ཐེག་ཆེན་མཐོང་ལམ་གྱི་སྤང་བྱ་སྤོང་ཚུལ་ལ་ཅུང་ཟད་དཔྱད་པ།

པདྨ་དབང་ཕྱུག འཛིན་རིམ་བརྒྱད་པ།

འཇོ་སྒེག་མཛེས་པའི་བདུད་ཀྱི་བུ་མོས་གཅེར་བུར་ངོམས་ཀྱང་མ་གཡོས་ཤིང་།།

མེ་ཏོག་མདའ་ཅན་བདུད་ཀྱི་དཔུང་ལའང་ཁྲོ་བོའི་ལན་གྱིས་འཇལ་བར་སྤངས།།

རྩེ་གཅིག་ཏིང་འཛིན་མཉམ་པར་བཞག་པས་ཆོས་ཀྱི་བདུད་རྩི་མཆོག་བརྙེས་པ།།

མ་འདྲིས་འགྲོ་བའི་རྩ་ལག་གྱུར་པ་ཟས་གཙང་སྲས་པོ་གཏན་གྱི་སྐྱབས།།

ཕྱོགས་བཅུའི་རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི།།

ཡེ་ཤེས་ཕུང་པོ་གཅིག་འདུས་ངག་གི་ལྷ།།

འཇམ་དཔལ་སྨྲ་བའི་སེང་གེ་གང་དེ་དང་།།

དབྱེར་མེད་དྲིན་ཆེན་བླ་མས་བདག་ཡིད་སྐྱོངས།།

ཞེས་རྒྱལ་བའི་སྲས་ཀྱི་ཐུ་བོ་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་དྲིན་ཆེན་བླ་མར་ཤིས་བརྗོད་ཀྱི་མེ་ཏོག་སྔོན་དུ་གཏོར་ནས་གང་ཞིག་གླེང་བར་བྱ་བའི་ཐེག་ཆེན་མཐོང་ལམ་གྱི་སྤང་བྱ་སྤོང་ཚུལ་ལ་ཅུང་ཟད་དཔྱད་ན། དེ་ཡང་བདག་མེད་རྣམ་གཉིས་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ཚུལ་གྱི་གནད་ལ་ཐེག་ཆེན་གྱི་ཤིང་རྟ་ཆེན་པོ་རྣམས་དགོངས་པ་འགལ་མེད་དུ་འཇུག་པ་ཁོ་ན་ཡིན་ཀྱང་། ལམ་རང་རང་གི་ངོ་སྐལ་གྱི་སྤང་བྱ་སྤོང་ཚུལ་ལ་མི་འདྲ་བ་མཁས་པ་སོ་སོའི་བཤད་སྲོལ་ཐ་དད་ཡོད་པ་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དང་། དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུའང་འཆད་མཁན་དུ་མ་བྱུང་བར་གོར་མ་ཆག་མོད། འདིར་ཁོ་བོས་ནི་རང་གཞུང་གཙོ་བོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་། མི་ཕམ་བླ་མས་ཇི་ལྟར་གསུངས་པའི་ལེགས་བཤད་ལ་གཏུགས་ཏེ་དོན་བསྡུས་ཚིག་རིས་སུ་བཀོད་པས་རང་འདྲའི་བློ་དམན་གསར་བུ་བ་རྣམས་ལ་ཅུང་ཟད་རེ་ཕན་ན་སྙམ་པའི་བསམ་པ་ནི་ཐོག་མའི་ཀུན་སློང་ངོ་།།

