སློབ་དཔོན་ཚུལ་ཁྲིམས་ཟླ་བ།
གཅིག
ཁོ་དྷ་སའི་རི་ཞོལ་གྱི་རླངས་འཁོར་འབབ་ཚུགས་སུ་འདྲུད་སྒམ་གྲུ་བཞི་མ་ཞིག་འགྲམ་ལ་བཞག་ནས་ཅི་ཞིག་ལ་སྒུག་བཞིན་པར་བལྟས་ན་ད་ལྟ་ད་དུང་ཁོ་ལ་ཁ་ཕྱོགས་ཤིག་རྙེད་མེད་པ་འདྲ།
ཁོ་རང་ལོ་ངོ་བདུན་གྱི་སྔོན་ལ་ཤུག་ལུང་དགོན་པའི་རྒྱ་སྒོའི་འགྲམ་དུ་རས་ཀྱི་རྒྱབ་ཁུག་ཆེ་རྒྱུ་མེད་པ་ཞིག་ཁྱེར་ཏེ་རྐང་གསུམ་གླ་འཁོར་ལས་བབས། ཁོས་སྒོ་ཆེན་གཡས་གཡོན་དུ་ཡར་ལྟ་མར་ལྟ་བྱེད་བཞིན་རས་ཀྱི་རྒྱབ་ཁུག་ནག་པོ་དེ་དཔུང་པ་གཡས་པའི་ཕྲག་སྟེང་དུ་བཀལ་ཏེ་ག་ལེར་སྒོ་ཆེན་ནང་དུ་འཛུལ། འདི་ནི་ཁོས་རང་ཉིད་ཀྱི་མི་ཚེའི་གོམ་ཁ་དང་པོ་དེ་སྤོས་པ་ཡིན་ཟེར་ཡང་མི་ཆོག་རྒྱུ་མེད། ཁོའི་རྒྱབ་ཀྱི་ཁུག་མ་ནག་པོ་དེའི་ནང་དུ་ཉལ་ཆས་རྙིང་རུལ་ཞིག་དང་། སྟོད་ཐུང་ཁ་དོག་མི་གཅིག་པ་འགའ་ལས་རྩ་ཆེ་བའི་དངོས་པོ་གང་ཡང་བླུག་རྒྱུ་མེད། སྒོ་ཆེན་ནང་དུ་འཛུལ་མ་ཐག་གླིང་ག་གྲུ་བཞི་མ་དེ་དང་། གཡས་གཡོན་རྣམས་སུ་ཁང་པ་ཐོག་བརྩེགས་གསུམ་ཅན་དུ་མ་བསྟར་ལ་བསྒྲིགས་ཡོད་པ་མིག་ལམ་དུ་མངོན། ད་དུང་ཞོགས་དུས་དེར་ཤིང་སྡོང་སྟེང་གི་བྱ་བྱིའུ་དག་ཀྱང་ཕར་འཕུར་ཚུར་འཕུར་ངང་སྐད་རྒྱག་བཞིན་པ་ལ་བལྟས་ན་ཁོ་ལ་འཚམས་འདྲི་ཞུ་བ་དང་ཧ་ཅང་འདྲ།
ཟླ་བ་གཅིག་ཙམ་གྱི་རྗེས་སུ་ཁོ་རང་མདོ་སྔགས་བཤད་གྲྭའི་སྔོན་འགྲོ་འཛིན་གྲྭར་འཛུལ་ཞུགས་བྱས། རྣམ་རྟོག་གི་འཆར་སྒོ་ཡོད་ཚད་ཀྱི་རྗེས་སུ་གོམ་པ་སྤོ་དགོས་པའི་མི་རྣམས་ནི་ཕུགས་བསམ་གྱི་རྨང་གཞི་བརྟན་པོ་མེད་པའི་མཚོན་རྟགས་ཤིག་དང་། བྱ་བ་གང་ཡང་མི་འགྲུབ་པའི་གཞི་རྩ་ཡིན་པ་སུ་ཞིག་གིས་རྟོགས། ད་ལྟ་ཁོ་སྔོན་འགྲོ་འཛིན་གྲྭར་ཞུགས་ནས་རྒྱུན་རིང་སོང་མེད་ཀྱང་རིག་གནས་ཆ་ཚང་མ་ཤེས་ན་གཏན་ནས་འགྲིག་གི་མི་འདུག་སྙམ་སྟེ། གཞུང་གི་འཛིན་གྲྭའི་དཔེ་ཁྲིད་གཞིར་བཞག་ཐོག ཞོགས་པ་ནས་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་བར་དུ། རྩིས། དབྱིན་སྐད། བློ་རིགས། རྟགས་རིགས་བཅས་ཁག་བཞི་ཙམ་ལ་ཟུར་ཁྲིད་ཞུ་བར་འགྲོ་ཡི་ཡོད་པས་དཔེ་ཁྲིད་མང་དྲགས་ཏེ་མཚམས་མཚམས་སུ་ཁོས་དཔེ་དེབ་ནོར་ནས་ཁྱེར་འགྲོ་བ་ཡང་ཉུང་ཉུང་མིན། ད་དུང་ད་ལྟ་ཁོས་དར་ཚོན་ཆུན་པོ་གཅིག་ཁྱེར་ཏེ་གྲྭ་ཚང་གི་ཕྱོགས་སུ་གོམ་ཁ་བསྒྱུར་པ་ནི་བཀའ་མའི་འཆམ་སྦྱོང་དུ་འགྲོ་རྒྱུ་རེད།
ཁོ་རང་རིག་གནས་འཛིན་གྲྭར་ཞུགས་དུས་དང་ཐོག་ཉིན་རེར་དཔེར་བརྗོད་ཤོག་ལྷེ་བཅུ་རེ་འབྲི་བ་ཡིན། ཡིན་ཡང་ཁོའི་དཔེར་བརྗོད་ཀྱི་སྟེང་དུ་དམར་རྟགས་མང་དྲགས་པས་ཡིན་ནམ་རིག་གནས་ལ་སྤྲོ་བ་མེད་སོང་བ་གང་ཡིན་མི་ཤེས་ཀྱང་། རིམ་བཞིན་དཔེར་བརྗོད་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་སོང་སྟེ་ད་ནི་ཤོག་ངོས་རེ་རེ་ཡང་ཁ་གང་གི་མེད། ཐེངས་གཅིག་རིག་གནས་དགེ་རྒན་གྱིས་ཁོ་འཛིན་གྲྭའི་ནང་ནས་བསླངས་ཏེ་“ལ་དོན་གྱི་འཇུག་ཡུལ་ལྔ་པོ་གང་དང་གང་རེད།” ཅེས་པའི་དྲི་བ་ཞིག་དྲིས་པར། ཁོས་བསམ་བློ་གང་མཚམས་བཏང་རྗེས། “ག ད། བ། མ། འ་ལྔ་རེད་”ཟེར། “འོ་ན་བོད་ཡིག་ལ་དབྱེ་བ་ག་ཚོད་ཡོད་རེད།” “སུམ་ཅུ་ཡོད་རེད།” ཁོས་དྲི་ལན་རེ་རེ་བརྒྱབས་པ་དང་འཛིན་གྲོགས་ཡོད་ཚད་ཀྱིས་ཧབ་དགོད་བརྒྱབས། དགེ་རྒན་གྱིས་ཁོའི་དཔེར་བརྗོད་ལ་ནོར་རྟགས་ག་ཚོད་བཀོད་ཀྱང་སང་ཉིན་ཡང་བསྐྱར་དེ་ག་རང་བྲིས་ཡོང་ཞིང་། སང་ཉིན་མ་འབྲི་ཞེས་ཡིག་ནོར་ལ་མཛུབ་མོ་བཙུགས་ནས་ལབ་ཀྱང་བྲིས་ཞེས་པ་དང་གཅིག་མཚུངས་ཡིན། ད་ལྟ་རིག་གནས་རྒན་ཡང་ཁོ་ལ་འུ་ཐུག་ཚར་བས་དཔེར་བརྗོད་ལ་འགྲིག་རྟགས་འགོད་པ་ཙམ་ལས་བྱ་ཐབས་གང་ཡང་མེད་པར་གྱུར།
