱུག ཕ་བོང་གི་རྩེ་དང་གྲོག་རོང་ཟུར་ལ་འཕག་མཆོང་དང་རྩེད་འཇོར་རོལ་བར་དགའ་ཞིང་གོམ་ལག་བདེ་བས་གང་སར་ཤོར་འགྲོ། རེའུ་ཕལ་ཆེ་བ་ནག་པོ་ཡིན་རུང་སེར་སྐྱ་དང་མདོངས་པོ། ཁམ་པ་སོགས་ཀྱི་སྤུ་ནི་འཇམ་ལ་འོད་མདངས་བཀྲ་ཞིང་། ནམ་རྒྱུན་བ་ཚྭ་ལ་དགའ་བས་གྲོག་རོང་དང་དཀན་གཟར་གང་ལའང་མཆོངས་འགྲོ་བ་དེས། རྫི་བོས་ཀི་བཏབ་རུང་རེའུ་ལུག་གིས་བསམ་ཤེས་མི་ཐུབ་ལ་བཟུང་ན་མི་ཐེམས་པའི་ངང་ཚུལ་དེས། བུ་མོ་ཆུང་ཆུང་དེ་དང་འདྲ་བའི་རྫི་བོ་དག་ལ་ངུ་མ་དགོད་ཀྱི་སྣང་ཚུལ་རེ་བཟོ་ངེས།

ནམ་རྒྱུན། རེའུ་ལུག་གི་རྫི་བོར་འགྲོ་ཐེངས་རེར། བུ་མོ་ཆུང་ཆུང་དེའི་སེམས་ལ་འཇིགས་དངངས་དང་ལྷན་དྲན་འོང་བ་ནི་ “རེའུ་ལུག་ལ་ཅག་པོ་གྱིས། སེམས་ཅན་4རྡོལ་ཡོང་” ཨ་མའི་སྐད་ཆ་དེ་ད་ལྟའང་མོའི་རྣ་ལམ་དུ་གྲག་འོང་བ་དང་འདྲ། “སེམས་ཅན་”ཟེར་བ་དེ་ནི། ད་བར་མོས་མཐོང་ཡང་མ་མྱོང་བས་ཇི་ལྟར་ཡོད་མེད་བློ་ལ་འཁོར་ཐབས་མི་འདུག འོན་ཀྱང་། དེ་ནི་འཇིགས་སྣང་སྐྱེ་དགོས་པ་ཞིག་ཡིན་པ་མོས་ཀྱང་ངོས་ཟིན་ཡོད། “སེམས་ཅན་” ཞེས་པའི་སྐད་ཆ་དེ་དྲན་ཐེངས་རེར། བུ་མོ་ཆུང་ཆུང་དེ་གཅིག་པུར་རྫི་བོར་བསྐྱོད་མི་ཐུབ་སྟབས། མོ་རང་དབང་མེད་པར་རྫི་རོགས་གཞན་དག་གི་འཁྲིས་སུ་བཅར་འགྲོ། འོན་ཀྱང་། མོའི་རེའུ་ལུག་དེ་རྣམས་རྫི་བོ་གཞན་གྱི་རེའུ་ལུག་དང་འདྲེས་འགྲོ་ཐེངས་རེར། མོའི་སེམས་ལ་ “རྫི་བོ་གཞན་གྱི་མཉམ་པོར་མ་འགྲོ་ཞིག རེའུ་ལུག་ཕན་ཚུན་འདྲེས་འགྲོ་ཡོང་” ཞོགས་པ་རེ་རེར་སྒོའི་ཕྱིར་ཐོན་ཁར་ཨ་མས་ཡང་ཡང་མངགས་བཅོལ་བྱེད་པའི་སྐད་ཆ་དེས། མོ་རང་ཅི་བྱེད་མེད་པར་འཚབ་འཚུབ་ཀྱི་གནས་སུ་བསྐྱལ་འགྲོ།

དུས་སྐབས་འདི་དག་ལ། བུ་མོ་ཆུང་ཆུང་དེར་རང་དབང་མེད་པར་ཡིད་སྨོན་རེ་སྐྱེ་འོང་སྟེ། ནམ་རྒྱུན་སྔ་དགོང་དག་ཏུ་གྲོང་ལ་ཡར་འགྲོ་མར་ལོག་བྱེད་བཞིན་པའི་ཁྱིམ་མཚེས་ཀྱི་ཨ་ཅེ་ཚོ་དང་ཨ་མ་ཁོང་ཚོ་མཐོང་ཐེངས་རེར། མོའི་སེམས་ལ་ “ང་ཡང་། མགྱོགས་པོ་ཆེན་པོ་ཆགས་རོགས་བྱས་ན། ཡུལ་དུ་རེའུ་ལུག་གི་རྫི་བོ་འཚོ་མི་དགོས་པར། ཁོང་ཚོའི་མཉམ་པོར་གྲོང་ལ་འགྲོ་རྒྱུ་” གྲོང་པ་ཚོ་བསྟར་ཕྲེང་ནར་ནར་ངང་དུ་འགྲོ་འོང་བྱེད་པར་བལྟས་ཏེ། བུ་མོ་ཆུང་ཆུང་དེ་འདི་ལྟ་བུའི་རེ་སྨོན་རེ་རེའི་ངང་ནས་ད་གཟོད་རིམ་གྱིས་ནར་སོན་འགོ་བརྩམས།

ཉིན་གྲངས་འདི་དག་གི་ནང་། བུ་མོ་དེ་ཡུལ་ནང་གི་འགྲོ་ལམ་དག་ནས་རེའུ་ལུག་རྫི་བོར་ཕར་བསྐྱོད་དང་ཚུར་ལོག་དུས་སུ། ཡར་མར་འགྲོ་མཁན་གྱི་མི་ཚོར་ཐུག་སྐབས་ཁ་བཀབ་ནས་རང་བཞིན་གྱིས་གཡོལ་འགྲོ། དེ་ནི་མོའི་སེའུ་རྗེ་བཞིན་པས་ནམ་རྒྱུན་གྱི་སེའུའི་བསྟར་ཕྲེང་དཀར་སིང་ངེ་བ་དེ། ད་ལྟ་གསར་དུ་སྐྱེ་བཞིན་པའི་མདུན་སོ་དག་གིས་ཆ་མི་སྙོམས་པར་བཟོས་པས་ལན། བུ་མོ་དེས་དང་ཐོག་རང་གི་ཁ་ནང་གི་སེའུ་འགུལ་འགུལ་བྱེད་པ་ཤེས་མ་ཐག་སྐྲག་སྣང་གིས་ཟས་ཀྱང་ཟ་མི་ཕོད། འོན་ཀྱང་། ཨ་མས་ “དེ་ནི་མི་ཆེན་པོ་ཆགས་ཡོང་བའི་རྟགས་ཡིན། མི་ཡོང་རྫོགས་ལ་འབྱུང་གི་རེད་”བཤད་པ་དེས། མོའི་སེམས་པ་ལྷོད་ལ་བབས་ཤིང་། ད་གཟོད་སེམས་ཁོང་ནས་དགའ་སྤྲོ་ཞིག་ཀྱང་ངང་གིས་བརྟས་འོང་།

༣༽

དབྱར་ས་དེའི་ལྷས་ར་རུ། སྦྲ་ནག་རེ་རེའི་གུར་སྒོ་ནས་ཕྱིར་ཐོན་ཡོང་བའི་གྲོང་མོ་ཚོའི་ལག་ཏུ། སྟར་རྒྱུད་བྱེད་ཀྱི་ཐག་པ་དང་ཤིང་ཟོ་རེ་ཐོགས་ཏེ། “སྟར་ལོའོ་…. སྟར་ལོའོ་…..” ཟེར་བཞིན་ར་ལུག་གི་ཁྱུ་ནས་འཇོ་མའི་རིགས་རྣམས་ལོགས་སུ་བཀར་ཡོང་། ཨ་མས་སྟར་རྒྱུད་འགོ་བཙུགས་རྗེས། བུ་མོ་དེས་ཀྱང་ར་མའི་རིགས་རྣམས་གཉའ་ནས་བཟུང་སྟེ་ “སྟར་ལོའོ་…… སྟར་ལོའོ་….”ཟེར་བཞིན་རེ་རེའི་ངང་ནས་ཨ་མའི་གམ་ལ་འཁྲིད་འགྲོ། ཨ་མ་དང་བུ་མོ་གཉིས་པོས་ནམ་རྒྱུན་དང་འདྲ་བར་ར་མ་རྣམས་སྟར་ལ་བརྒྱུས་རྗེས། མ་མོ་རྣམས་ཀྱང་མཚམས་དེར་མཐུད་ནས་བརྒྱུས། ཨ་མ་དང་བུ་མོ་གཉིས་པོས་འཇོ་མ་རྣམས་ཕན་ཚུན་བསྣོལ་ནས་བརྒྱུས་པའི་བསྟར་ཕྲེང་འདི་ར་མ་དང་མ་མོ་ལྔ་བཅུ་ལྷག་ཙམ་གྱིས་གྲུབ། ཨ་མས་སྟར་གྱི་གཡས་ཕྱོགས་ནས་འོ་མ་འཇོ་ཞིང་། བུ་མོ་དེས་ཀྱང་གཡོན་ཕྱོགས་ནས་བཞོས་ཡོང་བས། ཨ་མར་མཚོན་ན་ལག་རོགས་ཤིག་བྱུང་སྟབས་ད་གཟོད་བྲེལ་ཤ་ལྷོད་དུ་བཏང་།

 གྲོང་རོགས་གཞན་དག་གི་ཨ་ཅག་ཚོ་དང་འདྲ་བར། ད་ལྟ་བུ་མོ་དེའི་སྐྲ་ཡང་བསླས་ཏེ་ལན་བུར་གནག་ཅིང་སྣུམ་པའི་འོད་མདངས་འཁྱུག་ཅིང་རྒྱབ་གཞུང་ནས་ཐུར་དུ་དཔྱངས། གྲོང་མོ་ཚོ་ཞོགས་པའི་ཕྱུགས་ལས་བྱས་རྗེས་མར་དང་ཕྱུར་བ་ཁྱེར་ནས་བསྟར་ཕྲེང་ནར་ནར་ངང་ཡུལ་ལ་འགྲོ་བཞིན་པར། བྱིས་པ་ཆུང་ཆུང་ཚོས་རེའུ་ལུག་གི་རྗེས་ནས་སམ་ཁང་ཐོག་གང་རུང་ནས་ཡིད་སྨོན་དང་རེ་སྒུག་གིས། ཁོང་ཚོས་ “དེ་རིང་། ཨ་ཅེ་བཟང་མོ་ཡུལ་ལ་ཡོང་གི་མི་འདུག རྫི་བོ་ཁེལ་ཡིན་གྱི་རེད། དེ་རིང་། ཨ་ཅེ་སྒྲོལ་མ་ཡང་…….” ཡུལ་དེའི་སྟོད་ཕྱོགས་སུ་འཐེན་པའི་གྲོང་ལམ་གྱ་གྱུ་དེ་ནས་མར་ཡུལ་ལ་འོང་བཞིན་པའི་གྲོང་མོ་ཚོར་བལྟས་ཏེ་ཁོང་ཚོས་དེ་ལྟར་ཡར་མར་སྐད་ཆ་སྣ་ཚོགས་ཤོད་ངེས།

ད་གིན་ནས་མཛུབ་ཆུང་ཁ་ལ་བཅུག་སྟེ་མིག་ཟུང་ཟིམ་ཟིམ་གྱིས་གྲོང་མོ་ཚོར་ཅེར་ཞིང་། བྱིས་པ་གཞན་དག་གིས་ཅི་ཟེར་ལ་ཉན་ཏེ་སྣ་ཁུང་ནས་སྣབས་ལུད་འཕྲུལ་འཕྲུལ་ངང་འཛར་ཡོང་བའི་བྱིས་པ་དེས། ད་གཟོད་གཞི་ནས་ཁ་གྲག་བྱུང་། “ཨ་ཡོ། དེ་རིང་ཡང་། ཨ་ཅེ་ཆོས་སྒྲོན་མི་འདུག” རྐང་ལམ་གྱ་གྱུ་དེ་ནས་བསྟར་ཕྲེང་ནར་ནར་ཡོང་བའི་གྲོང་མོ་ཚོར་བལྟས་ནས་ཡོད་པའི་བྱིས་པ་ཆུང་ཆུང་དེའི་ངོ་གདོང་ལ་ཉོབ་མདངས་ཤིག་རྒྱས་པའི་ངང་དེ་ལྟར་བཤད།

