གཞུང་ལུགས་ཀྱི་གོ་བ་ལས་དགོན་སྡེའི་སློབ་གསོ་གལ་ཆེ་བ།

སློབ་དཔོན་རྡོ་རྗེ་བཀྲ་ཤིས།


དེ་ཡང་ལོ་ངོ་ཉིས་སྟོང་ཡར་སྔོན་ནས་སྟོན་པ་ཐུབ་པའི་དབང་པོས་འགྲོ་བ་མི་ཡི་རིགས་ཀྱི་མཐར་ཐུག་གི་བདེ་སྐྱིད་ནི། ལུས་ངག་གི་འབད་རྩོལ་དང་ཕྱི་དངོས་པོའི་སྟེང་ནས་དོན་དམ་པའི་བདེ་བ་སྐྲུན་མི་ཐུབ་པར། ནང་སེམས་ཀྱི་ཐོག་ནས་བདེ་བ་འཚོལ་དགོས་པའི་ཚུལ་གྱི་ཆོས་ལུགས་ཤིག་སྲོལ་བཏོད་པ་ནས་བཟུང་། དེ་ཡི་རྗེས་སུ་ཞུགས་མཁན་མི་རིགས་དབྱེར་མེད། ཕོ་མོ་ཁྱད་མེད། རིགས་རྒྱུད་མི་གཅིག་པའི་སྐྱེ་བོ་གྲངས་ལས་འདས་པ་བྱུང་ཡོད། དེ་ཚོའི་ནང་ནས་དགེ་འདུན་པ་ནི་ལྷག་པར་དུ་སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་གཞུང་ལུགས་རྣམས་འཆད་པ་དང་། སྤེལ་བ། སྒོམ་པ་སོགས་ཀྱི་ཐོག་ནས་འགྲོ་བ་མི་ཡི་རིགས་ལ་བདེ་སྐྱིད་སྐྲུན་མཁན་ཡིན་ཁུལ་བྱས་ནས་ས་ཕྱོགས་གང་སར་འཇིག་རྟེན་ཕལ་པ་དང་འཚོ་བའི་གནས་སྟངས་མི་འདྲ་བ། གོོས་ཀྱི་ཆ་ལུགས་མི་འདྲ་བ། བསམ་བློ་འཁྱེར་སྟངས་མི་འདྲ་བ། མི་ཚེའི་ཕུགས་འདུན་མི་གཅིག་པའི་ཐོག་ནས་དགོན་པ་ཞེས་པའི་ཚོགས་པ་ལོགས་སུ་འཛུགས་པའི་སྲོལ་བྱུང་། དཔེར་ན་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་འཕགས་ཡུལ་ནཱ་ལནྡཱའི་དགོན་སྡེ་ལྟ་བུ་ལ་མཚོན་ན་དགོན་པ་སྤྱི་ཡི་བྱས་རྗེས་ལྟ་ཅི། ཁོ་པ་ཚོས་མི་རེ་རེའི་ཤེས་རབ་ཀྱི་རྩལ་ལས་བསྐྲུན་པའི་གཞུང་ལུགས་དག་ལ་བསམས་ན། དེང་སང་ཧི་མཱ་ལ་ཡ་གཙོ་བོར་གྱུར་པའི་ནང་པའི་དགོན་སྡེ་རྣམས་ཀྱིས་སྟོན་པའི་གཞུང་ལུགས་ལ་ལྟ་བྱེད་ཀྱི་མིག་ལྟ་བུ་ཆགས་ཡོད། དེ་དང་ཕྱོགས་མཚུངས་བོད་ལ་མཚོན་ན་ཡང་བསྟན་འཛིན་སྐྱེས་ཆེན་གོང་མ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ལོ་རྒྱུས་ཀྱི་འགག་ལམ་དོག་པོ་རིམ་བཞིན་བགྲོད་ནས་ད་ལྟའི་བར་བསྟན་པ་གནས་ཐུབ་ཙམ་བྱུང་ཡོད།
སྔར་དུས་འགྱུར་གྱི་ཁྲོད་བོད་ཀྱི་བླ་ཆེན་མང་པོ་བཙན་བྱོལ་དུ་ཕེབས་ནས་རང་རང་སོ་སོའི་ཆོས་ལུགས་འཛིན་སྐྱོང་གི་ཆེད་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ནས་ད་ལྟའི་ཆར་སློབ་དཔོན་དང་། མཁན་པོ། བླ་མ། དགེ་བཤེས་སོགས་མང་པོ་བྱུང་བ་མ་ཟད། དེ་ཚོའི་ཤེས་རབ་ཀྱི་རྩལ་ལས་བྱུང་བའི་ཕར་ཕྱིན། དབུ་མ། མངོན་པ། རིག་གནས་སོགས་གཞུང་ལུགས་མང་ཐག་ཆོད་ཡོད། ད་དུང་ཕྱོགས་ངེས་མེད་ལ་སོ་སོའི་ཆོས་བརྒྱུད་ཀྱི་དགོན་སྡེའི་སློབ་གཉེར་བ་མཉམ་དུ་འཚོགས་ནས་འཆད་པ་དང་། རྩོད་པ། བགྲོ་གླེང་སོགས་གནང་གི་འདུག་པས། དེ་ལ་རྗེས་སུ་ཡི་རང་དང་དགའ་སྤྲོ་དཔག་མེད་རྒྱས་པ་མི་ཚད། ཞར་དུ་ཁོ་བོས་ཡུན་ནས་སྙིང་ལ་བརྣགས་པའི་རེ་བ་ཕྱོགས་གཅིག་ཀྱང་འགྲུབ་སོང་དྲན་གྱི་འདུག ཡིན་ན་ཡང་གཞུང་ལུགས་ལ་འཆད་རྩོད་ཀྱི་བྱ་བ་ཇི་ཙམ་ཡར་རྒྱས་ཕྱིན་རུང་གྲྭ་པའི་ལྟ་གྲུབ་དང་དགོན་སྡེའི་སློབ་གསོ་ཡི་རྐང་ལེགས་པར་མ་ཚུགས་ནས་བཟུང་། ཆར་ཆུ་མེད་པའི་སྟོན་ཁའི་ལོ་ཏོག་བཞིན་འབུར་དུ་ཐོན་པའི་འབྲས་བུ་མེད་པ་མ་ཟད། སྤྱི་ཚོགས་སྟེང་བླ་མ་གྲྭ་པའི་སྤྱོད་ལམ་དང་མི་མཐུན་པའི་ཚུལ་མིན་གྱི་བྱ་སྤྱོད་འདྲ་མིན་འཁྲབས་དང་འཁྲབ་བཞིན་པ་དང་། ལྷག་པར་དུ་གཞུང་ལུགས་ཁག་ལ་གོ་བ་གཏིང་ཟབ་ཡོད་པའི་སྤྲུལ་སྐུ་དང་མཁན་པོ། སློབ་དཔོན་རྣམས་ཀྱིས་རང་རང་གི་གནས་བབས་དང་ཡོངས་སུ་འགལ་བའི་ཚོང་ལས་གཉེར་བ་དང་། བུད་མེད་དང་མཉམ་དུ་བརྩེ་དུང་འཁྲབ་པ། ཐོབ་དང་གོ་ས་ཕྲན་བུའི་ཆེད་དུ་ལས་རྒྱུ་འབྲས་ཁྱུར་མིད་བཏང་ནས་ཅི་ཡང་བྱེད་ཐུབ་པ་དང་། དཔལ་འབྱོར་འགྲན་རྩོད་བྱེད་པ། རྫས་ངན་རིགས་ཟ་བ། རྐུན་མ་རྐུ་བ། ཆང་རག་འཐུང་བ་སོགས་འཇིག་རྟེན་ཕལ་པ་ལས་སྡུག་པའི་སྤྱོད་ངན་རིགས་བྱེད་མཁན་མང་དུ་ཕྱིན་པ་དང་། ད་དུང་གོ་ཐོས་ལྟར་ན་རྒྱལ་ས་དིལླཱི་དང་བལ་ཡུལ་རྣམས་སུ་ཤོ་ཁང་དང་སྦག་ཁང་ནང་དུ་བླ་མ་གྲྭ་པས་རྩེད་མོ་རྩེ་བའི་ལོ་རྒྱུས་མང་པོ་ཐོས་རྒྱུ་ཡོད། འདི་དག་ཐམས་ཅད་ནི་གཙོ་བོ་དགོན་སྡེའི་སློབ་གསོ་མ་འདང་བའི་ཉེར་ལེན་རེད།
གཞུང་ལུགས་ཀྱི་གོ་བ་དང་འཚོ་བའི་ལག་ལེན་གཉིས་ལམ་ཁ་སོ་སོར་ཕྱིན་ནས་མཇུག་འབྲས་འདི་ལྟར་ཡོང་གི་ཡོད། རང་རེ་རྣམས་ཀྱི་འདྲེན་མཆོག་དམ་པ་༸སྐྱབས་རྗེ་གྲུབ་དབང་བླ་མ་མཆོག་གིས་དགོན་པའི་སློབ་གསོ་ལ་ཐུགས་ཁུར་ཆེན་པོ་གནང་ཡོད་དེ། མཁན་སློབ་རྣམ་པས་སློབ་ཕྲུག་ཚོ་ལ་ངེས་པར་དུ་ཟླ་རེར་