ཁོའི་སློབ་གྲོགས་རྣམས་ལ་རིགས་ལམ་ཡག་རྒྱུ་ཆེར་མེད་ཀྱང་། ཁོ་ལས་ན་ཚོད་ཆུང་ལ་རྣམ་རིག་གྲུང་བའི་སློབ་མ་མང་པོ་ཡོད་པས་ནམ་རྒྱུན་ཁོར་ངག་ནས་བརྗོད་རྒྱུ་དང་། རྐང་ལག་བརྡབ་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན། རེས་གཟའ་སྤེན་པའི་སྔ་དྲོ་ཞིག་ལ་ཁོས་བློ་ཁོག་བསྐྱེད་དེ་འཛིན་གྲྭ་མཉམ་འཚོགས་ཀྱི་རྩོད་པའི་དམ་བཅར་བསྡད། དེ་དང་མཉམ་དུ་གྲལ་མཐའ་ནས་འཛིན་གྲོགས་ཚོས་དགེ་བཤེས་ཟེར་བའི་ངོ་གདོང་དང་དཔུང་པའི་ཁ་དོག་ཅུང་ནག་ཅིང་། བལྟས་ཚོད་ལ་ལོ་ན་བཅོ་བརྒྱད་ཙམ་ལ་སླེབས་པའི་སློབ་མ་ཞིག་གིས་རྟགས་གསལ་བཏང་། གང་མཚམས་རྗེས་ནས་རྟགས་གསལ་བ་དེས། “ཁྱོད་ཁྱོད་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཡིན་པ་ཁྱོད་མ་ཡིན་”སོགས་ཁྱོད་སྒྲ་མང་པོ་ཞིག་ལབ་མཐར་ཁོའི་མིག་མདུན་དུ་ལག་པ་ཚ་ཐག་ཆོད་ཅིག་བརྡབས། སློབ་གྲོགས་གཞན་རྣམས་ཀྱིས།
“འོ་…… ཕྱིར།” ཚང་མས་མཉམ་དུ་ལག་པ་བརྡབས། ད་ལྟ་ཁོ་ཀལ་ཀ་ཊ་སླེབས་ཚར་བས་ཅི་ཡིན་འདི་ཡིན་གྱི་ལན་གང་ཡང་བརྒྱག་རྒྱུ་མ་རྙེད་པར་ལུས་ཏེ་སློབ་གྲོགས་ཡོངས་ཀྱིས་ཧབ་དགོད་བརྒྱབས།
རྩོད་པ་གྲོལ་བ་དང་། ཁོས་“ཁྱོད་ཁྱོད་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཡིན་པ་ཁྱོད་མ་ཡིན།” ད་ནང་གི་རྟགས་གསལ་གྱི་ཚིག་དེ་རྣམས་ཡང་ནས་བསྐྱར་དུ་དྲན་ངོས་སུ་འཆར་ཏེ་མགོ་བོ་འཕུར་འཕུར་བྱེད་བཞིན་གྲྭ་ཤག་ཏུ་འཛུལ། ཁོས་བསམ་བློ་ག་ཚོད་མང་པོ་བཏང་རུང་ད་ནང་གི་རྟགས་གསལ་ལ་གོ་རྒྱུ་ཚོར་རྒྱུ་གཏན་ནས་མི་འདུག་སྙམ་སྟེ། འདི་ལྟར་ཆིག་ལབ་བརྒྱབས། “ཨ་ཤ་ཚ་ལྟས་ངན་ཁོ། ང་ང་རང་མ་ཡིན་ན་སུ་ཡིན། ང་མ་ཡིན་པ་དེ་ང་ཡིན་ཟེར་ན་ཆོ་མེད་པའི་སྐད་ཆ་རང་རེད། གལ་སྲིད་ང་མ་ཡིན་པ་དེ་ང་ཡིན་ན་འོ་ན་ང་སུ་རེད། ཁོ་ཚོས་ང་ང་རང་ཡིན་མིན་ཡང་ཧ་གོ་མི་འདུག་”ལབ་ཀྱིན་ཡིད་ཚིམས་པའི་ངང་དྲི་མ་འཚུབས་སེར་ཁ་སྦུབ་ཏུ་ཉལ།
ཁོ་ལ་རྣམ་དཔྱོད་དམིགས་བསལ་བ་ཞིག་མེད་ཀྱང་ཨུ་ཚུགས་མཐའ་སྐྱེལ་གྱིས་སྦྱངས་པ་བྱས་པས་ད་ལྟ་འཛིན་རིམ་གཉིས་པའི་ཡིག་རྒྱུགས་སྡེ་ཚན་གསུམ་པ་ལོན་ཐུབ་ཙམ་བྱུང་ཡོད། འཛིན་གྲྭ་གཉིས་པའི་སློབ་ཚན་དབུ་མའི་གཞུང་ནང་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ཡོད་པས། དེས་ཁོ་ལ་དམིགས་བསལ་གྱིས་ཚོར་སྣང་ཞིག་སྟེར། ནམ་རྒྱུན་ཁ་འདོན་བྱེད་བཞིན་པའི་ཤེས་རབ་སྙིང་པོའི་ནང་ནས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་སོགས་གསུངས་ཀྱང་ད་བར་ཁོ་ལ་དོ་སྣང་བྱུང་མེད། ད་ལྟ་ཁོའི་དགེ་རྒན་གྱིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཡིན་རབས་མང་པོ་ཞིག་གསུངས་པས་དེའི་ཕྱོགས་སུ་བསམ་བློ་ཞིག་མི་གཏོང་ཀ་མེད་དུ་གྱུར། ཚོར་བ་དམིགས་བསལ་བ་རེ་སླེབས་ཡོང་ན་འདས་དུས་ཀྱི་བྱུང་བ་དག་དྲན་ཡོང་བ་ནི་ཆོས་ཉིད་ཅིག་ཡིན་པ་བཞིན། ཕ་ཡུལ་གྱི་རྒད་པོ་རི་བསམ་གྱིས་བཤད་པའི་སྐད་ཆ་དམིགས་བསལ་བ་ཞིག་ཁོའི་དྲན་ངོས་སུ་ཤར། “དཔེ་ཆ་ལྟ་བའི་སྐབས་སུ། དཔེ་ཆའི་ནང་དུ་མ་རེད་ལབ་ཡོད་ན། རེད་ཅེས་གོ་དགོས་པ་དང་། དཔེ་ཆའི་ནང་དུ་རེད་ལབ་ཡོད་ན་མ་རེད་ཅེས་གོ་དགོས། ཡིན་ལབ་ས་ལ་མིན་གོ་དགོས་ཤིང་། མིན་ལབ་ས་ལ་ཡིན་གོ་དགོས།” ཨ་མཚར་གྱི་ཚུལ་དུ་སྨྲས་པའི་སྐད་ཆ་དེ། ད་ལྟ་ཁོས་བདེན་པ་ཡིན་ཐག་ཆོད་རེད་བསམས། ད་དུང་སྔར་སྔོན་འགྲོ་འཛིན་གྲྭའི་ནང་དུ་དམ་བཅའ་ཐེངས་གཅིག་ཁོ་ན་བསྡད་པ་དེ་ཡང་བསྐྱར་སེམས་ལ་འཁོར། “ཁྱོད་ཁྱོད་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཡིན་པ་ཁྱོད་མ་ཡིན།” ཁོས་མགོ་བོ་གུག་གུག་བྱེད་བཞིན་རི་བོང་རྭ་ཡང་ཡོད་ལབ་དགོས་པ་འདྲ་སྙམ། དེ་ནས་བཟུང་གླིང་ཁའི་ནང་དུ་རྩོད་པ་ནམ་འཚོགས་ལ་“རི་བོང་རྭ་ཡོད། བུམ་པ་མེད། རི་བོང་རྭ་ཡོད་དེ་དཔེ་ཆའི་ནང་དུ་མེད་གསུངས་པའི་ཕྱིར། བུམ་པ་མེད་དེ་དཔེ་ཆའི་ནང་དུ་ཡོད་པའི་མཚན་གཞི་ལ་བཞག་པའི་ཕྱིར།” ཞེས་དང་། ད་དུང་ཁོས་“དཔེ་ཆ་ལྟ་བའི་སྐབས་སུ། དཔེ་ཆའི་ནང་དུ་མ་རེད་ལབ་ཡོད་ན། རེད་ཅེས་གོ་དགོས་པ་དང་། དཔེ་ཆའི་ནང་དུ་རེད་ལབ་ཡོད་ན་མ་རེད་ཅེས་གོ་དགོས། ཡིན་ལབ་ས་ལ་མིན་པར་གོ་དགོས་ཤིང་། མིན་ལབ་ས་ལ་ཡིན་པར་གོ་དགོས། དེ་ལྟར་གོ་བ་ལེན་མ་ཐུབ་ན་དཔེ་ཆ་བལྟ་རྒྱུ་གཡུགས་ན་དགའ་”ཟེར་བ་སོགས་ཧར་གོང་མང་ཐག་ཆོད་བཤད་ནས་དམ་བཅའ་ཕྱིན་ཅི་ལོག་རྐྱང་རྐྱང་བཟུང་། ཁོ་ལ་ད་ལྟ་རྩོད་ཟླ་ལས་སླ་པོ་རག་གི་མེད་པས་མང་ཆེ་བ་དམ་བཅའ་བ་གཞན་ཞིག་གི་འགྲམ་དུ་ཟུར་ཉན་པ་ལྟ་བུར་སྡོད་ཀྱི་ཡོད།
“ཏིང་…….ཏིང་…….ཏིང་………” ཏིང་ཏིང་གིས་ཉལ་བརྡ་བཏང་། ཁོ་ཉལ་སའི་ནང་དུ་ཕར་འགྲིལ་ཚུར་འགྲིལ་འགའ་བྱས་ཀྱང་གཉིད་ཀྱི་དྲི་ཙམ་ཡང་མེད་པར། ཁྱོད་ཁྱོད་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཡིན་པ་ཁྱོད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་རེད། རི་བོང་རྭ་ཡོད། བུམ་པ་མེད། དཔེ་ཆ་ལྟ་བའི་སྐབས་སུ། དཔེ་ཆའི་ནང་དུ་མ་རེད་ལབ་ཡོད་ན། རེད་ཅེས་གོ་དགོས་པ་དང་། དཔེ་ཆའི་ནང་དུ་རེད་ལབ་ཡོད་ན་མ་རེད་ཅེས་གོ་དགོས། ཡིན་ལབ་ས་ལ་མིན་པར་གོ་དགོས་ཤིང་། མིན་ལབ་ས་ལ་ཡིན་པར་གོ་དགོས། ཁོའི་བློ་ངོར་འཛིན་གྲོགས་དགེ་བཤེས་ཀྱི་རྟགས་གསལ་དང་། དབུ་མའི་བསྟན་དོན། ཁོ་རང་གི་གོ་བ། རི་བསམ་གྱི་བསླབ་བྱ་རྣམས་ཤོག་ལྷེ་ཕར་ཚུར་བསྒྱུར་བསྒྱུར་ལྟར་ཡང་ནས་བསྐྱར་དུ་འཚང་ག་ཤིག་ཤིག་ངང་དྲན་ངོས་སུ་འཆར། ཁོས་ཉལ་སའི་ནང་དུ་ཡང་འགུལ་ཞིག་བྱས་རྗེས་ཤག་རོགས་ཀྱི་ཕྱོགས་སུ་ཚུར་ཁ་བསློགས་ནས་སྔས་འབོལ་གྱི་སྟེང་དུ་གྲུ་མོ་བཞག ལག་པ་གཡོན་པས་འགྲམ་པའི་འོག་ནས་ཡར་བཀྱགས་ཙམ་བྱས་ཏེ། “ཝེ་ཁོ་རེ། རྡོག་རྡོག དཔེ་ཆའི་ནང་དུ་འགལ་བ་རྐྱང་རྐྱང་ལབ་དགོས་དོན་ག་རེ་ཡིན་ནམ་ཨ། ད་ཇོ་རིན་པོ། རྟགས་གསལ་ཏོག་ཙམ་མ་ཤེས་ན་བྲོ་བ་ཁྱོན་ནས་མི་འདུག