མ་གཞི་ད་ལྟ་ཡུལ་དུ་སྡོད་པའི་བྱིས་པ་ཆུང་ཆུང་ཚོས་བུ་མོ་དེ་ལ་ “ཨ་ཅེ་ཆོས་སྒྲོན་” ཞེས་འབོད། ནམ་རྒྱུན་”ཨ་ཅེ་ཆོས་སྒྲོན་”ཡང་གྲོང་མོ་གཞན་དག་དང་འདྲ་བར། ཁོང་ཚོའི་མཉམ་པོར་རྒྱབ་ཏུ་རྐོན་པ་སེ་ཁྲིག་ཁྲིག་ངང་གྲོང་ནས་ཡུལ་ལ་ལོག་འོང་བ་མཐོང་ཐུབ།

བྱེའུས་”ཆིག་ཆིག་”ངང་སྒྲ་གྲག་པ་དང་། ཨ་ཅེ་ཆོས་སྒྲོན་གཉིད་ལས་སད། མིག་ཕྱེ་དུས་སྦྲའི་ཁ་ཚུབ་ལས་ནམ་སྐྱ་སང་ངེར་ལངས་ཡོད་པ་ཤེས། རྫ་ལའི་5གཡས་ཕྱོགས་ཀྱི་ཨ་མའི་ཉལ་སར་ལྟ་དུས། ཨ་མ་སྔ་ས་ནས་བ་དང་མཛོ་རྣམས་ནོར་གདང་ལས་འགྱེད་དུ་བུད་ཟིན། “དེ་རིང་དྲོ་རྫིར་6འགྲོ་དགོས་པས་མགྱོགས་ཙམ་མ་ལངས་ན་ཨ་མས་བཀའ་བཀྱོན་བཏང་ཡོང་”སྙམ་བཞིན། ལག་ཟུང་ཕར་ཚུར་རྐྱོང་བཤད་བྱས་རྗེས་སྔས་འགྲམ་གྱི་རས་ཀྱི་ཕྱུ་པ་ནག་པོ་དེ་བླངས་ནས་གྱོན་འགོ་བཙུགས།

ཕྱུ་པའི་གོང་པའི་ནང་ལ་འཛུལ་བའི་སྐྲ་ཡི་ལན་བུ་ཕྱིར་བཏོན་ཏེ། ཕྱུ་པའི་ཨམ་ཕྲག་གཡས་པའི་ཕྱོགས་ནང་ལ་བཏང་ནས་ཕྱི་ལ་ཨམ་ཕྲག་གཡོན་མའི་ཕྱོགས་དེ་དམ་པོར་གཡོགས་རྗེས། རག་གི་ཁབ་མདོང་དང་གཡེར་ཁ་བཏགས་པའི་སྐེ་རགས་བླངས་ནས་དམ་པོར་བཅིངས། འོན་ཀྱང་། ཨ་ཅེ་ཆོས་སྒྲོན་ཅུང་ཞིག་དེ་གར་འགྲེངས་ནས་ལྷག དེ་ནི་མོ་རང་ལ་མཚོན་ན་ཐེངས་དང་པོར་དོ་སྣང་སྐྱེས་པ་ཡིན་ཏེ། སྔར་དང་མི་འདྲ་བར་བྲང་གཡས་གཡོན་གཉིས་པོའི་ཐད་དུ་ཕྱུ་པའི་ནང་ནས་རང་གི་ནུ་མ་གཉིས་པོ་དེ་མངོན་གསལ་དོད་པོའི་ངང་ནས་ཕྱིར་འབུར་ཡོད་པ་མཐོང་། ལམ་སང་ངོ་ཚ་དང་དོགས་སྣང་ཅི་ཞིག་གིས་ཕར་ལྟ་ཚུར་ལྟ་འགའ་བྱས། ཨ་མ་སྒོའི་ཕྱིར་བུད་དེ་ད་ལྟ་གུར་ནང་དུ་མོ་རང་གཅིག་པུ་ལས་མེད་ཕྱིར། ཡང་བསྐྱར་ཞིབ་ལྟ་བྱེད་དགོས་བྱུང་།

སྤང་ཁའི་གཤོངས་ཁུད་ཀྱི་སྔོ་ལྗང་འདི་རྣམས་ཟིལ་ཐིགས་ཁྲོམ་མེར་མགོ་བོ་དུད་པའི་དབྱར་དུས་ཀྱི་ཞོགས་པའི་འཁོར་ཡུག་འདིར། ཁ་དབུགས་དྭངས་ཤིང་གཙང་ལ་རླན་ཞད་ཆེ།

ནུབ་ཕྱོགས་ཀྱི་རི་སྔོན་རྩེ་མོར་ཞོགས་པའི་ཉི་འོད་སེ་ཐིང་ངེར་འཕོས་པ་དང་། ད་གཟོད་གྲོང་མོ་ཚོས་མེ་ཁ་གསོས་ཏེ་སྦྲ་གུར་གྱི་ཁ་ཚུབ་ལས་དུ་བ་སྔོ་ལོང་ལོང་འཕྱུར། གྲོང་སྡོད་སའི་ལྷས་དང་ཐག་མི་རིང་བའི་རི་སྔོན་པོ་དེའི་ཞོལ་ན། ཨ་ཅེ་ཆོས་སྒྲོན་དྲོ་རྫིར་འདུག ནམ་རྒྱུན་མོས་ཞོགས་པར་བུད་ཤིང་ཁུར་པོ་རེ་འཐུ་ནའང་། ད་ལྟ་ར་ལུག་རྩྭ་སར་བཀྲམ་ནས་མོ་རང་རྡེའུ་འབུར་ཞིག་གི་སྒང་ཀྲོང་ངེར་ལངས་ཏེ་འགུལ་ཙམ་ཡང་མི་བྱེད། “ངའི་ནུ་མ་ལ་ཅི་ཞིག་བྱུང་བ་ཡིན་ནམ། ཨ་ཅེ་གཞན་དག་དེ་ཚོ་ལའང་དེ་འདྲ་འབྱུང་གི་ཡོད་དམ། དེ་རིང་ལྷས་ལ་སླེབས་རྗེས་ཨ་ཅེ་གཞན་ཚོའི་བྲང་ལ་ལྟ་དགོས་” སྙམ་བཞིན་དངངས་སྐྲག་གམ་ཅི་ཞིག་གིས་འདུག་མི་བཟོད་པ་བཟོས་འོང་།

ཨ་ཅེ་ཆོས་སྒྲོན་དང་མོའི་ན་མཉམ་གྱི་ཨ་ཅེ་དག་གིས། དབྱར་གསུམ་གྱི་དུས་ཚིགས་འདི་ལག་པ་འོ་དྲི་ཐུལ་ལེར་ཨུག་ཆོས་མེ་ཏོག་རྣ་བར་འཛེར་རེས་ཀྱིས་བསྐྱལ་ཅིང་། དགུན་གསུམ་གྱི་གྲང་ངར་དེ་ལུང་མདོའི་ཀོ་རོང་གཏིང་དུ། རྡེའུ་འབུར་དང་བྲག་སྐྱིབས་དག་ནས་རྡེའུའི་རྩེད་མོ་རྩེ་རེས་ཀྱིས་བསུས་ཏེ། ལོ་ངོ་གཉིས་གསུམ་ཞིག་གི་དུས་ཡུན་ནི་མིག་རྡེབ་ཙམ་གྱི་རིང་ལ་འདས། འཁོར་འགྲོས་རང་བཞིན་གྱི་དུས་ཚིགས་འདི་བསྐྱར་བཟློས་ཤིག་གིས། སླར་ཡང་ད་ལྟ་ཡུལ་འདིའི་ཕྱུགས་ཟོག་རྣམས་དབྱར་སར་སྐྱས་སྤོར་འདུག

དེ་རིང་གནམ་གཤིས་དྭངས་ཤིང་ཉི་འོད་དྲོ་བས། གྲོང་མོ་ཚོ་ཡུལ་ལ་མ་ལོག་པར་སྦྲ་གུར་གྱི་ཉེ་འདབས་དེ་ན་སླེའུ་ས་ལ་བཀྲམ་ཐོག་ཚེར་7སྐེམ་ཞོར་ཧབ་རྒོད་ཆིལ་ལེར་ཡོད།

ཨ་ཅེ་སྒྲོལ་མས “ད་ཡིན་ན། ཆོས་སྒྲོན་ཡང་སྨད་དཀྲིས་དཀྲིས་ནས་འགྱུར་གྱི་འདུག”8 ཨ་ཅེ་ཆོས་སྒྲོན་ལ་རྩེད་མོའི་ཚུལ་དུ་སྨྲས། དེར་མཐུད་ནས་ཨ་ཅེ་བཟང་མོས་ཀྱང་ “ཁྱོད་སུའི་མནའ་མ་ལ་འགྲོ་རྒྱུ་ཡིན” ཁོང་ཚོས་ཧབ་ཆ་བརྒྱབ། ཨ་ཅེ་ཆོས་སྒྲོན་གདོང་པ་སྨད་ནས་སྦར་མོའི་ནང་གི་ཚེར་དེ་སྐྱ་ནར་ནར་ངང་འཚིར་གང་ཐུབ་བྱེད་བཞིན་སླེའུ་ཡི་ཐོག་ཏུ་ཕྱུར་བའི་བཟོ་ལྟ་བཏོན་ཡོང་། འོན་ཀྱང་ད་ལྟ་མོའི་ངོ་གདོང་དམར་པོ་ཆགས། “ང་ད་ལྟ་ལོ་ཆུང་ཆུང་ལ་མནའ་མར་འགྲོ་རྒྱུའི་དུས་ཚོད་ཅིག་ག་པ་རན་ཡོད་” སྙམ་བཞིན་མུ་མཐུད་ཚེར་སྐེམ་པ་ལས་ཁོང་ཚོའི་སྐད་ཆར་ཁ་ཡ་མི་བྱེད།

ཨ་ཅེ་ཆོས་སྒྲོན་ཡང་། ཨ་ཅེ་གཞན་ཚོ་དང་འདྲ་བར་སྔ་དགོང་གྲོང་དུ་ཕྱུགས་ལས་བྱས་ཚར་རྗེས། རྫི་བོར་འགྲོ་བ་ཕུད་པའི་ཉིན་མོར་ཡུལ་དུ་ལོག་སྟེ་ཨ་མའི་མཉམ་པོར་ཞིང་ལ་ཆུ་འཆུ་བ་དང་ཡུར་མ་ཡུར་བར་བྲེལ། དགོང་མོའི་ཉི་མ་བཞུད་ལ་ཉེ་ཐེངས་རེར་ད་གཟོད་མོའི་ཟ་འགྲམ་གཡས་གཡོན་ནས་རྔུལ་ནག་ཐིགས་ཤུལ་ནག་ཤལ་ལེར་མངོན་རུང་ད་དུང་གྲོང་ལ་ཆས་དགོས། འོན་ཀྱང་། ཕ་མ་གཉིས་པོས་རེས་མོ་ཡིས་ “ཡུར་མ་དགའ་མོ་ཡུར་མི་འདུག ཞིང་ལ་ཆུ་འཆུ་ཤེས་ཀྱི་མི་འདུག ཁྱིམ་མཚེས་ཀྱི་བུ་མོ་དེ་ཚོ་ལ་ལྟོས་དང་། ངར་བ་ག་འདྲ་འདུག” ཕ་མ་གཉིས་པོས་བཀའ་བཀྱོན་གནང་ཐེངས་རེ་རེར་ཁོང་ཚོའི་མདུན་དུ་མོས་ཅི་ཡང་ཤོད་མི་སྤོབས། དེ་བས་”ཕ་མ་གཉིས་པོ་ལོས་བདེན། ངས་ལས་ཀ་འཇོན་གྱི་མེད་པ་དངོས་གནས་ཡིན་གྱི་རེད”སྙམ་བཞིན། ཨ་ཅེ་ཆོས་སྒྲོན་གྱིས་ཁ་ཁུ་སིམ་མེར་ཕ་མ་གཉིས་པོར་བསྟུན་ཅི་ཐུབ་བྱེད།

ཀོ་རོང་གཏིང་ནི་”ཀོ་མང་”ཡུལ་གྱི་དགུན་ས་བྱེད་དོན་ཡང་། ས་བབ་དམའ་ལ་དགུན་དུས་དྲོ་གྲང་སྙོམས་ཤིང་བྲག་སྐྱིབས་དག་གི་ཕུག་པའི་ནང་དུ། ད་གཟོད་མི་དང་ཕྱུགས་ཟོག་གཉིས་ཀར་དྲོད་སྣང་སྟེར་ཐུབ་ལ་ལྷས་རའི་གོ་ཡང་ཆོད་པས་ཡིན།

དེ་སྔོན་”ཨ་ཅེ་ཆོས་སྒྲོན་”ཞེས་འབོད་མཁན་ཕྲུ་གུ་ཆུང་ཆུང་དེ་ཚོའང་། ད་ལྟ་ཨ་ཅེ་ཆོས་སྒྲོན་མཉམ་པོར་ར་ལུག་གི་རྫི་བོར་འགྲོ་ཐུབ། དགུན་དུས་ཀྱི་ལྷགས་རླུང་དེ་”འུར་འུར་”ངང་གཡུག་འོང་དུས། ཀོ་རོང་གཏིང་གི་རི་རོང་དང་བྲག་ངོས་སུ་སྐྱེས་པའི་སེ་བའི་སྡོང་པོ་རྣམས་”སག་སག་”གཡོ་ཞིང་། སེ་བའི་འདབ་ལོ་སེར་ཐར་ཐོར་ངང་ལྷུང་ཡོང་། སྐབས་དེ་དག་ལ་རྡེའུ་འབུར་དང་བྲག་རྡོའི་སྟེང་གི་རྫི་བོའི་ཚོའི་སློག་པའི་འདབས་ལ་ཡང་ལྷབ་ལྷབ་ངང་ལྷགས་རླུང་གིས་བསྒུལ་དུས། “ཨ་ཆུ་ཆུ་….སྤྲང་གནམ་དེ་” ལེ་བདའ་བྱེད་བཞིན་བྲག་སྐྱིབས་དང་རིའི་ཞོལ་གང་རུང་དུ་ཕྱིན་ཏེ། ཁོང་ཚོས་རུག་རུག་གིས་མེ་བཏང་ནས་ལག་པ་སྲོ་ངེས།

 ལོ་ངོ་འདི་དག་གི་དགུན་དུས་ནང་ཨ་ཅེ་ཆོས་སྒྲོན་གྱི་རྫི་རོགས་ཆུང་ཆུང་ཚོ་ནི། རྡེའུ་ཡི་རྩེད་མོ་རྩེ་རེས་ཀྱིས་རྩེད་དགོད་ལྷང་ངེར་དུས་འདའ་བཞིན་ཡོད་ནའང་། ནམ་རྒྱུན་རྫི་བོར་”བུ་དེ་”མ་ཐུག་ཚེ་ཨ་ཅེ་ཆོས་སྒྲོན་ནི་ཁོང་ཚོའི་མཉམ་པོར་ཁ་རོག་གེར་སྡོད་པ་ལས་ཁ་ནས་ཅི་ཡང་མི་གྲག མཚམས་རེར་མོ་རང་གཅིག་པུར་རྡེའུ་འབུར་རེའི་སྟེང་བུད་ནས། རླུང་བུས་ཡང་ཡང་བསྒུལ་འོང་བའི་སྐྲ་ལོ་ཕྱིར་འདེད་ཙམ་བྱེད་བཞིན། “ཨ་ཅེ་སྒྲོལ་མ་གཞེས་ནིང་ལོར་མནའ་མར་བུད། ཨ་ཅེ་བཟང་མོ་ད་ལོའི་ལོ་འགོར་མནའ་མར་བུད། ད་ཡིན་ན་ངའི་རྫི་རོགས་མང་ཆེ་བ་བུད་སོང་། ཉིན་གཅིག་ཨ་ཕས་ང་རང་ཡང་གཏོང་གི་རེད། ཨོའོ་… མ་རེད། ད་ལྟ་རང་དེ་འདྲ་མི་བྱེད། ད་ལྟ་ང་རང་ཆུང་ཆུང་ཡིན་” སྙམ་བཞིན་སྤྲོ་འཛུམ་ཞིག་རང་བཞིན་གྱིས་མངོན་འོང་། འོན་ཀྱང་ད་ལྟ་མོས་རང་གི་འཁྲིས་ཀྱི་རྫི་རོགས་ཆུང་ཆུང་ཚོ་མཐོང་དུས། མོ་རང་གཅིག་པུར་ཡོད་སྣང་ཞིག་གིས་ཁོང་ཚོར་སྐད་ཆ་ཅི་ཡང་ཤོད་འདོད་མེད།

ཞོགས་པ་དེར། ཕུག་པའི་ཐོད་ཀྱི་བྲག་ངོས་ལ་ཉི་འོད་སེ་ལྷང་ངེར་ཕོག་པ་དང་། ཨ་ཅེ་ཆོས་སྒྲོན་གྱིས་ར་ལུག་རྣམས་ཕུག་པ་ནས་དལ་གྱིས་ཕྱིར་བཏོན། མདང་དགོང་བབས་པའི་ཁ་བ་སྲབ་སྲབ་དེའི་སྟེང་མོའི་གོམ་པའི་རྡོག་སྒྲ་ཡང་”ཐྲིག་ཐྲིག་” ངང་ར་ལུག་གི་རྗེས་སུ་སྤོས། ར་ལུག་གི་རྨིག་པའི་རྗེས་ཤུལ་ཁ་བའི་སྟེང་ནག་ཧྲབ་བེར་མངོན། ར་ལུག་གིས་རིལ་མ་དང་གཅིན་པ་བཏང་ཤུལ་དུ་ཁ་བ་ཞུ་ནས་སེར་ཤུར་རེར་ཆགས། མོས་ར་ལུག་ཕུག་པ་དེའི་ཤོད་ལ་བཀྲམ། སྐབས་དེར་མ་གིའི་ལུང་མཐིལ་ནས་ཀྱང་། “བུ་དེས”་ཁོ་རང་གི་ར་ལུག་ཁྱུ་ཡང་མོའི་ཕྱོགས་ཀྱི་རི་ངོས་དེར་བཀྲམ་བྱུང་།

ནམ་རྒྱུན་རྫི་བོ་ཚོ་ངལ་གསོ་སའི་བྲག་རྡོ་དེའི་སྟེང་ཁོང་གཉིས་ཀ་འཛོམས། སོ་སོའི་ཟོན་པར་འགོས་པའི་ཁ་བ་རྡེབ་རྡེབ་བཏང་རྗེས་ཁོང་གཉིས་པོས་མགོ་དཀྲིས་ཕུད་ནས་ཞོགས་པའི་ཉི་མར་ལྡེ་ཞོར། བུ་དེས་ཁྱེར་ཡོད་པའི་ལྕགས་ཀྱི་ཚ་དམ་དེ་ལས་ཇ་ཚ་བོ་ཧུབ་འཐུང་བྱས་པས་ཕུ་འདེབས་པའི་ཁ་རླངས་སྐྱ་ཐུལ་ཐུལ་བྱེད། ལུང་པའི་ཉིན་སྲིབ་ཡོངས་ལ་ཉི་མ་ཤར་ཚར་དུས། ད་གཟོད་ཁ་བ་ཡང་རིམ་གྱིས་ཞུ་སྟེ་འདམ་རྫབ་ཉར་ཉོར་ཆགས་འགྲོ། རྫི་བོར་”བུ་དེ་”ཐུག་དུས། ཨ་ཅེ་ཆོས་སྒྲོན་ཡང་སེམས་པ་བདེ་ལ་འབབ་ཐུབ་སྟེ། དེ་སྔོན་མོའི་རྫི་རོགས་ཀྱི་ཨ་ཅེ་ཚོ་བུད་ཤུལ་དུ་ཁོ་ལས་ལྷག་མེད་སྟབས། ད་ལྟ་མོ་ཡང་རིམ་གྱིས་ཁོ་ལ་སྙིང་ཉེ་བའི་སྣང་བ་ཞིག་འཆར་འོང་།

གྲང་ངར་དང་ཁ་བའི་དུས་ཀྱི་དགུན་ནང་འདི་དག་ལ། ཁོང་གཉིས་པོས་རྡེའུ་འབུར་སྟེང་དང་བྲག་སྐྱིབས་དག་ཏུ། ཕ་མ་ཚོའི་ངག་ནས་གོ་མྱོང་བའི་གནའ་སྒྲུང་གཏོང་རེས་དང་གླུ་གཤགས་འགྱེད་རེས་ཀྱིས། ཀོ་རོང་གཏིང་དུ་དུས་ཚོད་དེ་ལྟའི་ངང་དུ་སྐྱེལ།

༤༽

ཨ་ཅེ་ཆོས་སྒྲོན་ཞོགས་པ་རེ་རེར་ར་ལུག་ཁྱུ་ལྷས་ར་ནས་ཕྱིར་བཏོན་ཏེ་རྫི་བོར་ཆས་དུས། མོའི་སེམས་ཁམས་ཅུང་ཙམ་དྭངས་ཐུབ། མ་གཞི་ཉིན་གྲངས་འདི་དག་གི་ནང་མོའི་སེམས་ལ་དངངས་སྐྲག་དང་ཕམ་གདུང་གིས་ལྷོད་ལ་འབབ་མི་ཐུབ་སྟེ། སེམས་ལ་ཡང་ཡང་འཁོར་འོང་བ་ནི། དགོང་མོ་དེར་ཕ་མ་གཉིས་པོས་བཤད་པའི་སྐད་ཆ་དག་སྟེ། “བུ་མོ་ཁྱོད་རང་། ངེད་ཕ་མ་གཉིས་པོའི་ཁ་ལ་ཉོན་དང་། ད་ནི་ཕལ་ཆེར་དུས་ལ་ཡང་སླེབས་འདུག ཁྱོད་རང་བཀྲ་ཤིས་ཁང་གསར་ལ་སྟེར་རྒྱུ་ཁས་བླངས་ཡོད་” ཨ་ཅེ་ཆོས་སྒྲོན་ལ་སྐད་ཆ་ཅི་ཡང་མེད། རེ་ཞིག་ཁྱིམ་ནང་དུའང་ཐབ་ནང་གི་བུད་ཤིང་འཚིག་པའི་སྒྲ་རེ་ “ཚག་ཚག་” ངང་གྲག་པ་ལས་ཁུ་སིམ་མེར་འདུག

མོས་མགོ་བོ་དུད་ནས་སྐད་ཆུང་ངུའི་ཚུལ་གྱིས་ “ཡིན་ན་ཡང་། ད་ལྟ་ང་འགྲོ་རན་མེད་འགྲོ………..” ཚིག་མཇུག་དེ་གོ་མི་ཐུབ། “ཁྱོད་དང་ན་མཉམ་དེ་ཚོ་ལ་ལྟོས་དང་། ཁོང་ཚོ་ན་ནིང་གཞེས་ནིང་ནས་མནའ་མ་ལ་བུད་ཚར་སོང་།” སྐད་ཆ་དེས་ཨ་ཅེ་ཆོས་སྒྲོན་ཁུ་སིམ་མེར་བཏང་།