སྤང་བྱ་སྤོང་བའི་སྐབས་ནས་བཤད་པའི་ལམ་གྱི་རྣམ་གཞག

སྤྱིར་ལམ་ལ་སྦྱོར་བའི་ལམ། བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་གྱི་ལམ་སྟེ་བཞིའོ། །དང་པོ་སྦྱོར་བའི་ལམ་ནི་ལམ་གོང་མའི་སྤང་བྱ་མགོ་གནོན་ཚུལ་གྱིས་སྤོང་བའི་གཉེན་པོའོ། །དེ་ལ་ལམ་རང་གི་སྦྱོར་བའི་ལམ་ཡིན་ན་ལམ་དེས་མ་བསྡུས་པས་ཁྱབ་སྟེ་མཐོང་ལམ་གྱི་སྦྱོར་བའི་ལམ་ངེས་འབྱེད་ཆ་མཐུན་ལྟ་བུའོ། །བར་ཆད་མེད་ལམ་ནི་ལམ་རང་གི་ངོ་སྐལ་གྱི་སྤང་བྱ་སྤོང་བའི་གཉེན་པོ་སྟེ་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་ལྟ་བུའོ། །རྣམ་གྲོལ་ལམ་ནི་བར་ཆད་མེད་ལམ་གྱིས་སྤངས་པའི་བྲལ་ཐོབ་འཛིན་པ་སྟེ་སྡུག་བསྔལ་ཆོས་ཤེས་ལྟ་བུའོ། །ཁྱད་པར་གྱི་ལམ་ནི་ས་གོང་མར་འཕོ་བའི་ལམ་སྟེ་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་རྗེས་སུ་ཐོབ་པའི་མཉམ་གཞག་ལྟ་བུའོ། །སྤྱིར་ཆོས་བཟོད་དང་ཆོས་ཤེས་མ་གཏོགས་པའི་གཞན་ཐམས་ཅད་ཁྱད་པར་གྱི་ལམ་ཡིན་པར་ཀུན་མཁྱེན་ཆེན་པོས་གསུངས་སོ།།

སྤང་བྱ་སྤོང་བའི་སྐབས་ནས་བཤད་པའི་གཉེན་པོའི་རྣམ་གཞག

སྤྱིར་གཉེན་པོ་ལ་བཞི་སྟེ། སུན་འབྱིན་པའི་གཉེན་པོ། སྤོང་བའི་གཉེན་པོ། རྟེན་གྱི་གཉེན་པོ། ཐག་སྲིང་བའི་གཉེན་པོའོ། །དང་པོ་སུན་འབྱིན་པའི་གཉེན་པོ་ནི་སྤང་བྱ་དག་ལ་ཉེས་དམིགས་སུ་ལྟ་བ་སྟེ་ཚོགས་ལམ་ལྟ་བུའོ། །སྤོང་བའི་གཉེན་པོ་ལ་གཉིས་ཏེ་མགོ་གནོན་ཚུལ་དང་། རྩ་བ་དྲུངས་འབྱིན་གྱིས་སྤོང་བ་སྟེ། དེ་ཡང་མཐོང་ལམ་གྱི་སྤང་བྱ་དེ་དག་ངེས་འབྱེད་ཆ་མཐུན་གྱིས་སྤོང་བ་ནི་དང་པོ་དང་། ཆོས་བཟོད་ཀྱིས་མཐོང་ལམ་གྱི་སྤང་བྱ་རྩ་བ་དྲུངས་འབྱིན་ཚུལ་གྱིས་སྤོང་བ་ནི་གཉིས་པའོ། །རྟེན་གྱི་གཉེན་པོ་ནི་བར་ཆད་མེད་ལམ་གྱིས་སྤངས་པའི་བྲལ་ཐོབ་འཛིན་པ་སྟེ་སྡུག་བསྔལ་ཆོས་བཟོད་ཀྱི་བྲལ་ཐོབ་འཛིན་པ་སྡུག་བསྔལ་ཆོས་ཤེས་ལྟ་བུའོ། །ཐག་སྲིང་བའི་གཉེན་པོ་ནི་སྔུག་བསྔལ་ཆོས་བཟོད་དང་ཆོས་ཤེས་མ་གཏོགས་པའི་གཞན་ཐམས་ཅད་དོ། །དེ་ལ་སྤང་བྱ་སྤོང་བའི་སྐབས་ནས་བཤད་པའི་གཉེན་པོ་དང་ལམ་བཞི་པོ་དེ་རྣམས་ལྡོག་པའི་སྒོ་ནས་ཐ་དད་དུ་བཞག་པ་ལས་དོན་དུ་ངོ་བོ་གཅིག་སྟེ། སྦྱོར་བའི་ལམ་གྱིས་མགོ་གནོན་དང་བར་ཆད་མེད་ལམ་གྱིས་རྩ་བ་དྲུངས་འབྱིན་གྱིས་སྤོང་བས་སྤོང་བའི་གཉེན་པོ་དང་། རྣམ་གྲོལ་ལམ་ནི་རྟེན་གྱི་གཉེན་པོ། ཁྱད་པར་གྱི་ལམ་ནི་ཐག་སྲིང་བའི་གཉེན་པོའོ། །སུན་འབྱིན་པའི་གཉེན་པོ་ཡང་སྤོང་གཉེན་སྐབས་ནས་བསྟན་པའི་མགོ་གནོན་གྱི་གཉེན་པོ་སྟེ་རང་གི་སྤང་བྱ་དག་ལ་ཉེས་དམིགས་སུ་བལྟས་ནས་མགོ་གནོན་ཚུལ་གྱིས་རྣམ་པ་སུན་འབྱིན་པའོ།།