ཁྱོད་ཀྱིས་ང་ལ་རྟགས་གསལ་ཡག་པོ་སློབ་མཁན་ཞིག་འཚོལ་རོགས་བྱས་ན་ཅི་འདྲ་རེད།” ཁོས་དེ་ལྟར་བཤད་པས། ཤག་རོགས་རྡོག་རྡོག་གིས། “ཨོ་དེ་ལོས་འགྲིག ཁྱོད་རང་དམར་པོ་བཤད་གྲྭ་ལ་སོང་ན་རྟགས་གསལ་ཡག་པོ་ཤེས་ཀྱི་རེད། ང་ལ་ངོ་ཤེས་པ་ཞིག་ཡོད་པས་ཁྱེད་རང་སེམས་ཁྲལ་བྱེད་དགོས་མ་རེད།” དེ་ལྟར་ལབ་པས་ཁོའི་སེམས་པ་ལྷོད་ལ་བབས་ཏེ་གཞི་ནས་རྣ་བར་གཟན་པའི་སྔུར་པ་ཞིག་འཐེན་ཡོང་།
གཉིས།
ལྷོ་མཐའི་ཚ་གདུག་གིས་མི་ཡང་གསོད་གྲབས་ཡོད་པའི་ཉིན་ཞིག་ལ། དམར་པོ་བཤད་གྲྭའི་སྒོ་ཆེན་གྱི་འགྲམ་དུ་རྐང་གསུམ་གླ་འཁོར་ཞིག་ཁ་བཀག ཅུང་མ་འགོར་བར་ཀོ་ལྷམ་སྨུག་པོ་གྱོན་པའི་གྲྭ་པ་ཤ་རྒྱགས་ཤིང་། གདོང་པའི་ཤ་རྣམས་ཅུང་ཟད་ལུག་ལུག་ཏུ་གྱུར་པ་ཞིག་གིས། བར་སྟོང་ཆེ་བའི་མདུན་སོ་གཉིས་ཁྲ་ཙིག་གེར་བསྟན་ནས་མར་བབས་བྱུང་། ཁོ་ཉི་མའི་ཚ་གདུག་མ་བཟོད་པར་མྱུར་མོར་སྒོ་ཆེན་ནང་དུ་འཛུལ། དེ་ནི་གཞན་སུ་ཡང་མིན་པར་ཤུག་ལུང་དགོན་པའི་མདོ་སྔགས་བཤད་གྲྭ་ནས་ཡོང་མ་ཐག་པའི་ཁོ་རེད། ད་ལྟ་ཁོ་དམར་པོ་དགོན་པར་ཞུགས་ཚར་བས་ཁོའི་མགོ་ལུས་ཡོངས་རྫོགས་དམར་ཐིང་ངེར་གྱུར། དམར་པོ་བཤད་གྲྭ་ལ་མཚོན་ན། མདོ་སྔགས་བཤད་གྲྭ་ལས་སྒྲིག་གཞི་ལྷོད་ཅིང་། ཞོགས་པ་ཆུ་ཚོད་ལྔ་པ་ནས་ལོངས་ཤོག་ཟེར་ནས་སྒོ་རྡུང་མཁན་མེད་ལ། དགོང་མོ་ཆུ་ཚོད་བཅུ་གཅིག་ལ་གློག་སོད་ཟེར་ནས་ཏིང་ཏིང་རྡུང་མཁན་ཡང་མེད་པར་གུ་ཡངས་ཡིན་པས་ཁོ་སྐྱིད་ཐག་ཆོད། བདུན་ཕྲག་རེ་ལ་དཔེ་ཁྲིད་གཉིས་རེ་ལས་འགྲོ་མི་དགོས་ལ་གལ་ཏེ་མ་སོང་ན་ཆད་པ་གཅོད་མཁན་སུ་ཡང་མེད། ཡིན་ཡང་ཞོགས་དགོང་གཉིས་ལ་རྩོད་པ་རྩོད་སར་ངེས་པར་དུ་འགྲོ་དགོས་ཀྱི་ཡོད།
ད་ལྟ་ཁོས་རིགས་ལམ་ཟེར་བ་དེ་ཏོག་ཙམ་མགོ་འཚོས་གྲབས་ཡོད་པ་འདྲ་བས། སྔར་གྱི་མདོ་སྔགས་བཤད་གྲྭའི་སློབ་གྲོགས་རྒྱགས་པའི་རྟགས་གསལ་དང་། དབུ་མའི་བརྗོད་བྱ། ཁོ་རང་གི་དམ་བཅའ། མི་རྒན་གྱི་བསླབ་བྱ་རྣམས་ལ་ཡང་ཅུང་ཟད་བཟོ་བཅོས་རྒྱག་དགོས་ཀྱི་ཡོད་པར་རྟོགས། དམར་པོ་བཤད་གྲྭ་ལ་ལོ་ངོ་གཉིས་ལྷག་སོང་བས་ད་ལྟ་ཁོའི་ཕྱི་ཡི་ཁ་དོག་དམར་པོར་གྱུར་པ་མ་ཟད། ཁ་དོག་དཀར་དམར་དང་། ཡིན་ལོག་མིན་ལོག་གི་ཁྱབ་སྐོར་ཁ་ཤས་ཕར་བསྐོར་ཚུར་བསྐོར་བྱེད་ཤེས་པར་གྱུར། ཡ་མཚན་པ་ཞིག་ལ་དམར་པོ་བཤད་གྲྭ་རུ་ཡིག་རྒྱུགས་ནམ་གཏོང་ལ་ཁོ་ཨང་གཉིས་པ་གསུམ་པ་གང་རུང་ལོན་གྱི་ཡོད། དེར་བརྟེན་དགེ་རྒན་སྟོབས་ཆེན་གྱིས་འཛིན་གྲྭའི་ནང་དུ་སློབ་གྲོགས་རྣམས་ལ། ཡིག་རྒྱུགས་གཏོང་ཕྱོགས་ཀྱི་ཐད་ནས་ཁོ་ལ་མིག་དཔེ་ལྟ་དགོས་ཚུལ་བཤད། ཁོ་རང་གིས་ཀྱང་ཡིག་རྒྱུགས་གཏོང་ཕྱོགས་དང་བརྡ་དག་གི་འགྲོ་སྟངས་སྐོར་ལ་ཡང་ཧར་གོང་མང་པོ་ཤོད་ཀྱི་ཡོད་པས་འཛིན་གྲྭའི་ནང་ནས་ཁོ་ལ་རིག་གནས་མཁས་དབང་ཞེས་མིང་གསར་པ་ཞིག་ཀྱང་ཐོགས་ཡོད། ད་ལྟ་དམར་པོ་བཤད་གྲྭས་ཁོའི་ཡིད་དབང་མེད་དུ་ཕྲོགས་ཚར་བས། མདོ་སྔགས་བཤད་གྲྭའི་གྲོགས་པོ་རྣམས་དང་ཁ་པར་ནམ་གཏོང་ལ། དམར་པོ་བཤད་གྲྭ་ཡག་པོ་ཡོད་ཚུལ་དང་། སྐྱིད་པོ་ཡོད་རབས། མདོ་སྔགས་བཤད་གྲྭ་ལ་དེ་ཙམ་ཆོ་མེད་ལུགས་ཀྱི་སྐད་ཆ་ལུང་པ་གང་བཤད་ཡོང་།