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་དགོས་ཚུལ་ལན་གཅིག་ཙམ་མིན་པར་ཡང་ཡང་གསུངས་ཡོད། རྒྱུ་མཚན་དེའི་ཕྱིར་དགོན་པའི་དབུ་འཛིན་རྣམ་པས་གཞུང་ལུགས་སྦྱང་རྒྱུ་དང་། ཁོར་ཡུག་འཛུགས་སྐྲུན། དཔལ་འབྱོར་བསྡུ་རུབ་ཁོ་ན་ལ་མགོ་འཁོར་སྡོད་པ་མ་ཡིན་པར་དགོན་སྡེའི་སློབ་གསོ་དང་། གྲྭ་པའི་སྤུས་ཚད་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དང་། དུས་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་གྲྭ་པའི་སྤྱོད་ལམ་སྐོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ལྷག་པར་དུ་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་བདུན་ཕྲག་རེ་ལ་ངེས་པར་དུ་ཕྱག་ཚོད་ཕྱེད་ཀའི་རིང་སློབ་གསོའི་ཐོག་དུས་ཚོད་བཏང་ནས། བླ་མ་གྲྭ་པས་བསམ་བློ་ཇི་ལྟར་གཏོང་དགོས་པ་དང་། ལུས་ལ་རས་ཡུག་དམར་པོ་རེ་གྱོན་དགོས་པའི་རྒྱུ་མཚན། ང་ཚོས་ལས་ཀ་ཅི་ཞིག་བྱས་ན་འགྲིག་པ་དང་གང་ཞིག་བྱས་ན་མི་འགྲིག་ཚུལ། དགོན་པར་བཞུགས་རྗེས་དོན་དུ་གཉེར་བྱའི་ལས་དོན་གཙོ་བོ་ག་རེ་ཡིན་མིན། དགོན་པའི་འཚོ་བའི་མཐུན་རྐྱེན་གང་འདྲ་བསྒྲུབས་ན་ལུགས་དང་མཐུན། ཆོས་ལུགས་འདི་ཡུན་རིང་དུ་གནས་ན་ཕན་ཐོགས་དང་གནས་དགོས་པའི་རྒྱུ་མཚན་བཅས་ཀྱི་སློབ་གསོ་གནང་ཐུབ་ན། དེང་སང་གི་དུས་ལ་གཞུང་ལུགས་ཀྱི་གོ་བ་ལས་ཀྱང་དེ་དགེ་མཚན་ཆེ་བ་མཐོང་གི་འདུག ད་དུང་གལ་ཆེན་ལས་ཀྱང་དོན་ཆེན་ནི་དགོན་སྡེའི་གཞི་རིམ་སློབ་གསོ་སྟེ། གཞི་རིམ་སློབ་གྲྭ་ནི་མིའི་སྤུས་ཚད་སྐྲུན་བྱེད་ཀྱི་བཟོ་གྲྭ་ལྟ་བུ་ཡིན་པས་དགེ་སློབ་རྣམ་པས་སློབ་ཕྲུག་ཚོ་གཙོ་བོ་མི་གཞི་ཡག་པོ་ཆགས་རྒྱུ་ངེས་པར་དུ་འབད་པ་བྱེད་དགོས། མི་བཟང་པོ་ནི་སློབ་གསོའི་ངང་ནས་འཚར་ལོངས་འབྱུང་བ་མ་གཏོགས། དང་པོ་ནས་བྱ་སྤྱོད་བཟང་པོ་ཡོད་མཁན་སུ་གང་མེད། རྒྱུ་མཚན་དེས་ན་དགོན་པའི་གཞུང་འཛིན་པ་དང་དགེ་སློབ་རྣམ་པས་དུས་ཚོད་འདི་འདྲའི་ཉག་ཕྲ་བའི་སྐབས་དམིགས་བསལ་གྲྭ་པའི་ལྟ་གྲུབ་དང་དགོན་སྡེའི་སློབ་གསོའི་ཐད་ངེས་པར་དུ་ཐུགས་ཁུར་རྒྱ་ཆེར་བཞེས་དགོས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།