འཆི་མེད་རྡོ་རྗེ། ལོ་རིམ་དགུ་པ།
ལས་ཀྱིས་སྤྲུལ་བའི་འཁོར་བ་སྒྱུ་མའི་གྲོང་ཁྱེར་ལ།།
ཞེན་ཆགས་ཡིད་ཀྱི་འཁྲི་ཤིང་ལྟད་མོར་འཁྱུད་ཉིད་ལས།།
བདེན་འཛིན་སྤྲིན་གྱི་ཕང་པ་ལས་འོངས་གྲུ་ཆར་རྒྱུན།།
ཆད་མེད་འཇོ་བས་སྲིད་པར་འགལ་མེ་བཞིན་དུ་འཁོར།།
འདི་སྣང་སྲིད་པའི་ཕུན་ཚོགས་མདང་གི་རྨི་ལམ་ལྟར།།
རིམ་བཞིན་དྲན་འཛིན་མེ་ལོང་ངོས་ལས་རྒྱང་བཀྱེད་དེ།།
ངེས་འབྱུང་སྤུ་སུད་ཅིག་གིས་ཤར་རིའི་ཕྲག་པ་ནས།།
དམ་ཆོས་པད་མ་དཀར་པོ་བཅོས་མིན་འཛུམ་གྱིས་བསུས།།
མདོ་སྔགས་ཤེས་བྱའི་ཐང་ཆེན་འཆི་མེད་ལམ་ཡངས་པོར།།
བརྩོན་འགྲུས་རྟ་ཕོར་ལྕག་གིས་བསྐུལ་ཏེ་བགྲོད་པ་ལས།།
བདག་འདྲ་ལེ་ལོས་ཤེས་རིག་ནོར་བུའི་བང་མཛོད་ནས།།
ཤེས་བྱའི་ནོར་བུ་ལེན་པ་ཀུན་ཀྱིས་ཁྲེལ་བའི་གནས།།
དུས་གསར་ཚན་རྩལ་སྒེག་མོ་བག་མར་མ་བསུས་ཤིང་།།
གནའ་དེང་འཇིག་རྟེན་ཁྱིམ་འཛིན་པང་དུ་མ་བླངས་པས།།
མཚར་སྡུག་ལང་ཚོའི་མེ་ཏོག་གླེགས་བམ་ཁྲོད་རུལ་བ།།
དཔྲལ་མཚམས་གཉེར་མའི་རླབས་ཕྲེང་དབང་མེད་གཡོ་ལས་ཚོར།།
ལོ་མང་གཞུང་ལུགས་རྒྱ་མཚོར་ཐོས་པས་བསགས་པའི་ནོར།།
ཕྱིན་ཆད་ལག་ལེན་གསེར་ཐིགས་དཔེ་ལྟར་དབུལ་གྱུར་ན།།
སྔོན་ཆད་དཀོར་རྫས་ཕུང་པོར་སྤྱད་པའི་རྣམ་སྨིན་འབྲས།།
མི་སྡུག་འབྱིན་དུ་དོགས་པའི་རྣམ་འགྱུར་ཇི་ལྟར་བཟློག།