“ཀོ་མང་”ཡུལ་དེའི་ཤར་ཕྱོགས་ཀྱི་གཙང་ཆུའི་ཕ་རོལ་ན་སྨྱུ་གུའི་རྩེ་ལྟར་རྔམ་ཞིང་བརྗིད་པའི་བྲག་རི་མཐོན་པོ་”པདྨ་སྨྱུག་རྩེ” ནི་ཀྲོང་ངེར་ཀོ་མང་ཡུལ་ལ་སོ་ལྟ་བྱས་འདུག དཔྱིད་ཀའི་དུས་ཚིགས་འདིར་”པདྨ་སྨྱུག་རྩེའི་”འདབས་རོལ་གྱི་བྲག་སྲུབས་དག་ན། ཞུ་མ་ཚར་བའི་ཁ་བ་ཁྲ་ལིང་ངེར་དཔྱིད་ཉི་རིང་མོའི་འོག་ནས་འོད་མདངས་འཚེར། ཨ་ཅེ་ཆོས་སྒྲོན་དང་”བུ་དེ་”གཉིས་ཀྱང་། དེ་རིང་གི་རྫི་བོ་ཁ་བ་དེའི་འཁྲིས་སུ་སླེབས། བུ་དེས་“ཁ་ཡང་སྐོམ་བྱུང་”ཟེར་བཞིན་ཁ་བ་ཁམ་གང་རེ་ཟ། ཨ་ཅེ་ཆོས་སྒྲོན་གྱིས་ཀྱང་ཟོས། ཚ་གདུག་ཆེ་བའི་ཉི་འོད་འོག་ཏུ་ར་ལུག་དག་ཀྱང་ཁ་བ་ཧྲག་ཧྲག་ངང་ཟ། གང་འཚམས་ཤིག་ནས་ཁོང་གཉིས་པོ་ཕན་ཚུན་མདའ་རྒྱང་གང་ཙམ་རེ་བསྡད་དེ་ཁ་བ་རྡོག་རྡོག་བཟོས་ཤིང་ཕན་ཚུན་གཞུ་རེས་ཀྱིས་རྩེད་མོར་གཡེངས། ཅུང་ཙམ་བརྩེས་རྗེས་ད་གཟོད་ཐང་ཆད་པ་འདྲ། སོ་སོའི་མགོ་དང་སོག་པའི་སྟེང་གི་ཁ་བ་རྣམས་སྤྲུག་སྤྲུག་བྱས། ཨ་ཅེ་ཆོས་སྒྲོན་གྱིས “ད་གཡུགས་ཞོག མང་དྲགས་ན་མིག་ཕྱིད་ཡོང་།”རྩེ་མཚམས་བཞག་ནས་ཁོང་གཉིས་པོ་ཙོག་པུར་བསྡད་དེ། ཤིང་ཐུར་ཞིག་གིས་ཁ་བའི་སྟེང་རི་མོ་སྣ་ཚོགས་འབྲི་བཞིན་ཕན་ཚུན་ལབ་གླེང་བྱེད། ཨ་ཅེ་ཆོས་སྒྲོན་གྱིས་སྐད་ཆ་རེ་རེ་བཤད་རྗེས་དབུགས་རིང་རེ་འཐེན་ཡོང་། “བུ་དེས་” “ཆོས་སྒྲོན། ཁྱོད་ཐང་ཆད་སོང་ངམ།” ཨ་ཅེ་ཆོས་སྒྲོན་ལ་སྨྲ་བ་ཅི་ཡང་མེད་པར་མགོ་བོ་དང་གར་སྨད།

ད་ལྟ། དགོང་མོ་དེར་ཕ་མ་གཉིས་པོས་བཤད་པའི་སྐད་ཆ་དེ་དག་མོའི་ཁ་ནས་འབུད་མི་ཐུབ་སྟེ། “གལ་ཏེ་སྐད་ཆ་དེ་དག་ཁོ་ལ་བཤད་ན། ཁོས་ཅིག་ཞིག་དྲན་ཡོང་། ཁོས་བསམ་བློ་ཇི་ལྟར་བཏང་ཡོང་། ཕྱིན་ཆད་ང་ལ་འབྲེལ་བ་བྱེད་དམ་” དྲི་བ་རེ་རེས་འཚེར་སྣང་གང་ཞིག་གིས་མོ་ལ་སྨྲ་བ་ཅི་ཡང་མེད་པར་བཟོས། ཁ་བའི་སྟེང་ནས་རྨིག་སྒྲ་”ཧྲག་ཧྲག་”ངང་ཁོང་གཉིས་པོའི་ར་ལུག་ཕན་ཚུན་འདྲེས་འགྲོ་བས་འདྲེས་མཚམས་འབྱེད་དུ་ཕྱིན།

དབྱར་འགོ་ཚེས་བྱུང་། དེ་རིང་ཡུལ་ལུང་འདིའི་ཕུ་ཕྱོགས་ལ་འཇམ་ཆར་སིབ་སིབ་ཅིག་བབས་རྗེས། སྟོད་ཀྱི་གནས་ཆེན་དགྲ་ལྷའི་མཐོངས་ཀྱི་བར་སྣང་ནས་གཞུ་ལྟར་གུག་པའི་འཇའ་རིས་ཤིག་ཡུལ་ལྷ་ཨ་ཕོ་ཤ་ནག་གི་རྩེ་མོར་ཟུག ཡུལ་ལྷའི་འདབས་རོལ་གྱི་བ་རྫི་དེ་དག་གིས་ “ལྟོས་དང་། འཇའ་ཤར་འདུག་” ད་ལོའི་དབྱར་འགོ་མའི་དུས་སུ་ཡུལ་ལུང་འདིར་འཇའ་ཤར་བ་ཐོག་མ་མཐོང་བ་དེས། བ་རྫི་དག་ལ་སྤྲོ་སྣང་ཞིག་ངང་གིས་བྱིན། འོན་ཀྱང་། ཁོང་ཚོའི་ཁྲོད་ཀྱི་”བུ་དེས”ནམ་རྒྱུན་ལྟར། ད་ལྟ་ཐག་རིང་གི་ནུབ་ཕྱོགས་ཀྱི་ཉག་ག་དེར་ཅེར་ནས་འདུག ཁོའི་བ་རྫི་འཚོ་རོགས་དག་གིས་ “ད་ལོའི་སྟོན་མཇུག་ཏུ། ཨ་ཅེ་ཆོས་སྒྲོན་ཡང་། བཀྲ་ཤིས་ཁང་གསར་གྱིས་མནའ་མར་ལེན་རྒྱུ་རེད་ཟེར་གྱི་འདུག” སྐད་ཆ་དེར་ཐོག་མར་”བུ་དེ་”ཡིད་གཏན་ནས་མ་ཆེས། འོན་ཀྱང་། ད་ལྟ་ཁོ་རང་མོའི་སྟེང་ལ་ཁོང་ཁྲོ་ཞིག་ངང་གིས་ལངས་ཡོང་། “ནམ་རྒྱུན་དང་མི་འདྲ་བར། ད་ལན་མོས་ང་ལ་གསང་བ་བྱེད་དགོས་དོན་ག་རེ་ཡིན་ནམ། དེའི་སྐོར་ལ་ཅི་ཡང་མི་ཤོད་པའི་རྒྱུ་མཚན་ག་རེ་ཡིན་ནམ། ད་ནི་མོ་ང་ལ་ཡིད་ཆེས་མེེད་པ་འདྲ་” སྙམ།

ཐག་རིང་གི་ཉག་ག་དེ་ནས་ཨ་ཅེ་ཆོས་སྒྲོན་ཉིན་ལྟར་ར་ལུག་ཁྱུ་དེད་དེ་ཁོའི་འཁྲིས་ལ་རྫི་བོ་སླེབས་ཡོང་བས། ད་ལྟ་ཁོས་མིག་ཟུང་ཅེར་ཅེར་ནས་བསྒུགས་མཐར། མོའི་ར་ལུག་ཁྱུའི་སྣ་མ་དེ་དག་ཉ་ག་དེ་ནས་མངོན་བྱུང་། བུ་དེའི་གདོང་ལ་སྤྲོ་འཛུམ་ཞིག་ངང་གིས་རྒྱས།

ཆར་རྗེས་ཀྱི་ཉི་འོད་གཉོམ་ཞིང་དྭངས་པའི་དུས་དེར། ཁོང་གཉིས་རྡེའུ་འབུར་ཞིག་གི་སྟེང་དུ་བསྡད་དེ། ཉོད་པ་ཕན་ཚུན་སྟེར་རེས་བྱེད་པ་ལས་སྨྲ་བ་ཅི་ཡང་མེད།

ཞོགས་པའི་ཉི་མ་འཆར་ཁར་”པདྨ་སྨྱུག་རྩེའི་”གྲིབ་མ་དེ་ཐད་ཀར་ཀོ་མང་ཡུལ་ལ་ཕོག་ཡོང་། གྲིབ་མ་དེ་ལས་ཡུལ་ནང་གི་རྒན་རྒོན་ཚོས་ནམ་དུས་བཞི་གང་དུ་སླེབས་ཡོད་མེད་ངོས་འཛིན་བྱེད། གྲིབ་མ་དེ་ལས་ཚོད་དཔག་བྱེད་ཐུབ་པའི་ཡུལ་ནང་གི་མི་རྒན་ཚོས་གཙོ་བྱས་ཏེ་ད་གཟོད་སྟོན་ཐོག་སྡུད་འགོ་བཙུགས། ཡུལ་མི་ཚོ་བྲེལ་འཚུབ་འཚུབ་ངང་སྙེ་མ་དབོར་འདྲེན་དང་བཙས་མ་རྔ།

ཨ་ཅེ་ཆོས་སྒྲོན་དང་”བུ་དེ་”གཉིས་པོ་ལུང་པའི་ཕུ་ཕྱོགས་དེ་རུ། སྟོན་དུས་ཀྱི་སྤང་ཐང་སེ་ཧར་རེའི་སྟེང་ནས་ར་ལུག་ཁྱུ་མིག་གིས་འཚོས་ནས་ཡོད། འོན་ཀྱང་། ཨ་ཅེ་ཆོས་སྒྲོན་གྱིས་ད་དུང་ཡང་”བུ་དེ་”ལ། མོ་རང་ད་ལོའི་སྟོན་མཇུག་ཏུ་མནའ་མ་འགྲོ་རྒྱུའི་སྐོར་ཁ་ནས་འབུད་མ་ཐུབ། ད་ལྟ་བྲེལ་ཤ་དང་དངངས་སྐྲག་ཅི་ཞིག་གིས། ཨ་ཅེ་ཆོས་སྒྲོན་སེམས་པ་བདེ་ལ་འབབ་མི་ནུས། ཁོང་གཉིས་ཕན་ཚུན་འདབས་རོལ་ལ་སོ་སོའི་ར་ལུག་འཚོས་ཏེ་སྨྲ་བ་ཅི་ཡང་མེད་པར་མཚམས་རེར་ཕན་ཚུན་ལ་རྒྱང་ལྟ་ཙམ་རེ་བྱེད། “བུ་དེས་”ཀྱང་ཨ་ཅེ་ཆོས་སྒྲོན་གྱི་དོན་དག་སྐོར་ལ་སྔ་ས་ནས་ཧ་གོ་ནའང་། མོས་དེའི་སྐོར་ཅི་ཡང་བཤད་མ་བྱུང་སྙམ་བཞིན་ཁོང་ཁྲོ་ཞིག་ངང་གིས་སྐྱེས་ཡོང་རུང་། འོན་ཀྱང་། ཉིན་གྲངས་ནི་རེ་རེ་བཞིན་འདའ་དུས་བྲེལ་ཤ་ཞིག་གིས་ད་ལྟ་ཁོ་རང་གིས་ཀྱང་ཅི་ཞིག་བྱེད་དགོས་མིན་གྱི་ཐད་ལ་བསམ་བློ་མི་ཐོང་།

ནམ་ཟླ་འཁྱག་ཤུར་ཤུར་གྱི་ཞོགས་པ་འདིར། ད་ལྟ་ཡུལ་ནང་གི་མཐའ་འཁོར་དུ་ཁུ་སིམ་མེར་ལྷིང་ཞིང་འཇགས། འོན་ཀྱང་། དུས་ཚོད་གང་འཚམས་ཤིག་ནས་ཡུལ་སྟོད་ཀྱི་ཁང་པ་སྦྱར་མ་གསུམ་པོའི་བར་བ་དེའི་སྒོ་རའི་ནང་ནས། རྟ་པ་གསུམ་ཡུལ་སྨད་ཕྱོགས་ལ་ལིང་ཤང་གི་སྒྲ་ཧར་རེར་ཆས་འགྲོ། རྟ་པ་སྔ་ཕྱི་གཉིས་པོ་ནི་བཀྲ་ཤིས་ཁང་གསར་གྱི་ཁྱིམ་མཚེས་ཀྱི་མི་དང་། བར་པ་དེ་བུ་མོ་ཞིག་ཡིན་པ་ཤེས་ཐུབ། བུ་མོ་དེ་ཕྱིར་ཐོན་ཡོང་སའི་ཁང་ཐོག་ནས་རྒན་ཉམས་དོད་པའི་སྐྱེས་པ་ཞིག་གིས། རྟ་པ་ཚོའི་རྗེས་ལ་བལྟས་ཏེ་ “ཕྱྭ་མ་འགྲོ། གཡང་མ་འགྲོ་” ཟེར་བཞིན་མདའ་དར་ཞིག་གཡས་སྐོར་གཡོན་སྐོར་བྱེད།