སྒྲིབ་པ་གཉིས་ཀྱི་གོ་དོན་བཤད་པ།

དང་པོ་ཉོན་སྒྲིབ་ནི། གང་ཟག་བདག་འཛིན་གྱི་རྩ་བ་ཅན་གང་ཞིག་ཆགས་སོགས་ཀྱི་ངོ་བོར་གྱུར་པའི་རྣམ་པར་རྟོག་པ་གཙོ་བོ་ཐར་པ་ལ་བར་དུ་གཅོད་པ་སྟེ། རྒྱུད་བླ་མ་ལས། [1]སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་དང་། དབུ་མ་རྒྱན་འགྲེལ་ལས། [2]འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ཆགས་སོགས་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་མེད་ན་མི་འབྱུང་གི་རྩ་བ་ནི་འཇིག་ལྟ་ལྷན་སྐྱེས་ཡིན་པར་གསུངས་ཤིང་། དེ་ལྟར་རིགས་པས་ཀྱང་འགྲུབ་པ་བཞིན་གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཉོན་མོངས་པ་ཐམས་ཅད་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། ཞེས་དང་། གྲུབ་མཐའ་མཛོད་ལས། [3]སེམས་རབ་ཏུ་མ་ཞི་བར་བྱེད་པ་གང་མི་དགེ་བའམ། སྒྲིབ་ལ་ལུང་དུ་མ་བསྟན་པའི་ངོ་བོ་སེར་སྣ་ལ་སོགས་པ་ནི་ཉོན་སྒྲིབ་ཡིན་ལ། ཞེས་གསུངས་སོ། །དེ་ལྟར་ན་ཉོན་སྒྲིབ་ནི་གང་ཟག་བདག་འཛིན་གྱི་རྩ་བ་ཅན་དུ་གྱུར་པའི་ཆགས་སོགས་ཉོན་མོངས་པ་རྣམས་ཡིན་ལ། དེ་ཡང་ཕུང་པོ་རིལ་པོའི་ཚོགས་ལ་བཏགས་པའི་བདག་དེ་ལ་དམིགས་ནས་རྣམ་པ་ང་དང་ང་ཡིར་འཛིན་པའི་སྒྲིབ་པ་དེ་དག་ས་བདུན་པར་འཇིག་ལྟ་ལྷན་སྐྱེས་བག་ཉལ་དང་བཅས་པ་སྤངས་པས་ན་དེ་ལ་བརྟེན་ནས་འབྱུང་བའི་ཆགས་སོགས་ཉོན་མོངས་པ་རྣམས་ཀྱང་ལྡོག་ཅིང་ས་བརྒྱད་པ་ནས་ཤེས་སྒྲིབ་འབའ་ཞིག་ལས། ཉོན་སྒྲིབ་ཡོངས་སུ་རྫོགས་པ་ས་བདུན་པར་སྤངས་པའི་གནད་ཀྱང་དེ་ལ་ཐུག་པ་ཡིན་ནོ།།

གཉིས་པ་ཤེས་སྒྲིབ་ནི། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གང་ཞིག་ཆོས་རྣམས་ཀྱི་རང་བཞིན་ལ་རྨོངས་པའི་རྣམ་པར་རྟོག་པ་གཙོ་བོ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ་སྟེ། རྒྱུད་བླ་མ་ལས། [4]འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པ་འདོད། །ཅེས་དང་། དབུ་མ་རྒྱན་འགྲེལ་ལས། [5]ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཇི་བཞིན་དུ་མི་ཤེས་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རྨོངས་པའི་མ་རིག་པ་ཡིན་པས། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གྱི་རྨོངས་པ་ཕྲ་རགས་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཡིན་ནོ། །ཞེས་དང་། གྲུབ་མཐའ་མཛོད་ལས། [6]འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་གང་དགེ་བ་ཟག་བཅས་སམ་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་ནི་ཤེས་སྒྲིབ་ཡིན་ནོ། །ཞེས་གསུངས། དེས་ན་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཇི་བཞིན་དུ་མི་ཤེས་པའི་གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ཤེས་བྱའི་སྒྲིབ་པའོ།།