ཕུགས་འདུན་བརྟན་པོ་མེད་པའི་མི་ཞིག་ལ་མཚོན་ན་མི་ཚེའི་འཚོ་ཚིས་ཀྱི་འགྱུར་འགྲོས་དང་། བསམ་བློའི་འཆར་སྒོ་ནི་དབྱར་ཀའི་གནམ་གཤིས་བཞིན་དགའ་སྡུག་གི་འཚོ་བའི་རླུང་བུ་རྒྱུ་སྟངས་རེ་རེས་ཁ་ལོ་བསྒྱུར་ཆོག་ཆོག་ཡིན་པས་ཁོ་ཡང་དེའི་རིགས་ཀྱི་ཁོངས་སུ་བསྡུ་དགོས་པ་འདྲ། ཉིན་ཞིག་ཁོས་རྒྱ་གར་གྱི་ཚོང་ཁང་ཞིག་ནས་ཅ་ལག་ཉོས་ཏེ་ཚོང་དཔོན་དང་སྐད་བརྡ་མ་འཕྲོད་པར་ལུས་པའི་སྐབས་སུ་གྲྭ་ཕྲུག་ཁ་བདེ་ཞིག་གིས་ཁོ་ལ་གད་མོ་དགོད་ཀྱིན། “ཝེ། རྒན་རིག་གནས་མཁས་དབང་། བསྡུས་གྲྭ་ཐོང་བསྡུས་གྲྭ།” དེ་ཐོས་པ་དང་ཁོས་གྲྭ་ཕྲུག་དེ་ལ་གཟབ་ནན་གྱིས་ལྟ་ཙམ་བྱས་ཏེ་སྐད་ཆ་དེ་ལ་རྒྱུ་མཚན་ཅུང་ཟད་འདུག་སྙམ་བཞིན་དགོན་པར་ལོག
ཁོ་ཉལ་སའི་སྟེང་དུ་འཕྲེད་ཉལ་ཞིག་བྱས་ཏེ། “ཝེ། རྒན་རིག་གནས་མཁས་དབང་། བསྡུས་གྲྭ་ཐོང་བསྡུས་གྲྭ།” གྲྭ་ཕྲུག་ཆུང་ཆུང་དེའི་སྐད་ཆ་དེ་ལ་ཡང་བསྐྱར་བསམ་བློ་བཏང་། ཁྱོད་ཁྱོད་ཡིན་མིན་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་མིན། རི་བོང་རྭ་དང་བུམ་པ་ཡོད་མེད་ཇི་ཙམ་བཤད་ཀྱང་། དེ་དག་གིས་དོན་དངོས་སུ་རང་ཉིད་ལ་ཅི་ཞིག་ཕན་གྱི་ཡོད་དམ། ཐ་ན་ཚོང་ཁང་ནས་ཅ་ལག་ཅིག་ཀྱང་ཉོ་བར་ཕན་ཐོགས་ཀྱི་མི་འདུག མ་གཞི་རང་ཉིད་ཀྱི་མི་ཚེའི་ནང་ད་ལྟའི་བར་དུ་ཅི་ཞིག་བྱས་ཡོད་དམ་སོགས་ཁ་ནང་དུ་བསྐོར་བའི་དྲི་རྟགས་གསར་པ་འགའ་ཁོའི་དྲན་ངོས་སུ་ཚུར་ཁ་སློག ཕྱི་ཉིན་དཔེ་ཁྲིད་སྐབས་སུ་ཁོས་དགེ་རྒན་སྟོབས་ཆེན་ལ་དྲི་བ་འདི་འདྲ་ཞིག་བྲིས། “བསྡུས་གྲྭ་སྦྱངས་ནས་ང་ཚོའི་མི་ཚེའི་ནང་དུ་ཕན་ཐོགས་ཅི་ཞིག་ཡོད་དམ། ངས་ད་བར་བསྡུས་གྲྭ་ཇི་ཙམ་སྦྱངས་ཀྱང་ང་རང་ལ་འདི་ཡིན་ཟེར་བའི་ཕན་ཐོགས་སྣ་གཅིག་མ་བྱུང་།” རྒན་སྟོབས་ཆེན་གྱིས་“བསྡུས་གྲྭ་གཅིག་པུས་ཁྱོད་ལ་ཕན་ཐོགས་ཆེན་པོ་ཅི་ཡང་མེད། རེད་དེ་བསྡུས་གྲྭ་གཞི་ལ་བཞག་ནས་རིགས་ལམ་ཡག་པོ་ཆགས་སོང་ན་གཞུང་ཆེན་པོ་ལ་གོ་བ་ལེན་སྐབས་རིགས་པས་བརྡར་ཤ་གཅོད་པར་ཕན་ཐོགས་ཆེན་པོ་ཡོད། བསྡུས་གྲྭ་ཟེར་བ་འདི་མ་ཤེས་ན་དཔེ་ཆ་ཤེས་ཐབས་མེད་”ཟེར། “དཔལ་ལྡན་ཟླ་བ་གྲགས་པ་དང་མཁན་ཆེན་ཞི་འཚོ་ནང་བཞིན་ཆགས་དགོས་ན་བསྡུས་གྲྭ་ཡག་པོ་སྦྱོང་དགོས་”ཟེར། ཁོས་གུས་ཞབས་དང་ལྡན་པའི་སྒོ་ནས་མགོ་བོ་གུག་ཙམ་བྱེད་བཞིན་དཔལ་ལྡན་ཟླ་བ་གྲགས་པ་ཟེར་བ་དེ་བསྡུས་གྲྭ་མཁས་པ་ཞིག་ཡིན་ཐག་ཆོད་རེད་སྙམ། ད་ལྟ་ཁོ་བསྡུས་གྲྭ་ལ་སྤྲོ་སྣང་ཆུང་དུ་སོང་ཡོད་པས་ཐེངས་ཁ་ཤས་རྩོད་ར་ལ་ཡང་འགྲོ་རྒྱུ་ལྷག
དམར་པོ་བཤད་གྲྭའི་དགོན་དཀྱིལ་གྱི་ལྷ་ཁང་དམར་པོ་ཞིག་ཡོད་པ་དེ་མ་མཐོང་ན་གྲོང་གསེབ་ཅིག་ཏུ་སླེབས་འདུག་པ་ལྟ་བུ་ལས་དགོན་པར་སླེབས་ཡོད་པའི་སྣང་བ་ཞིག་ཤར་དཀའ། དགོན་པ་འདི་ལ་དམར་པོ་དགོན་པ་དང་། དམར་པོ་བཤད་གྲྭ་ཟེར་དོན་ཡང་དགོན་པའི་ལྷ་ཁང་དང་། དགོན་འདིའི་གྲྭ་པ་རྣམས་ཀྱི་གཟན་ཤམ་ཡོངས་རྫོགས་དམར་པོ་རྐྱང་རྐྱང་ཡིན་པས་བཏགས་པ་ལས་དགོན་པའི་མཚན་ངོ་མ་བྱམས་པ་གླིང་དགོན་པ་ཟེར། ཡིན་ཡང་ཡོངས་གྲགས་ལ་དམར་པོ་དགོན་པ་དང་དམར་པོ་བཤད་གྲྭ་མ་གཏོགས་མཚན་ངོ་མ་ནི་སྒོ་ཆེན་ཐོད་དུ་བྲིས་པའི་ཡི་གེ་དེ་མཐོང་ན་མ་གཏོགས་ཧ་གོ་མཁན་མེད། ཁོ་ཡང་ད་ལྟ་གྲོང་གསེབ་དང་འདྲ་བའི་དམར་པོ་དགོན་པ་དང་། ཡིན་ལོག་མིན་ལོག་གི་བསྡུས་གྲྭའི་རིག་གནས་ལ་སེམས་པ་དེ་ཙམ་མི་གནས་པར་གྱུར་པ་མ་ཟད། དེང་སང་ཁོ་རྟག་པར་དམར་པོ་བཤད་གྲྭའི་ཉེ་འགྲམ་གྱི་གཞིས་གྲོང་གསུམ་པ་ཟེར་ས་དེ་རུ་མཐོང་ཐུབ། ཁོ་གཞིས་གྲོང་གསུམ་པ་དང་དགོན་པའི་བར་དུ་ཡར་འགྲོ་མར་འགྲོ་བྱེད་སྐབས་རྒྱ་གར་བ་དང་ཁ་རྩོད་ཐུག་པ་ཡང་ཉུང་ཉུང་མིན། ཁོ་དང་རྒྱ་གར་བར་ཁ་རྩོད་རྒྱག་སྐབས། ཁོས་རྒྱ་གར་དང་དབྱིན་ཇིའི་སྐད་ཐོག་ནས་དག་ལ་མ་དག་པའི་ཚིག་ངན་འགའ་ལབ་ཀྱིན་ལག་པ་གཡས་པའི་མཛུབ་རྩེ་རྣམས་ཐོད་པ་ལ་གཏུག་ཙམ་བྱེད་ཞོར་བོད་སྐད་ཐོག་ནས་སྡུག་རིགས་ངན་ཚད་བརྗོད་པ་ཡིན། ཐེངས་ཤིག་ལ་ཁོ་དང་གྲོགས་པོ་རྡོབ་རྡོབ་གཉིས་གཞིས་གྲོང་གསུམ་པ་ནས་མོག་མོག་སྡེར་མ་གཉིས་རེ་བཟས་ནས་ཕྱིར་དགོན་པར་ལོག གདོང་པའི་ཁ་དོག་ནག་ཅིང་། ཐལ་མདོག་གི་སྟོད་ཐུང་གྱོན་པའི་རྐང་གསུམ་གླ་འཁོར་གྱི་ཁ་ལོ་བ་ཞིག་གིས་“མཱ་མུ་ལི་འདེའོ་”ཟེར། ཁོས་“མཱ་མུ་ལི་ཀིཏ་ན་”ལབ་པས། ཁ་ལོ་བས་མཛུབ་མོ་བཞི་གནམ་ལ་བསླངས་ནས་“ཅཱ་ལི་སི་འདེ་འོ་”ཟེར། ཁོས་མཛུབ་མོ་གསུམ་བསླངས་ནས་“ཏིས་སི་”ལབ། “ཅཱ་ལི་སི་འདེའོ།” “ཏིས་སི་” “ཅཱ་ལི་སི།” “ཏིས་སི།” དེ་ལྟར་ཕར་ལབ་ཚུར་ལབ་འགའ་བྱས་ཀྱང་མཐར་ཅ་ལིས་སི་མི་བྱེད་ཀ་མེད་བྱུང་སྟེ་ཁ་ལོ་བ་ལ་ཚིག་ངན་འགའ་ལབ་ཀྱིན་གླ་འཁོར་ནང་འཛུལ། དགོན་པར་སླེབ་ལ་ཉེ་བ་དང་ཁ་ལོ་བས་རྣམ་འགྱུར་ཅུང་རྩུབ་པའི་ངང་ནས་“པ་ཅཱ་སི་འདེའོ་”ཟེར། ཁོ་གཉིས་ཁོང་ཁྲོ་ལང་ཐག་ཆོད་ནས་“ཅཱ་ལིས་སི་འདེ་ག”ཞེས་ངར་ངར་གྱིས་ག་ཚོད་ལབ་ཀྱང་ཁ་ལོ་བ་ཡང་ཇེ་ངར་དུ་སོང་སྟེ་“པ་ཅཱ་སི་འདེའོ་”ཟེར། ཅཱ་ལི་སི་དང་པ་ཅཱ་སི་གཉིས་ཕར་ལབ་ཚུར་ལབ་འགའ་བྱས་མཐར་ཁ་ལོ་བས་ལམ་སེང་ཁ་པར་བཏང་། ཅུང་མ་འགོར་བར་རྐང་གསུམ་གླ་འཁོར་གཏོང་མཁན་དྲུག་བདུན་ཙམ་གྱིས་མི་རེས་དབྱུག་པ་རེ་བཟུང་ནས་དེར་འདུས། ཁོ་དང་གྲོགས་པོ་གཉིས་ཀྱིས་ཅི་བྱེད་འདི་བྱེད་མེད་པར་པ་ཅཱ་སི་མ་སྤྲད་ཀ་མེད་དུ་གྱུར། དེ་འདྲའི་དཀྱིལ་ནས་ཁོའི་བསྡུས་གྲྭའི་སེམས་ཁམས་ལ་འགྱུར་བ་ཤུགས་ཆེར་ཐེབས་ཏེ། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་སུ་འཚོ་གནས་བྱེད་དགོས་ན་སྐད་ཡིག་ཡག་པོ་ཞིག་མ་ཤེས་ན་འགྲིག་ཐབས་ཁྱོན་ནས་མི་འདུག་སྙམ། ཕྱི་ཉིན་དཔེ་ཚོང་ཁང་ནས་བསྟན་འཛིན་སྒྲོལ་མའི་དབྱིན་སྐད་སྦྱོང་དེབ་དང་། དབྱིན་སྐད་སྦྱོང་དེབ་གོམ་པ་དང་པོ་ཞེས་པའི་དཔེ་དེབ་བོད་དབྱིན་ཤན་སྦྱར་མ་གཉིས་ཉོས་པ་མ་ཟད་ཞོགས་དགོང་གི་རྩ་བ་བསྐྱོར་རྒྱུའི་ཚབ་ཏུ་དབྱིན་ཡིག་གི་ཚིག་འབྲུ་རེ་ཟུང་བློ་འཛིན་བྱེད་འགོ་ཚུགས། དེ་ནས་བཟུང་ཁོ་དབྱིན་ཇིའི་སྐད་ཡིག་སྦྱང་རྒྱུར་མགོ་འཁོར་ཏེ་རྩོད་ར་ལ་འགྲོ་རྒྱུ་ཐེངས་མང་པོ་ཆད་ཡོད་པས་དགེ་སྐོས་རྣམས་ལ་ཡང་ཡིབ་དགོས་པར་གྱུར། ཡིན་ཡང་རྒྱུན་རིང་མ་འགོར་བར་དམར་པོ་བཤད་གྲྭའི་ཁོར་ཡུག་ནས་སྟོན་རླུང་གིས་སྤུར་བའི་ཤིང་ལོ་དང་མཉམ་དུ་ཁོ་ཡང་མཐོང་རྒྱུ་མེད་པར་གྱུར།
གསུམ།