དེ་རིང་ཡུལ་ནང་གི་ཁྱིམ་ཚང་དག་ལས་བཀྲ་ཤིས་ཁང་གསར་གྱི་ཁྱིམ་ནས་དུ་བ་ཐོག་མར་འཕྱུར་བྱུང་། རྟ་པ་ཚོའི་ལིང་ཤང་གི་སྒྲ་དེས་ཡུལ་ནང་གི་ཞོགས་པའི་ལྷིང་འཇགས་དཀྲོགས་པ་ལྟར་གཡས་གཡོན་གྱི་སྒོ་ར་དག་ནས་ཁྱི་རེ་གཉིས་རེ་ཟུག་ཡོང་། རིམ་བཞིན་ཡུལ་མི་ཚོ་ཡང་ཁང་ཐོག་ཏུ་བུད་དེ་རྟ་པ་ཚོར་ཅེར་ནས་འདུག ཁ་ཤས་ཀྱིས་”དེ་རིང་། བཀྲ་ཤིས་ཁང་གསར་གྱིས་ཆོས་སྒྲོན་མནའ་མ་བླངས་སོང་” ཟེར། སྐབས་དེར་”བུ་དེ་ཡང་”ཁང་ཐོག་ནས་ཁ་རོག་གེར་རྟ་པ་ཚོར་མིག་ཟུང་ཅེར་འདུག ཁོས་རྟ་པ་ཚོ་བཀྲ་ཤིས་ཁང་གསར་ནང་ལ་འཛུལ་རག་བར་བལྟས་རྗེས། དབུགས་རིང་དང་ལྷན་མཆིལ་མ་རྡོག་པོ་ཞིག་མིད་པས་མགྲིན་པ་ཚ་ཁག་ཁག་བྱས།

ད་ལྟ། སྔོ་ཞིང་དྭངས་པའི་མཁའ་དབྱིངས་སུ་སྟོན་ཀའི་ལྷོ་སྤྲིན་ལེབ་མོ་འགའ་ལིང་ལིང་ངང་བྱང་དུ་སྐྱོད། བཀྲ་ཤིས་ཁང་གསར་མདུན་རོལ་གྱི་གཡུལ་ཁའི་ནང་ཡུལ་ནང་གི་སྐྱེས་ཕོ་མོ་རྣམས་ཆང་སར་འཛོམས་ཏེ། སྐྱེས་པ་རྣམས་ཆང་འཐུང་བ་དང་། བུད་མེད་ཚོ་ལག་གདང་སྦྲེལ་ནས་ཞབས་བྲོ་འཁྲབ། ཨ་ཅེ་ཆོས་སྒྲོན་གྱི་མགོའི་ཐིག་པོ་9དང་བྲང་གི་སྡིག་རྭ། མཁྲིག་མར་བརྒྱུས་པའི་དུང་ལག་དེ་དག་ཉི་འོད་འོག་འོད་མདངས་ལྷང་ངེར་འཚེར། འོན་ཀྱང་། མོ་རང་ངོ་ཚ་སྣང་གིས་གཞས་གདང་ནང་ནས་རྐང་པ་གཡུག་ཙམ་རེ་བྱེད་པ་ལས་མགོ་བོ་དང་གར་སྨད་ནས་ཡར་དགྱེ་ཡང་མི་ཕོད། བར་མཚམས་དག་ཏུ་གྱོན་པ་བརྗེ་རུ་འགྲོ་ཐེངས་རེར། “བུ་དེ་”མོའི་ཆང་སར་སླེབས་ཡོད་མེད་ལ་མིག་ཉུལ་རེ་བྱས་ཀྱང་མཐོང་ལམ་དུ་མེད།

བཀྲ་ཤིས་ཁང་གསར་གྱི་གཡུལ་ཁའི་ནང་ཡུལ་མི་ཚོ་ཟང་ཟིང་ལང་ལོང་ངང་ཆང་སའི་དགའ་སྟོན་ལ་བྲེལ་དུས། ཞོགས་པ་རྫི་བོར་སོང་བའི་”བུ་དེ་”ཡང་། ཡུལ་སྟོད་ཀྱི་གནས་ཆེན་དགྲ་ལྷའི་འདབས་རོལ་གྱི་རྡེའུ་འབུར་ཞིག་གི་སྟེང་ནས། མིག་ཟུང་ཅེར་རེར་ཁོང་ཚོར་རྒྱང་ལྟ་བྱས་འདུག

༥༽

ཨ་ཅེ་ཆོས་སྒྲོན་བཀྲ་ཤིས་ཁང་གསར་ཁྱིམ་ཚང་དུ་མནའ་མ་སླེབས་ཉིན་ནས་བཟུང་། ཁྱིམ་དེའི་ཕ་མ་གཉིས་པོའི་གདོང་ལ་སྔར་མེད་པའི་འཛུམ་མདངས་རེ་མངོན། མོའི་ཁྱོ་ག་དེ་ཡང་དང་ཐོག་སྒོའི་ཕྱི་ནང་དག་ཏུ་ངོ་ཚའི་ཟོལ་གྱིས་མོ་ལ་གདོང་པ་ཐད་ཀར་སྟོན་མི་ཕོད་ནའང་། དུས་ཡུན་གང་འཚམས་འགོར་རྗེས་ཁྱིམ་ཚང་གཞན་གྱི་ཁྱོ་ག་དག་དང་འདྲ་བར་འདྲིས་ཤིང་ལོབས།

སྟོན་མཇུག་གི་ནམ་དུས་ཤིག སྔོ་སངས་ཀྱི་བར་སྣང་ནས་ལྷོ་སྤྲིན་ལེབ་མོ་འགའ་བྱང་དུ་སྐྱོད་སྐབས་དེར། བུ་དེ་ལ་ཡང་མནའ་མ་ཞིག་བསུས། ཁང་པའི་མདུན་གྱི་དང་རྭ་ཆེན་མོ་དེའི་ནང་ཡུལ་མི་རྣམས་བུའི་ཆང་སའི་དགའ་སྟོན་ལ་བྲེལ། སྐབས་དེར། ཨ་ཅེ་ཆོས་སྒྲོན་བཀྲ་ཤིས་ཁང་གསར་གྱི་ཁང་པའི་སྒེའུ་ཁུང་ནས། བུ་དེའི་ཆང་སའི་དགའ་སྟོན་ལ་མིག་ཟུང་ཅེར་ཅེར་ངང་ལྷག བུ་དེས་ཁོའི་ཆང་ས་ལ་”ཨ་ཅེ་ཆོས་སྒྲོན་སླེབས་ཡོད་དམ་མེད་” སྙམ་བཞིན་བུད་མེད་ཚོའི་ཁྲོད་དུ་ཟུར་མིག་ཡང་ཡང་འཕངས།

ཐོ་རེངས་བྱ་སྐད་གྲག་མ་ཐག་ཨ་ཅེ་ཆོས་སྒྲོན་མལ་ལས་ལྡངས། འགྱིག་དམ་ནང་གི་ཆུ་ལྷག་འཕྲོ་འགྱིག་ཟོའི་ནང་བྱོ་རྗེས་ཆུ་སྐྱོགས་ལག་ཏུ་ཐོགས་ནས། གཡུལ་ཁའི་ཟུར་གྱི་རྐང་ལམ་དེར་ཞུགས། ནམ་གསལ་ལ་མི་གསལ་བའི་མུན་རབ་རིབ་ཀྱི་སྐབས་འདིར། རྐང་ལམ་སྟེང་ནས་རྡོག་ལམ་ཡང་ཡང་འཆོལ་འགྲོ།

ཚུར་ལོག་ཡོང་སྟངས་ལ་བལྟས་ན་ཆུས་བཀང་བའི་འགྱིག་དམ་ལྕི་དྲགས་པས་ཡིན་ནམ། གོམ་པའི་འདེགས་འཇོག་བརྟན་པོར་མི་ཚུགས། ཁྱིམ་དུ་སླེབས་ཏེ་ཆུ་འགྱིག་དམ་སར་ཕོག་མ་ཐག་ཐབ་ནང་དུ་མེ་ཁ་གསོས་ནས་གཡོས་སྐོལ་འགོ་བརྩམས། ཐབ་སྟེང་གི་ཁོག་ལྟིར་དེའི་མཆུ་ཏོ་ལས་ “སིར་སིར་” ངང་ཇ་ཁོལ་བའི་སྒྲ་དེས། ད་གཟོད་ཁྱིམ་གྱི་ཕ་མ་གཉིས་ཀྱང་གཉིད་ལས་སད་དུ་བཅུག “བུ་མོ། དེ་རིང་སྔ་མོ་ནས། ཞིང་འདེབས་སུ་འགྲོ་དགོས། ཅ་ལག་དེ་ཚོ་ད་ལྟ་ནས་གཅོམས་” སྒོ་ཁ་ནས་ཁྱིམ་དེའི་ཨ་མས་སྐད་བརྒྱབ་བྱུང་། ཨ་ཅེ་ཆོས་སྒྲོན་གྱིས་མཛོད་ཁང་ལས་ནས་ཀྱི་ས་བོན་བླུགས་ཡོད་པའི་ཕད་ཚེ་ཕྱེད་དེ་ཕྱིར་བཏོན་ནས། སྒོ་རའི་སྦུག་གི་ཏོག་ཙེ་རྣམས་དང་མཉམ་པོར་རྐོན་པ་ཞིག་ཏུ་བླུགས།

ད་ལྟ་དཔྱིད་དུས་འདིར། བཙས་མ་བརྔས་རྗེས་ཀྱི་ཞིང་ཁའི་སྟེང་མི་དང་ཕྱུགས་ཟོག་ཕར་ཚུར་རྒྱུགས་ཤུལ་གྱི་རྐང་ལམ་ཕྲ་མོ་དེ་དག་མཐོང་ལམ་ནས་ཡལ་ཞིང་། ཞིང་ཁ་ཕལ་ཆེ་བར་ཆུ་བཅུས་པ་དེས། འཁོར་ཡུག་ལ་སྨུག་མདོག་གིས་སྔར་མེད་ཀྱི་རླན་ཤ་དོད་དུ་ཕྱིན། ཞིང་མཐའི་རྩྭ་རའི་ནང་གི་རྫ་རོབ་གསེང་ནས་སྔོ་ལྗང་རེ་གཉིས་ཀྱི་རྩེ་མོ་ཡང་ཕྱིར་མངོན།

དཔྱིད་ཉི་མ་རིང་མོའི་འོག་ཏུ། ཡུལ་སྨད་ཀྱི་ཁང་པ་ཐར་ཐོར་དེ་ཚོའི་སྟོད་ན་ཆགས་པའི་ཞིང་ཁ་ནར་མོའི་སྟེང་། ཕྲུ་གུ་ཞིག་གིས་ཐོང་པ་འདྲུད་པའི་རྟ་ཟག་པ་དེའི་སྣ་འཁྲིད་ཅིང་བཀྲ་ཤིས་ཁང་གསར་གྱི་ཕ་རྒན་ཐོང་པ་བཟུང་སྟེ་རྨོད་རྒྱག ཞིང་མཐའ་བར་རྨོས་རྗེས། “ཨ໋་…..མ་ཎི་པདྨེ་ཧཱུྃ་…..” མ་ཎིའི་གདངས་དབྱངས་དང་བཅས་སླར་ཡང་ཁ་ཚུར་འཁོར་ཡོང་། ཐོང་པས་རྨོས་ཤུལ་དུ་མི་ལག་ལ་ཡོང་བའི་ལས་མི་ཚོས་སུས་ཐོབ་ཀྱིས་བྲེལ་བ་འཚུབ་བེར་ཏོག་ཙེའི་ལྟག་པ་བཞུས་ཏེ་སྤོ་ཏོ་ཆེ་ཆུང་དེ་རྣམས་ཐར་ཐོར་ངང་བཏུལ་འགྲོ།