དེ་ལ་ཁ་ཅིག་གིས། སྤྱིར་སྒྲིབ་པ་ཡིན་ན་དེ་གཉིས་གང་རུང་གི་ཁོངས་སུ་མ་བསྡུས་པ་མེད་པ་མིན་ཏེ། སྙོམས་འཇུག་གི་སྒྲིབ་པ་དེ་སྒྲིབ་པ་ཡིན་པ་གང་ཞིག་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར་ཞེས་འདོད་ཀྱང་། རང་ལུགས་ནི་སྙོམས་འཇུག་གི་སྒྲིབ་པ་ཤེས་བྱའི་སྒྲིབ་པ་ལས་མ་འདས་ཏེ། ཇི་ལྟ་ཇི་སྙེད་ལ་རྨོངས་པའི་མ་རིག་པ་གང་ཞིག་གཙོ་བོ་རྣམ་མཁྱེན་ལ་བར་དུ་གཅོད་བྱེད་ཡིན་པའི་ཕྱིར། དེས་ན་སྒྲིབ་པ་ཡིན་ལ་ཉོན་ཤེས་གང་ཡང་མ་ཡིན་པའི་སྒྲིབ་པ་ཡོད་པར་ཁས་བླང་བར་མི་བྱ་སྟེ། འཇམ་མགོན་བླ་མའི་དགོངས་པ་དང་འགལ་བའི་ཕྱིར་རོ། །དེ་ཡང་ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་དུ། [7]སྐྱེས་བུས་དོན་དུ་གཉེར་བྱའི་མཆོག་ཐར་པ་དང་། ཐམས་ཅད་མཁྱེན་པ་གཉིས་ཡིན་པས་ན། དེ་དག་ལ་བར་དུ་གཅོད་པའི་ཆ་ནས་བཞག་པའི་ཕྱིར་སྒྲིབ་པའང་སྤྱིར་རིགས་ལ་གཉིས་སུ་གྲངས་ངེས་པ་ལས་གཞན་པ་ཞིག་བཞག་དགོས་པ་མ་ཡིན་ནོ། །དེ་སྐད་དུའང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་པ་ལ་སོགས་པ་མདོ་དང་བསྟན་བཅོས་ཐམས་ཅད་ཞལ་འཆམས་པར་འདི་གཉིས་ལས་དོན་གྱིས་གཞན་པའི་སྒྲིབ་པ་ཕུང་གསུམ་པ་ཞིག་གསུངས་པ་མེད་དོ། །བག་ཆགས་ཀྱི་སྒྲིབ་པ་ཤིན་ཏུ་ཕྲ་མོ་རྣམས་ཀྱང་དོན་ཤེས་བྱའི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་ལ་གེགས་བྱེད་པ་ཡིན་པས་ཤེས་བྱའི་སྒྲིབ་པ་ལས་མ་འདས་སོ། །ཞེས་གསུངས་སོ།།