རི་མགོ་རྣམས་ཁ་བས་གཡོགས་ཤིང་བསམ་གཞིག་མ་བྱས་ཚེ་བོད་ལ་སླེབས་པ་མིན་ནམ་སྙམ་པའི་ཚོར་སྣང་སྟེར་འོང་ལ། མཐའ་འཁོར་ཡོད་ཚད་ཤིང་ནགས་ཀྱིས་བཏུམས་ཡོད་པས་དབྱར་དགུན་མེད་པར་སྨུག་ཁྲིག་གེར་གནས། རྒྱང་ནས་བལྟས་ན་དྷ་སའི་རྒྱབ་རི་འདི་ཉིད་བླ་རྒན་དབུ་དཀར་ཞིག་སྒོམ་ལ་བཞུགས་པ་དང་ཧ་ཅང་འདྲ། ད་ལྟ་ཁོ་ཡང་དྷ་སའི་རི་ངོགས་སུ་དབྱིན་དེབ་འགའ་ཁུར་ནས་ཡར་མར་རྒྱུག་བཞིན་ཡོད། ཁོའི་བློ་ངོར་དབྱིན་ཇིའི་སྐད་ཡིག་གི་ཚིག་སྒྲུབ་བཟོ་རྒྱུར་བྲེལ་ཡོད་པ་ལས། སྔར་གྱི་ཁོའི་དོགས་གནས་སུ་གྱུར་པའི་བསྡུས་གྲྭའི་རྟགས་གསལ་དང་། དབུ་མའི་བསྟན་དོན། ཁོ་རང་གི་གོ་བ། རི་བསམ་གྱི་བསླབ་བྱ་སྟེ། འགལ་འདུ་ཅན་གྱི་དོགས་གནས་དེ་རྣམས་ད་ནི་མཁའ་དབྱིངས་སུ་སྨུག་པ་དྭངས་པ་བཞིན་རྗེས་མེད་དུ་ཡལ་ཟིན།
དམར་པོ་བཤད་གྲྭ་ནས་སྐུ་འགྱེད་ཏོག་ཙམ་རག་ཡོད་པས་ཁོས་དྷ་སར་ཁང་པ་ཆུང་ཆུང་ཞིག་གླས་ཏེ་དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་ཞིག་ཏུ་ཞུགས། ཡ་མཚན་པ་ཞིག་ལ་ཁོས་དབྱིན་སྐད་ག་ཚོད་སྦྱངས་ཀྱང་ཁོས་བཤད་པའི་དབྱིན་སྐད་རྣམས་ཀྱིས་སུ་ལའང་གོ་བརྡ་འཕྲོད་ཀྱི་མེད་ཁར། འཛིན་གྲྭའི་ནང་དུ་ཁོས་དབྱིན་སྐད་རེ་བརྒྱབས་ན་ཚང་མ་གད་མོ་ཤོར་ཏེ་རིལ་འགྲོ་བ་ཡིན། ལོ་ངོ་གཅིག་ལྷག་གི་རིང་ལ་དབྱིན་ཇིའི་སྐད་ཡིག་སྦྱངས་པས་ད་ལྟ་ཁོས་ཟ་ཁང་དང་། ཚོང་ཁང་དུ་ནམ་འགྲོ་ལ་བོད་པ་དང་རྒྱ་གར་བ་སུ་ལའང་དབྱིན་སྐད་ཐོག་ནས་ཁ་བརྡ་བྱེད་པ་ལས། བོད་སྐད་གཏན་ནས་རྒྱག་རོགས་མི་བྱེད། ཁོའི་དབྱིན་སྐད་ཀྱི་སྒྲ་གདངས་དེ་དམིགས་བསལ་བ་ཞིག་ཡིན་པས་མཐར་གོ་བརྡ་མ་འཕྲོད་པར་ཟས་ཐོ་དང་། ཅ་དངོས་ལ་མཛུབ་བཙུགས་མི་བྱེད་ཀ་མེད་དུ་འགྱུར་འགྲོ། ཡིན་ཡང་ཁོས་ཞབས་ཞུ་མ་འདི་ཚོས་དབྱིན་སྐད་མི་ཤེས་པ་ངོ་མ་རེད་ཟེར་ནས་གཤེ་གཤེ་གཏོང་རྐྱང་བྱེད།
ཁོ་དྷ་སར་སླེབས་ཚར་བ་དང་དབྱིན་ཇིའི་སྐད་ཡིག་གཅིག་པུས་འདོད་བློ་མ་ཁེངས་པར་ཆབ་སྲིད་ཀྱི་སྐོར་ལ་ཡང་དོ་སྣང་བྱུང་སྟེ་འཕྲིན་ཕྲན་གྱི་ཚོགས་པ་མང་པོའི་ནང་དུ་འཛུལ་ཞུགས་བྱས་ནས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ཉན་བཤད་བྱེད་ཅིང་། ངོ་དེབ་ཀྱི་ཐོག་ནས་ཀྱང་ཁོས་ཆབ་སྲིད་དང་འབྲེལ་བའི་པར་རིས་དང་ཡི་གེ་མང་པོ་སྤེལ་གྱི་ཡོད་པས་རིམ་བཞིན་ཁོ་དབྱིན་ཇིའི་སྐད་ཡིག་སྦྱང་རྒྱུ་ལས་ཆབ་སྲིད་ཀྱི་ཕྱོགས་སུ་དོ་སྣང་ཇེ་ཆེར་ཕྱིན། ཁོས་མི་རིགས་ཤིག་གི་གནས་བབ་ཡོད་ཚད་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་དགོས་པ་དང་། མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་ཆབ་སྲིད་སྲ་བརྟན་ཞིག་ཡོད་དགོས་པ་ཡིན་སྙམ། ད་ནི་ཁོ་ཆབ་སྲིད་ཀྱིས་བཟི་ཚར་བས་དབྱིན་ཇིའི་སྐད་ཡིག་གི་ནང་སྦྱོང་བྲི་རྒྱུ་ནི་ཞོར་ལས་ཙམ་ཞིག་ལས་དེ་ཙམ་གལ་ཆེན་དུ་མི་རྩི།
གྲང་རླུང་སིར་སིར་དུ་ལྡང་སྟེ་ལམ་ཟུར་གྱི་ཤིང་ལོ་རྣམས་ཀྱིས་ཀྱང་བྲོ་གར་འཁྲབ་འགོ་བརྩམས་ཡོང་བའི་སྟོན་མཇུག་དེར་ཁོས་དབྱིན་ཇིའི་སྐད་ཡིག་འཛིན་གྲྭའི་ཡིག་རྒྱུགས་ཨང་ཐོབ་ཤོག་ལྷེ་ལ་ཡང་ལྟ་བྱེད་བཞིན་ཡིད་མི་ཆེས་པའི་ཟོལ་གྱིས་མགྲོན་ཁང་དུ་འཛུལ། མུན་པའི་སྨག་ཁ་བཙན་པའི་མཚན་མོ་འདིར་ཁོ་རང་གཅིག་པུ་མལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་ཏེ་འདས་དོན་རྣམས་ལ་བསྐྱར་ཞིབ་ཐེངས་གཅིག་བྱས་པས་མཚན་གང་གཉིད་མ་ཁུགས།