དཔྱིད་ཀའི་ཉི་མའི་ཟེར་འོད་རྣོན་པོ་དེ་ཁོང་ཚོའི་མགོ་སྟེང་ལ་བཙགས་ཡོང་དུས་ལས་མི་ཚོས་མགོ་རས་ཀྱིས་རྔུལ་ཆུ་འབྱིད་ཙམ་རེ་བྱེད་ཅིང་། ཏོག་ཡུ་ལ་ལག་པ་ཁེན་ཏེ། “ཤུའུ་….” ངལ་གསོའི་དབུགས་རིང་རེ་བཏང་རྗེས། ཡང་བསྐྱར་སུ་མགྱོགས་བརྩད་ནས་ངར་ཐིང་ངེར་ཞིང་ཁའི་རྣང་མ་འདོན། བུད་མེད་ཚོས་ཐུ་བ་བརྫེས་ཏེ་སྦྲས་10བཤད་བཞིན་ཚ་ཚ་འུར་འུར་ངང་སུ་མགྱོགས་རྩོད་པས་ཞིང་ཁ་རིང་མོ་དེ་ལམ་སང་ཐེབས་འགྲོ། མི་ལག་ཚོ་ཞིང་མཐར་བུད་དེ་ངལ་གསོ་རན་དུས། ཨ་ཅེ་ཆོས་སྒྲོན་ཁྱིམ་དུ་བརྒྱུགས་ནས་ཁོང་ཚོར་ཟ་མ་བཟོ་རུ་འགྲོ་དགོས། མོས་མི་ལག་ཚོར་ “མཆོད་དང་། བཞེས་དང་” ཟ་མ་བླུག ཁོང་ཚོས་ཟོས་རྗེས་སྡེར་མ་རེ་རེ་ནས་བཀྲུས་ཚར་དུས་གཞི་ནས་རང་གིས་ཟ་མ་ཟོས་མེད་པ་ཚོར་འོང་།

ད་ལྟ། ཀྲོང་ངེར་འགྱིངས་པའི་ཡུལ་ནང་གི་ཁང་པ་རེ་རེས་གྲིབ་སོ་ནར་མོ་རེ་བརྐྱངས། མི་ལག་ཚོ་གཅིག་རྗེས་གཉིས་མཐུད་ངང་སོ་སོའི་ཁྱིམ་ལ་ལོག་འགོ་ཚུགས། ཁོང་ཚོ་སྒོ་ཕྱིར་ཐོན་མ་ཐག་ནས། ཨ་ཅེ་ཆོས་སྒྲོན་ཡང་རྐོན་པ་དང་ཏོག་ཙེ་ཁུར་ཏེ་གཡུལ་ཁའི་འོག་གི་ཞིང་གྲུ་བཞི་མ་དེར་ཆུ་འཆུ་རུ་ཐོན། མོས་ཡུར་བའི་རྐ་མཚམས་རེ་རེ་ནས་བཅད་དེ་རྣང་མའི་མགོ་ནས་མཇུག་བར་ཆུས་ཁེངས་པར་བྱས་རྗེས། ཕྱུ་པའི་ཐུ་སྣེ་སྐེད་པར་གཟེར་ནས་སྐོན་པའི་ནང་གི་ལུད་དེ་སེ་ཐར་ཐོར་ངང་ཆུ་བཅུས་ཤུལ་གྱི་ས་འདམ་སྟེང་དུ་བླུགས།

རྒོངས་ཀའི་མཚམས་སྤྲིན་དམར་པོའི་འོག་ཏུ། ཞིང་ལས་ལ་བྲེལ་བའི་ཡུལ་མི་རྣམས་ཡུལ་ནང་དུ་ཡར་མར་འགྲོ་འོང་བྱེད་པའི་འཚུབ་ཆ་དེ་རིམ་གྱིས་འཇགས་ཤིང་། ཁུ་སིམ་གྱི་ཚོར་སྣང་ཞིག་ནག་ཐིབ་ཐིབ་ཀྱི་ས་སྲོད་དེ་དང་འགྲོགས་ནས་ཁ་སང་དང་འདྲ་བར་སླར་ཡང་སླེབས་བྱུང་། བཀྲ་ཤིས་ཁང་གསར་ཁྱིམ་མི་རྣམས་ལས་ཨ་ཅེ་ཆོས་སྒྲོན་ཁང་པའི་ཕྱི་རུ་རྗེས་ཤོས་སུ་བསྡད་དེ། མོས་ཞིང་ཁ་འདེབས་བྱེད་ཀྱི་ཡོ་བྱད་རྣམས་དང་རྭའི་སྦུག་ཏུ་བླུགས་ནས་སྒོ་ཕྱུགས་ལ་ཟན་རྩྭ་སྣོན་ཁ་རེ་བརྒྱབ་པ་དང་། དགོང་མོའི་བུད་ཤིང་འདང་ཙམ་ཞིག་ཁུར་ནས་ཁྱིམ་ནང་འཛུལ། སྒོ་ཁའི་བང་སྟེགས་སྟེང་གི་དཀར་མེ་དང་ཐབ་ནང་མེ་ལྕེ་དམར་ལྷབ་ལྷབ་དེ་ལས། བཀྲ་ཤིས་ཁང་གསར་ནང་མི་ཚོའི་ངོ་གདོང་རེ་རེ་ལ་ཐང་ཆད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་འོང་། ཨ་ཅེ་ཆོས་སྒྲོན་གྱིས་ཇ་ཕོར་ཁ་ལ་རེག་ཙམ་བྱས་ཏེ་ཁྱིམ་མི་རྣམས་ལ་དགོང་ལྟོ་བཟོ་འགོ་བཙུགས། ཕ་རྒན་དེས་ངག་ལྡབ་ལྡིབ་ངང་ཅི་ཞིག་བཤད་ཡོང་སྟེ། ཡར་མར་གྱི་སྐད་ཆ་རེ་རེའི་དབར་ནས་སླར་ཡང་ཨ་ཅེ་ཆོས་སྒྲོན་ལ་བཀའ་བཀྱོན་གཏོང་འགོ་ཚུགས། “ཁྱིམ་ཚང་གཞན་གྱི་མནའ་མ་དེ་ཚོ་ལ་ལྟོས་དང་། ལས་སྟངས་ག་འདྲ་འདུག བུ་མོ་ཁྱོད་ཀྱིས་ད་ལྟ་ཡང་། ཞིང་འདེབས་སྟངས་ཤེས་ཀྱི་མི་འདུག” སྐད་ཆ་དེའི་མཚམས་ཕྲོགས་ནས། ཨ་མ་དེས་ཀྱང་” མ་གཞི་ཁྱོད་ཀྱིས་ཐགས་ཀྱང་འཐག་མི་ཤེས་འདུག རྗེས་མ་ཁྱོད་ཀྱིས་གོས་སློག་ཅི་གོན་གྱི་ཡིན་” ཕ་མ་གཉིས་པོ་དེས་རེས་མོས་ཀྱིས་ཁ་སྔ་ཕྱི་བརྩད་ནས། ཨ་ཅེ་ཆོས་སྒྲོན་ལ་བཀའ་བཀྱོན་གཏོང་། འོན་ཀྱང་། མོ་ལ་ཚིག་ལན་ཅི་ཡང་མེད་པར་མགོ་བོ་དུད་ནས་མུ་མཐུད་ངང་ལག་ལས་11འཁལ། ཁྱིམ་མི་ཚོའི་མི་ཤེས་དང་མི་འགྲིག་ཚུལ་གྱི་སྐད་ཆ་དེ་དག་གིས། ཨ་ཅེ་ཆོས་སྒྲོན་ལ་སེམས་འགུལ་ཅི་ཞིག་ཐེབས་པ་ལྟར། མོས་ཀྱང་”རང་ཉིད་ཀྱིས་མི་འཇོན་”སྙམ་བཞིན་ཁོང་ཚོའི་འདོད་པ་ལྟར་བསྟུན་གང་ཐུབ་བྱེད།

ནམ་ཟླ་སོས་ཀ་ཞིག་གི་དགོང་མོ་དེར། ཨ་ཅེ་ཆོས་སྒྲོན་ནམ་རྒྱུན་ལྟར་ཉིན་གཅིག་གི་ལས་ཀ་མཇུག་གྲུབ་པར་བྱས་ཏེ་ཁྱིམ་ནང་འཛུལ། སྒོ་ཁ་ན་མོའི་ཁྱོ་ག་གཅིག་པུ་ལས་མེད། ཁོའི་གཟུགས་པོ་གྱང་ལ་ཁེན་ནས་མིག་ཟུང་ཟིམ་ཟིམ་ངང་ཁ་ནས་སྐྱུར་དྲི་འཐུལ་ཞིང་གདོང་ཡོངས་དམར་པོ་ཆགས། ཨ་ཅེ་ཆོས་སྒྲོན་གྱིས་ཁོས་ཆང་བཏུངས་ཡོད་པ་ཤེས། ཁྱོ་ག་དེ་འཁྱར་འཁྱོོར་ངང་ལངས་ཏེ་ཐད་ཀར་ཨ་ཅེ་ཆོས་སྒྲོན་གྱི་སྐྲ་ནས་ཚུར་འཐེན་ཅིང་སར་བསྒྱེལ། མོའི་སྐེད་པར་རྡོག་ཐོ་གཞུ་བཞིན་ “ཁྱོད་ཀྱིས་མངོན་བློ་འཕྱར་སྟངས་དེས། ང་དངོས་གནས་ངོ་ཚ་རུ་བཅུག་སོང་” མོའི་སྐྲ་ནས་བཟུང་སྟེ་ཕར་འདྲུད་ཚུར་འདྲུད་བྱས། “ཨ་ཚ་ཚ་…..” མོའི་གདོང་ལ་མཆི་མས་ཁེངས། སྒོ་ཁའི་མདོ་དེར་མོའི་སྐྲ་ཉག་འགའ་རེ་ཡང་ལྷུང་། མ་གཞི་དེ་རིང་ཁྱིམ་གྱི་ཁ་རྒན་རྣམས་འཛོམས་སར་མོའི་ཁྱོ་གར་ཆང་འཁྱེར་རྒྱུ་མེད་པ་དེས་ཁོ་རང་ལ་ཁོང་ཁྲོ་བསླངས།

ད་ལོའི་དགུན་ཁར་ཁ་བ་ཆེན་པོ་བབས་པ་དེ། དཔྱིད་ཀར་རྩྭ་ཆུ་མོད་པོ་ཡོང་བའི་དན་རྟགས་རེད་ཟེར་བཞིན། ཀོ་མང་གི་ཡུལ་མི་རྣམས་བྲེལ་བ་ཆེན་པོས་སྤང་གཤོངས་ཕུ་ནས་ཡུར་བ་འདོན་འགོ་བཙུགས། ཉིན་གྲངས་འདི་དག་གི་ནང་ཡུལ་མི་ཚོས་ངར་ཐིང་ངེར་སྤང་གཤོངས་ཐོད་ནས་ཡུར་བ་བསྐྱར་འདོན་བྱེད་སྒང་ཡིན། “བུ་དེ་”ཡང་ནམ་རྒྱུན་ཁྱིམ་ཚང་གི་ཆེད་བྲེལ་ཟིང་ངང་དུས་འདའ་བས་དོན་དག་མང་པོ་ཞིག་ལ་མཉམ་འཇོག་ཐབས་བྲལ། འོན་ཀྱང་དེ་རིང་ཡུར་བ་འདོན་སར། ཨ་ཅེ་ཆོས་སྒྲོན་མཐོང་བྱུང་། “བུ་དེས”བུད་མེད་ཚོའི་ཁྲོད་ལ་ཟུར་མིག་ཡང་ཡང་འཕངས། ཨ་ཅེ་ཆོས་སྒྲོན་གྱིས་ཏོག་ཙེས་ས་རྐོ་སྟངས་དེ་ལས་མོ་ཧ་ཅང་གིས་ཐང་ཆད་ཀྱི་ཡོད་པའི་སྣང་བ་སྟེར། མཚམས་ཤིག་ནས་མོས་ཀྱང་ཁོ་ལ་ཅེར་བྱུང་། འོན་ཀྱང་”བུ་དེས་”གདོང་པ་ གཏན་ནས་མ་སྨད། ཞིབ་ཏུ་ལྟ་དུས་མོའི་གདོང་ལས་སྐྱོ་མདངས་ཤིག་གམ་ཧ་ཅང་ཐང་ཆད་པའི་ཚོར་སྣང་ཞིག་མངོན་ཞིང་། མགོ་བོའི་སྐྲ་ཡང་བཀྲུས་མེད་པར་ཟིང་ངེར་ཟིངས་འདུག ཁོང་གཉིས་ལ་ཕན་ཚུན་སྐད་ཆ་ཅི་ཡང་མེད། ཡུན་རིང་ཞིག་གི་རྗེས་སུ་ཕྲད་པ་དང་འདྲ་བར་ཕན་ཚུན་མིག་ཟུང་ཅེར་ཅེར་ལ་ལྷག བུ་དེའི་བསམ་པར་ “ཆོས་སྒྲོན་སྔར་དང་རྦད་དེ་མི་འདྲ་བ་ཆགས་འདུག” སྙམ་བཞིན། ཚ་ཤུར་ཤུར་གྱི་གཤེར་ཁུ་ཞིག་མིག་ཟུང་ངམ་གང་ཞིག་ནས་འགྲིལ་ཡོང་སྣང་འཆར།

