རྩོམ་སྒྲིག་པ།
ཁ་ལོ་སྒྱུར་བའི་དམག་དཔོན་མེད་ན་ཡང་།།
དམག་མི་བཞིན་དུ་རུ་སྟར་མིག་ལ་མཛེས།།
རྣམ་ཤེས་མེད་པའི་བེམ་གཟུགས་ཡིན་ན་ཡང་།།
སྐྱེ་རྒུའི་བློ་ཁ་དཀར་ཕྱོགས་བསྒྱུར་ནུས་གང་།།
ས་རུ་གནས་ཀྱང་དགུང་གི་སྤྱན་ནས་འགྲིལ།།
མེ་ཏོག་ལགས་ཀྱང་ཡིད་འོང་རྣམ་དབྱེ་མེད།།
རིན་ཐང་རྫོགས་པའི་ནོར་བུ་མ་ཡིན་ཀྱང་།།
མུ་ཏིག་འོད་ཞགས་འཁྱུད་པའི་དངོས་དེ་གང་།།
མཛངས་མའི་ཡོན་ཏན་ཆ་ཙམ་མི་ལྡན་ཅིང་།།
ཕོ་རྒོད་སྙིང་སྟོབས་དྲི་ཙམ་མི་བྲོ་ཡང་།།
ཉིན་མཚན་ཁོར་མོར་ཀུན་ཡིད་རབ་འཕྲོག་པའི།།
དེང་གི་རྐུན་པོ་ཡ་མ་གཟུགས་དེ་གང་།།
ལག་པ་མེད་ཀྱང་གནམ་ལ་སྦར་མོ་བཀབ།།
སྡང་ཞེན་མེད་ཀྱང་སྒྲོན་མའི་དགྲ་རུ་ལངས།།
ཕན་གནོད་བསམ་པ་གཟོད་ནས་མ་གྲུབ་ཀྱང་།།
སྐྱེས་བུའི་མཐོང་ལམ་སྒྲིབ་པའི་གོས་དེ་གང་།།
དག་བྱེད་མེད་པའི་རྒྱ་མཚོའི་ནང་ཀློང་ན།།
ཚར་དུ་དངར་བའི་མུ་ཏིག་ཕྲེང་མཛེས་ཤིག།
དུང་མདོག་ལྟར་དུ་རང་བཞིན་དཀར་ན་ཡང་།།
རྟག་ཏུ་འདག་རྫས་བྱུགས་ཏེ་བཀྲུ་དགོས་གང་།།
གསུང་རབ་བཞིན་དུ་མོས་པས་གཙུག་ཏུ་དཔྱངས།།
བང་མཛོད་འདྲ་བར་རྟག་ཏུ་བྱ་ར་བྱེད།།
དོན་དུ་སྤུས་ལེགས་རྒྱུ་ཆ་མི་ལྡན་པའི།།
ལྷན་པའི་རི་བོ་བརྩེགས་པའི་གོས་དེ་གང་།།
གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་གྱི་མཚན་ ༢༠༡༨ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་སྔ་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་ ༢༠༡༨ བོད་ཟླ་ ༠༤ ཚེས་ ༡༥ ལས་མ་འགྱངས་པར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོད་པར་ཞུ།