ད་ནི་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་ནས་ཀྱང་ཕྱིར་ཐོན་ཟིན་པས་ཁོས་ཆབ་སྲིད་ཀྱི་སྐོར་ལ་སྐད་ཆ་ཐར་ཐོར་རེ་བཤད་ཅིང་། དངོས་ཡོད་ཡིན་མིན་གྱི་གསར་འགྱུར་དང་། ཡག་སྡུག་གི་གནས་ཚུལ་རག་ཚད་དྲ་ཐོག་ཏུ་བཞག་པར་མ་ཟད་དྲ་ཚོམས་ཡོད་ཚད་ནང་བསྐུར་གྱི་ཡོད། ཤུག་ལུང་དགོན་པ་དང་། མདོ་སྔགས་བཤད་གྲྭ། དམར་པོ་དགོན་པ་སོགས་ཀྱི་སྐྱོན་མཚང་སྔོག་འདོན་དང་། འཛིན་སྐྱོང་འགྲིག་མིན་སོགས་ལ་བསྒྲགས་གཏམ་མང་པོ་ཞིག་སྤེལ་གྱི་ཡོད་ལ། ད་དུང་ནང་ཆོས་ཟེར་བ་འདི་ནི་དངོས་ཡོད་ཀྱི་འཚོ་བ་དང་བར་ཐག་ཧ་ཅང་རིང་ཞིང་། དོན་དངོས་སུ་ནང་ཆོས་ཀྱིས་ཚན་རིག་པའི་རྐང་རྗེས་ལག་རྗེས་སུ་ཟིན་གྱི་མེད་པ་དང་། ནང་ཆོས་ཇི་ཙམ་ཤེས་ཀྱང་ཐ་ན་རྐང་འཁོར་ཞིག་ཀྱང་བཟོ་མི་ཤེས་ཚུལ་སོགས་བཤད། ནང་ཆོས་ནི་རྗེས་ལུས་ཀྱི་འབྱུང་རྩ་དང་། མདུན་སྐྱོད་ཀྱི་བཀག་རྡོ་ཆེན་པོ་ཞིག་ཡིན་ལ། སྐྱབས་འགྲོ་ནི་བྲན་གཡོག་ལམ་ལུགས་ཀྱི་འདུ་ཤེས་ཤིག་ཡིན་པ་དང་། སེམས་བསྐྱེད་དང་ངེས་འབྱུང་ཟེར་བ་སོགས་ནི་ཡོང་རྒྱུ་མེད་པའི་སྟོང་བཤད་འབའ་ཞིག་རེད་ཟེར།
དེང་སང་ཁོའི་དྲ་རྒྱབ་ཏུ་ཚན་རིག་མཁས་པ་དང་། བསམ་བློ་བ་ཅིག་ཅིག་གི་གསུང་ཟེར་ནས་དབྱིན་ཡིག་ཚིག་དུམ་མང་པོ་ཞིག་སྤེལ་ཞིང་། སའི་གོ་ལའི་འགྲོ་ལུགས་དང་། གཡུ་འབྲུག་གྲག་སྟངས། ཐོག་འབབ་ཚུལ་དང་། གློག་འཁྱུག་པའི་རྒྱུ་མཚན་སོགས་བཀོད་པ་ཡིན། ཁོས་དུས་རབས་ཉེར་གཅིག་པའི་ནང་དུ་ཡོད་ན་དེས་ཆོག་ཅིང་མེད་ན་གཞན་གང་གིས་ཀྱང་ཚབ་བྱེད་དུ་མེད་པ་ནི་ཚན་རིག་ཡིན་པ་དང་། དངོས་པོའི་དཔལ་ཡོན་མེད་ན་སེམས་ཀྱི་བདེ་སྐྱིད་ཟེར་བ་དེ་གད་མོ་སློང་བྱེད་ཀྱི་སྐད་ཆ་རེད་ཅེས་པ་སོགས་བཤད་དེ་ད་ནི་ཁོའི་གོམ་ཁ་ཚན་རིག་གི་ཕྱོགས་སུ་བསྒྱུར་ཟིན་པས་ཚན་རིག་པས་ཐིག་བཏབ་པའི་ར་བ་ལས་བརྒལ་ན་གང་ཡང་ངོས་ལེན་མི་བྱེད།
ཁ་བ་ཐར་ཐོར་རེ་འབབ་ཅིང་གནམ་ངོ་ལ་བལྟས་ན་ངུས་མི་ཡོང་ངམ་སྙམ་པའི་ཉིན་ཞིག་གི་ཞོགས་པ་ཆུ་ཚོད་བཅུ་གཅིག་ཙམ་ཞིག་ལ་ཁོའི་ལག་ཐོགས་ཁ་པར་ནས།
“ཏི་རི་རི་……..ཏི་རི་རི་………ཏི་རི་རི་……..” ཞེས་པའི་སྒྲ་ཞིག་གྲགས།
“ཝེ།” མགོ་བོ་སྔས་འབོལ་ལས་བཀྱགས་ཏེ་གཉིད་སད་ལ་མ་སད་པའི་ངང་མིག་ཕྱེ་མ་བཙུམ་གྱིས་ཁ་པར་བླངས།
“ཁྱོད་སུ་ཡིན་ནམ།”
“ཀེ་ངའི་སྐད་ངོ་ཡང་ཤེས་ཀྱི་མི་འདུག་གམ།”
“ཨོ་ཧོ་ཧོ་…… གྲོགས་པོ་རྡོབ་རྡོབ་རེད་འདུག་ག ཁྱོད་བདེ་མོ་ཡིན་ནམ།”
“ང་བདེ་མོ་ཡིན།”
“ཁྱེད་རང་བདེ་མོ།”
“ཡ་ཡ་ང་བདེ་མོ་ཡིན།”
“ཡ་ཡ་དེ་ནས་ཁྱོད་ད་ལྟ་ག་བ་ལ་ཡོད།”
“བྷེང་ལོར་ལ་ཡོད།”
“ཀེ་བྷེང་ལོར་ལ་ག་རེ་བྱེད་ཀྱི་ཡོད།”
“ཟ་ཁང་ལ་ཡོད་ཟ་ཁང་ལ།”
“ཨ་….. ཟ་ཁང་དུ་ཅི་བྱེད་ཀྱི་ཡོད།”
“ལས་ཀ་བྱེད་ཀྱི་ཡོད།”
“ཡ་ཡ་ད་ཧ་གོ་སོང་ཟ་ཁང་ཡག་པོ་འདུག་གམ།”
“ཡག་པོ་འདུག ཁྱེད་རང་འདི་ལ་ཡོང་ན་འགྲིག་གི་རེད་ད།”
“ང་ཨེ་…… ང་…………”