ཨ་ཅེ་ཆོས་སྒྲོན་ལ་ཁོམ་སྐབས་རེ་བྱུང་ཚེ། ཨ་ནེ་ཚེ་རིང་སྒྲོལ་མའི་ཁྱིམ་ལ་ཡང་ཡང་བརྒྱུགས་འགྲོ། ཨ་ཅེ་ཆོས་སྒྲོན་ལ་མཚོན་ན། མོའི་ཨ་ཕའི་སྤུན་མཆེེད་ཆེ་བ་ཨ་ནེ་དེ་ནི་མོའི་ཕ་མ་གཉིས་ལས་ཀྱང་བྱམས། མོ་ཨ་ནེའི་ཁྱིམ་ལ་ཡོང་ཐེངས་རེ་རེར་ཁྱིམ་ཚང་གི་ལས་ཁུར་མི་ཐེག་པའི་དཀའ་ངལ་ཡོད་ཚུལ་བཤད་དེ་དབང་མེད་དུ་ངུ་ཁ་འཆོར་འོང་བས། ཨ་ནེ་ལའང་རེ་ཞིག་བྱེད་ཐབས་མེད་པ་བཟོས་འགྲོ། འོན་ཀྱང་། ཨ་ནེས་མོའི་ངུ་ཁ་བླངས་ཏེ་སེམས་གསོ་དང་ཁ་ཏ་རེ་བྱས་ནས་ཡང་བསྐྱར་བཀྲ་ཤིས་ཁང་གསར་ལ་ལོག་གཏོང་ངེས།

ལོ་དེའི་དབྱར་ཁ་ཞིག་ལ། ཨ་ནེས་ “ང་ད་ལོ། རྒྱ་གར་ལ་ཆོས་བྱེད་དུ་འགྲོ་རྩིས་ཡོད་” སྐད་ཆ་དེ་འདྲ་ཞིག་ཨ་ཅེ་ཆོས་སྒྲོན་ལ་བཤད། འོན་ཀྱང་། ཨ་ཅེ་ཆོས་སྒྲོན་གྱིས་དེ་ཙམ་དོ་སྣང་མ་བྱས། སྟོན་མཇུག་གི་ཞིང་ལས་ཚར་ཁར། ཨ་ནེ་ཚེ་རིང་སྒྲོལ་མ་དངོས་གནས་རྒྱ་གར་ལ་འགྲོ་རྒྱུའི་སྟ་གོན་བྱས། སྐབས་དེར་ཨ་ཅེ་ཆོས་སྒྲོན་གྱིས་ཞུ་བ་ཕུལ་ནས་བཀག་ནའང་། ཨ་ནེས་ “བློ་ཐག་བཅད་ཟིན་” ཟེར། ཨ་ཅེ་ཆོས་སྒྲོན་འུ་ཐུག་སྟེ་ “ཨ་ནེ་ཆོས་ལ་འགྲོ་ན། ང་ཡང་ཨ་ནེ་མཉམ་པོར་རྒྱ་གར་ལ་ཆོས་བྱེད་དུ་འགྲོ་རྒྱུ་ཡིན་” བཤད། ཨ་ནེས་མོ་ལ་ཁྱིམ་ཚང་བསྐྱངས་ཏེ་མི་ཚེ་སྐྱེལ་དགོས་ཚུལ་གྱི་ཁ་ཏ་ཡུན་རིང་ཞིག་བྱས་མཐར་ཨ་ཅེ་ཆོས་སྒྲོན་གཞི་ནས་ཉན་ཙམ་བྱུང་།

སྟོན་མཇུག་གི་ཉིན་དེ་སླེབས། དེ་རིང་ཨ་ཅེ་ཆོས་སྒྲོན་ཞོགས་པ་ནས་ཨ་ནེའི་ཁྱིམ་ལ་འབྱོར་ཚར། ཞོགས་པའི་ཉི་འོད་”པདྨ་སྨྱུག་རྩེའི་”རྩེ་ནས་ཡུལ་ནང་ལ་འཕྲོས་པ་དང་ཨ་ནེ་ཡང་སྒོའི་ཕྱིར་ཐོན། དང་རྭའི་ནང་དུ་ཨ་ཁུ་ཚོས་ཁུར་པོ་བཀལ་བའི་རྟ་གཉིས་དང་གཞོན་རྟ་ཞིག་ཀྱང་གྲ་སྒྲིག་བྱས་འདུག ཨ་ཅེ་ཆོས་སྒྲོན་གྱིས་ཨམ་ཕྲག་ནས་བཏོན་ཡོང་བའི་ཁ་བཏགས་དེ་ཨ་ནེའི་སྐེ་ལ་དཀྲིས། ཁོང་གཉིས་ཐོད་པ་གཏུག་སྟེ་ཡུན་རིང་ངུས། ཨ་ནེས་མོའི་མིག་ཟུང་ནས་རྡོལ་འོང་བའི་མཆི་མ་ཕྱིས་རྗེས་མགོ་ལ་བྱིལ་བྱིལ་བྱས། མཇུག་མཐར་ཨ་ཅེ་ཆོས་སྒྲོན་གྱི་ཐོད་པར་འོ་ཞིག་བྱས་ཏེ། ཨ་ནེ་ཚེ་རིང་སྒྲོལ་མ་རྟ་པ་ཚོ་དང་ལྷན་དང་རྭའི་སྒོ་ཆེན་ནས་ཕྱིར་ཐོན། མོ་ནི་ཁུར་མགོ་ནས་འགྲིལ་ཡོང་བའི་ཕྱི་མ་འབྱིད་ཙམ་རེ་བྱེད་བཞིན་སྒོ་ཆེན་འགྲམ་ནས་ཨ་ནེའི་རྗེས་ལ་མིག་ཟུང་ཅེར་ཅེར་ལ་ལྷག

ཁྱིམ་ཕྱི་ནང་གི་ལས་ཀ་རྫོགས་མཐའ་མེད་པས། ཨ་ཅེ་ཆོས་སྒྲོན་ལ་བསླུ་བྲིད་ཅིག་གིས་མོ་རང་བྲེལ་བ་འཚུབ་བེར་དེའི་ཀློང་དུ་བྱིངས་འགྲོ། མོ་དགོང་དྲོའི་ས་རུབ་ལ་ཉེ་སྐབས་ཁང་ཐོག་ཏུ་ཐོན་ནས། ཡུལ་ལྷ་ཨ་ཕོ་ཤ་ནག་གཡས་ཕྱོགས་ཀྱི་ཚྭ་སྟེང་ལ་ཁ་དེ་ནས་ཐུར་དུ་གྱ་གྱུར་བརྐྱངས་པའི་ཨ་ནེ་ཚེ་རིང་སྒྲོལ་མ་བུད་ཤུལ་གྱི་འགྲུལ་ལམ་དེར་ཅེར་ཏེ། དབུགས་རིང་རེ་བཏང་མཐར་གདོང་ལ་སྐྱོ་འཛུམ་ཞིག་རང་ཤུགས་ཀྱིས་མངོན་ཡོང་། ཉི་མ་འདི་དག་གི་ནང་ལམ་བར་དག་ནས་མོས་ཁྱིམ་མཚེས་དང་ཡུལ་མི་སུ་ཞིག་ལ་ཐུག་རུང་སྨྲ་བ་ཅི་ཡང་མེད་པར་མགོ་བོ་དུད་དེ་འགྲོ། མི་ཚོས་ད་ལྟ་མོའི་གཤིས་ཀ་དེ་ཁྲོ་འཚུབ་འཚུབ་ཆགས་འདུག་ཟེར། ནམ་རྒྱུན་མོའི་ངོ་གདོང་ལས་མངོན་ཡོང་བའི་སྐྱོ་ཉམས་དེས། ཁྱིམ་ཚང་དེའི་ཕ་མ་གཉིས་པོ་ལའང་འཚུབ་ཆ་བསླངས། ཕ་མ་གཉིས་པོ་རེས་མོས་ཀྱིས་མོ་ལ་སེམས་གསོའི་ཚུལ་དུ་ཁ་ཏ་མང་དག་ཅིག་བྱེད་མོད། འོན་ཀྱང་། ཨ་ཅེ་ཆོས་སྒྲོན་སྔར་བཞིན་སྤྱོད་པ་ཁྲོ་འཚུབ་འཚུབ་དང་སྐྱོ་ཉམས་དེ་ལས་ཐར་མ་ཐུབ། ད་གཟོད་མོའི་ལས་ཤུགས་ཀྱང་རིམ་གྱིས་ཉམས་ཏེ་མལ་སར་ལྷུང་ནས་དུས་ཡུན་གང་འཚམས་འདས། ཨམ་ཆི་ཀརྨས་སྨན་བཅོས་བྱས་རུང་དྲག་སྐྱེད་མེད། ཨ་ཅེ་ཆོས་སྒྲོན་གྱིས་གཏིང་དུ་རྡིབ་ཟིན་པའི་མིག་ཀོང་ལས་མིག་ཟུང་ཟུམ་མ་འབྱེད་ཀྱིས་ཁྱིམ་མི་ཚོར་ཅེར་ནས་སྡོད་པ་ལས་ཁ་ནས་ཚིག་གཅིག་ཀྱང་མི་གྲག ཁྱིམ་ཚང་དེ་དང་མོའི་ཕ་མ་གཉིས་པོ་ཡང་རྦད་དེ་བྱེད་ཐབས་ཟད་སོང་།

ཁ་བ་འབབ་རྒྱུ་མེད་པའི་ལོ་དེའི་དགུན་གཞུང་དེར། ཡུལ་ནང་གི་འཁོར་ཡུག་སྐྱ་ཐལ་ལེར་མྱ་ངམ་ཐང་ཞིག་དང་འདྲ། ལྷགས་རླུང་དང་ཉི་འོད་ཀྱིས་གཙེས་དྲགས་པའི་ཡུལ་ནང་གི་ཁང་པ་དེ་ཚོའི་ཁ་བད་ཀྱི་སྡོང་ལྡུམ་དང་དར་ཤིང་རྣམས། སྔོ་ཧྲེང་ངེར་བརྒྱད་ཅུ་ལོ་ལོན་ཞིག་གི་སྐྲ་ཉག་རེ་རེ་དང་མཚུངས།

ཉིན་དེའི་ཉི་མ་དམར་གོར་རེར་ནུབ་ཕྱོགས་ཀྱི་རི་སྔོན་རྩེ་ནས་བཞུད་ལ་ཉེ་སྐབས་ཀྱི་དགོང་དྲོ་དེར། ཉལ་སའི་གཡས་གཡོན་ན་གོས་སློག་མང་པོ་ཞིག་སྤུངས་ཤིང་། ཨ་ཅེ་ཆོས་སྒྲོན་གྱི་ཨ་ཕ་དེ་མོའི་མལ་སའི་འཁྲིས་སུ་ཙོག་པུར་བསྡད། གཟུགས་པོའི་སྟོད་ཕྱེད་ཙམ་མལ་ཐུལ་ལས་ཕྱིར་མངོན་པའི་ཨ་ཅེ་ཆོས་སྒྲོན་གྱི་མིག་ཟུང་སྙོམ་པོ་དེ་ཨ་ཕའི་གདོང་པར་ཅེར་འདུག མཚམས་རེར་ན་ཟུག་གམ་ཅི་ཞིག་གིས་བསླངས་པ་ལྟར་ལུས་སྟོད་གཡོ་ཙམ་རེ་བྱས་ཡོང་། གང་འཚམས་ཤིག་ནས་མོས་ཨ་ཕར་ཅི་ཞིག་ཤོད་འདོད་པ་ལྟར་ལྷོད་པོར་བརྐྱངས་པའི་ལག་སོར་འགུལ་ཙམ་བྱས་ཏེ། མིག་ཟུང་ཟུམ་མ་ཐག་མོའི་མགོ་བོ་ཕ་ཡི་ཕྱོགས་སུ་ཡོར། ནུབ་ཕྱོགས་ཀྱི་རི་སྔོན་རྩེ་མོ་ནས། དེ་རིང་གི་ཉི་མས་འདིས་མཇུག་མཐའི་ཟེར་འོད་བསྡུས་པ་དང་ལྷན། མོའི་དབུགས་རྔ་ཡང་ལྷན་དུ་བསྡེབས་སོང་།

སང་ཞོགས། གྲང་ཐིང་ཐིང་ལྡང་ཡོང་བའི་དགུན་གཞུང་གི་ང་ར་དེས། གཡས་གཡོན་གྱི་ཁྱིམ་མཚེས་དང་གཉེན་ཉེ་ཚོ་ལག་ན་ཁ་བཏགས་དང་སྒྱེའུ་ཆུང་རེ་བཟུང་སྟེ། གཤིན་པོའི་ཤུལ་མ་རྣམས་ལ་ལྟ་སྐོར་དང་སེམས་གསོའི་ཆེད་དུ་བཀྲ་ཤིས་ཁང་གསར་ལ་འགྲོ་མཁན་ཚོའི་གདོང་པ་དང་རྣ་ལྕོག་ལ་འཇབ་ཀྱིན་རེག་གང་ཐུབ་བྱེད།

ཉིན་གཉིས་པའི་ཞོགས་པར། འདས་པོ་དེའི་རྫི་རོགས་”བུ་དེ”ཁྱིམ་གྱི་ཁང་ཐོག་ནས་བལྟས་ནས་འདུག བཀྲ་ཤིས་ཁང་གསར་ཁྱིམ་ནང་ནས་དགོན་པའི་གྲྭ་པ་འགའ་དང་བཅས། བླ་མ་ཀརྨས་ཌ་རུ་དཀྲོལ་གྱིན་སྔོན་ལ་ཕེབས་ཡོང་། བླ་མའི་ཕྱག་གཡོན་མ་ལས་དར་དཀར་ཞིག་མོའི་ཕུང་པོ་འཁྱེར་ཡོད་པའི་གཞུག་གི་མི་དེར་མཐུད་དེ་ཁོང་གཉིས་པོའི་དབར་དུ་དར་དཀར་དེ་སྐྱ་ཐང་ཐང་བྱེད། བཀྲ་ཤིས་ཁང་གསར་གྱི་གཡུལ་ཁའི་ཟུར་གྱི་རྐང་ལམ་བརྒྱུད་དེ། གཞས་སྒོ་གཞུང་ནས་ཐད་ཀར་ལུང་པའི་ཕུ་ཕྱོགས་ཀྱི་དུར་ཁྲོད་དེར་བསྐྱོད། སྐབས་དེར། “བུ་དེ་”ཁོང་ཚོའི་རྗེས་སུ་བལྟས་ཏེ་མིག་ཟུང་ཅེར་ཅེར་ལ་ལྷག མཐོང་ལམ་ནས་ཁོང་ཚོའི་གཟུགས་རིས་ཆུང་ནས་ཆུང་དུ་མིག་གིས་ཟིན་མི་ཐུབ་པར་གྱུར་པའི་སྐབས་དེར། བུ་དེའི་མིག་ཟུང་ལས་དབང་མེད་དུ་ཚ་ཤུར་ཤུར་གྱི་གཤེར་ཁུ་རྡོག་པོ་འགའ་མཁུར་མགོ་ནས་འགྲིལ་ཏེ་སར་ལྷུང་།

༦༽

ཨ་ཅེ་ཆོས་སྒྲོན་འདས་ནས་ལོ་ངོ་གཅིག་འཁོར། “བཀྲ་ཤིས་ཁང་གསར་གྱི་མནའ་མ་དེ་འདས་ནས། དངོས་གནས་ཕངས་པོ་བྱས་སོང་” དང་རྭའི་ནང་གི་གྱང་རིའི་འཁྲིས་སུ་བསྙེས་ཏེ་ཟོན་པ་བཟོ་བཞིན་པའི་རྒད་པོ་དེས་བཤད། ཉི་མ་ལྡེས་པའི་རྒན་རྒོན་ཚོས་ཇ་འཐུང་ཞོར་སོ་སོའི་ས་ནས་ལག་ལས་ལ་བྲེལ་ནའང་། ཕན་ཚུན་གྱི་ཁ་བརྡ་ལ་རྫོགས་མཐའ་མེད། རྒན་མོ་དེ་བལ་འཁལ་ཞོར་ “བུ་མོ་དེ་ཨ་ཙིའི་་་་་་། ཁུ་སིམ་པོ་དང་ལས་ཀ་ངར་པོ་དངོས་གནས་དཔེ་མེད་རེད་” མགོ་གཡུག་གཡུག་བྱེད།

དུས་ཚོད་འདི་བསྐྱར་སྐོར་ཞིག་གིས་སླར་ཡང་ཅི་ཡང་མ་བྱུང་བ་ལྟར། སྔར་བཞིན་ཁུ་སིམ་ལྷིང་འཇགས་འོག་ནས་ཡུལ་མི་རྣམས་བྲེལ་འཚུབ་བེར་དུས་བཞི་དང་བསྟུན་ནས། ཕྱུགས་ལས་དང་སྟོན་ཐོག་བསྡུ་འདེབས་ངང་དུ་འདས་འགྲོ།

ལོ་ངོ་གཅིག་ལྷག་འདས་རྗེས་ཀྱི་ཉིན་འདིར། བཀྲ་ཤིས་ཁང་གསར་གྱི་བུ་དེར་ཡང་བསྐྱར་ཡུལ་གཞན་ནས་མནའ་མ་ཞིག་བསུས། ཁོའི་ཕ་མ་ཚོ་དང་ཉེ་འཁོར་གྱི་གཉེན་ཉེ་རྣམས་སེམས་འཚབ་ཀྱིས་ལོ་ངོ་གཅིག་བསྐྱལ་ཟིན་ནའང་། མནའ་མ་དེར་སླར་ཡང་རྐྱེན་ངན་མ་འཕྲད་པའི་ཁར་ད་གཟོད་བུ་མོ་གཅིག་ཀྱང་བཙས་ཤིང་། ལོ་ངོ་འདི་དག་གི་ནང་བུ་མོ་ཆུང་ཆུང་དེ་རིམ་གྱིས་ནར་སོན་ཡོང་།

ད་ལྟ། དགོང་མོའི་ཉི་མ་ནི་ཡུལ་འདིའི་ནུབ་ཕྱོགས་ཀྱི་རི་སྔོན་རྒྱབ་ལ་བཞུད་ཟིན་ཏེ། ཡུལ་དགོན་གཉིས་པོའི་ཁང་ཐོག་དང་རྟེན་མཁར་ལ་བཙུགས་པའི་དར་ལྕོག་རྣམས་རླུང་བུས་སྐྱ་ལྷབ་ལྷབ་ངང་བདའ། སྐབས་འདིར་བུ་མོ་ཆུང་ཆུང་དེས་ཀྱང་། ཉིན་གཅིག་ནང་གི་དུས་ཚོད་གལ་ཆེན་དེ་རྟོགས་སོང་བ་འདྲ། མོས་ཁ་བད་གསེང་ནས་མིག་ཟུང་ཅེར་རེར་ཨ་མ་ལོག་ཡོང་བར་བསྒུགས། མ་གཞི་ནས་ཁག་མེད་དེ། མོ་ད་ལྟ་ཁྱིམ་གྱི་ཤིང་སྐས་ནས་འབབ་མི་ཤེས། དེ་བས་བུ་མོ་ཆུང་ཆུང་དེ་སྐས་ནས་འབབ་རྒྱུར་སྐྲག་པས། ཨ་མར་མི་སྒུག་ཀ་མེད་བྱུང་སོང་། མོ་རང་ཁང་ཐོག་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ “ངའི་རོགས་གཞན་རྣམས་བུད་ཚར་ཡོད་འགྲོ་” སྙམ་བཞིན་སྡོད་མི་ཚུགས།

“ཨ་མ་མགྱོགས་པོ་གྱིས་དང་། ང་ཕྱི་ལ་འགྲོ་རྒྱུ་ཡིན་” ཨ་མ་ཁྱིམ་དུ་སླེབས་པ་ཚོར་མ་ཐག བུ་མོ་ཆུང་ཆུང་དེ་བྲེལ་ཤ་ལངས་ཏེ་ཤིང་སྐས་ལས་འབེབས་དགོས་པའི་རེ་བ་བཏོན། མོས་འོག་ཁང་ནས་ནམ་རྒྱུན་ལྟར་ཏོག་ཙེ་ཆུང་ཆུང་དེ་ཁྱེར་ཞིང་། ཁྱིམ་མཚེས་ཀྱི་བྱིས་པ་གཞན་ཚོ་ལའང་བརྡ་བཏང་།

ཁང་པའི་མདུན་ཕྱོགས་ཀྱི་ཞིང་སྟེང་དེ་ནས་འཐེན་པའི་”གཞས་སྒོ་གཞུང་”བར་གྱི་རྐང་ལམ་ནར་མོ་དེར། བྱིས་པ་ཆུང་ཆུང་ཚོའི་རྐང་རྗེས་ལས་ད་དུང་དབྱུག་པ་དྲུད་ཤུལ་ཞིག་ཀྱང་མངོན་ཡོང་། བྱིས་པ་ཚོས་རྟོག་ཡུ་དེ་རྐང་པ་གཉིས་པོའི་དབར་ནས་རྒྱབ་ལ་བཏོན་ཏེ་རྟ་ལ་བཞོན་ཁུལ་གྱིས་དྲུད་ནས་འགྲོ་ཞིང་། ཁ་ནས་”ཁྱོ་ ཁྱོ་…..” ཟེར་བཞིན་དབྱུ་གུ་ཆུང་ཆུང་ཞིག་ལྕག་ཚན་ཡིན་ཁུལ་གྱིས་འབྲབ་པར་བྱེད། ཡུལ་སྟོད་སྨད་ཀྱི་བྱིས་པ་ཆུང་ཆུང་དེ་དག་ཅ་ཅོ་དང་དགོད་སྒྲ་ཙིག་ཙིག་གིས། དུས་ཚོད་འདིར་གཞས་སྒོ་གཞུང་དུ་འཛོམས་ནས། ད་གཟོད་ཁོང་ཚོ་གྲོ་མ་བརྐོ་བར་བྲེལ།


  1. ཡུལ་སྐད་དུ་སྨྱུག་མས་བསླས་པའི་རྐོན་པ་ལྟ་བུའི་སྣོད་ཆུང་ཆུང་ཞིག་ལ་གོ
  2. ཡུལ་སྐད་དུ་ཁུར་སོགས་འགྱོག་བྱེད་ཀྱི་ཐག་པའི་རིགས་ཤིག་ལ་གོ
  3. འབྲོག་པ་ཚོའི་དབྱར་སར་གོ
  4. ཡུལ་སྐད་དུ་གཅན་གཟན་གྱི་རིགས་ལ་གོ
  5. མེ་འབུད་སའི་ལྕགས་ཐབ་ལ་གོ
  6. ཡུལ་སྐད་དུ་དབྱར་དུས་ཞོགས་པར་འོ་མ་མ་བཞོས་སྔོན་དུ་ར་ལུག་རྣམས་རྩྭ་སར་ཐེངས་གཅིག་གཏོང་སྲོལ་ཡོད་པ་དེ་ལ་ཟེར།
  7. ཡུལ་སྐད་དུ་ཕྱུར་བ་མ་བསྐམས་པའི་གནས་སྐབས་དེ་ལ་གོ
  8. ཡུལ་སྐད་དུ་བུ་བུ་མོ་རྣམས་ལང་ཚོ་དར་སྐབས་ཀྱི་རྣམ་འགྱུར་སྟོན་སྟངས་སོགས་ལ་གོ
  9. ཡུལ་སྐད་དུ་ཁྱིམ་གྱི་ཨ་མ་དག་གི་མགོ་ལ་གོན་རྒྱུའི་གསེར་དངུལ་སོགས་ལས་བཟོས་པའི་རྒྱན་ཆ་ཞིག་ལ་གོ
  10. ཡུལ་སྐད་དུ་ཞིང་ས་སྙོམས་བྱེད་ཀྱི་ཡོ་བྱད་ཅིག་ལ་གོ
  11. བལ་འཁལ་བའི་དོན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།