མཐོང་ལམ་གྱི་སྤང་བྱར་སྒྲིབ་གཉིས་ཡོད་མེད་ལ་བརྟག་པ།

དེ་ལ་མཁས་པ་ཁ་ཅིག་གིས་མ་དག་ས་བདུན་དུ་ཉོན་སྒྲིབ་འབའ་ཞིག་སྤོང་ལ། དག་ས་གསུམ་དུ་ཤེས་སྒྲིབ་ཁོ་ན་སྤོང་བ་ཡིན་ནོ་ཞེས་འདོད། དེ་ལྟར་ན་ཉན་རང་གིས་ཉོན་སྒྲིབ་ཀྱི་གཉེན་པོ་གང་ཟག་བདག་མེད་འབའ་ཞིག་བསྒོམས་པས་བུད་ཤིང་ཟད་པའི་མེ་བཞིན་ཉོན་མོངས་ཐམས་ཅད་སྤངས་ཏེ་འཁོར་བར་སླར་ལྡོག་པ་ནམ་ཡང་མི་སྲིད་ཀྱང་། སྤང་རྟོགས་ཀྱི་ཡོན་ཏན་མཐའ་དག་མ་རྫོགས་པས། ཐེག་ཆེན་ཚོགས་ལམ་ནས་ཞུགས་པ་ན་མ་དག་ས་བདུན་བར་དུ་སྤང་བྱ་མེད་པར་ཐལ་ཞིང་། དེས་ཉོན་སྒྲིབ་ཟད་པར་སྤངས་པ་གང་ཞིག་ཤེས་སྒྲིབ་དེ་ཉིད་ལམ་དེའི་ངོ་སྐལ་གྱི་སྤང་བྱ་མ་ཡིན་པའི་ཕྱིར་ཏེ། ངེས་ཤེས་སྒྲོན་མེ་ལས། [8]དེ་ལ་དམན་ལམ་སྔོན་སོང་བའི། །ཐེག་ཆེན་མཐོང་ལམ་ཐོབ་སོགས་ཚེ། །སྤང་བྱ་ཅུང་ཟད་མེད་སོགས་སྐྱོན། །རིགས་པས་གནོད་པ་བཟློག་མེད་འབབ། །ཅེས་གསུངས་པ་ལྟར་རོ། །དེས་ན་རང་ལུགས་ནི་མ་དག་ས་བདུན་དུ་སྤང་བྱའི་སྒྲིབ་པ་གཉིས་ཀ་སྤོང་བར་གསུངས་ཏེ་གཉེན་པོ་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་ཡོད་པའི་ཕྱིར། དེ་ཡང་དབུ་མ་རྒྱན་འགྲེལ་ལས། [9]ཐེག་ཆེན་འཕགས་པས་ནི་མཐོང་ལམ་ནས་བརྩམས་ཏེ་ཉོན་ཤེས་གཉིས་ཀ་མཉམ་དུ་སྤོང་བར་བྱེད་ལ། ས་བརྒྱད་པའི་སྐབས་སུ་ཡུལ་ཆོས་ཉིད་ལ་འབད་མེད་དུ་ཞུགས་པའི་ཚུལ་གྱིས་ངར་འཛིན་གྱི་རྒྱུ་བ་ཕྲ་མོའང་ཟད་པས་ན་ཉོན་མོངས་ཐམས་ཅད་ཟད་ནས་དེ་ཕན་ཆད་དག་ས་གསུམ་དུ་གཉིས་སྣང་གི་བག་ཆགས་སམ་ཤེས་སྒྲིབ་འབའ་ཞིག་སྤོང་བ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་ཤེས་སྒྲིབ་ནི་མ་དག་ས་བདུན་གྱི་གནས་སྐབས་ནའང་ས་རང་རང་གི་ངོ་སྐལ་དུ་གྱུར་པ་ཐམས་ཅད་སྤོང་ལ། སྤྱིར་མགོ་གནོན་ཚུལ་གྱིས་སྤོང་བ་ནི་ཚོགས་སྦྱོར་དུའང་ཡོད་པར་འདོད་དགོས་ཏེ། གཞན་དུ་ན་དམན་ལམ་སྔོན་སོང་གི་དགྲ་བཅོམ་པ་ཐེག་ཆེན་ཚོགས་སྦྱོར་དུ་ཞུགས་པ་ན་ལམ་མངོན་དུ་གྱུར་ཀྱང་སྤང་བྱ་མེད་པར་ཐལ་བའི་སྐྱོན་སོ་ན་གནས་སོ། །ས་བརྒྱད་པ་ནས་བཟུང་ཤེས་སྒྲིབ་འབའ་ཞིག་སྤོང་བ་ཡིན་ནོ།།

མཐོང་ལམ་གྱི་སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་གང་ཡིན་བརྟག་པ།

དེ་ལ་ཐེག་ཆེན་མཐོང་ལམ་དུ་ཞུགས་པའི་འཕགས་པས་སྒྲིབ་པ་ཀུན་བཏགས་ཐམས་ཅད་མ་ལུས་པར་སྤོང་ལ། ལྷན་སྐྱེས་ཀྱང་རང་གི་ངོ་སྐལ་དུ་གྱུར་པ་དག་ཅུང་ཟད་ཅིག་སྤོང་ངོ་། །དེས་ན་ཀུན་བཏགས་མ་ལུས་པ་ས་དང་པོའི་སྐབས་ན་སྤངས་ཟིན་པས། སྒོམ་ལམ་ས་གཉིས་པ་ཡན་ཆད་ནས་ལྷན་སྐྱེས་འབའ་ཞིག་སྤོང་བ་ཡིན་ནོ། །འོ་ན་སྒྲིབ་པ་ལྷན་སྐྱེས་མཐོང་ལམ་གྱིས་སྤོང་ཚུལ་ཇི་ལྟར་ཡིན་ཞེ་ན། མཐོང་ལམ་དུ་ལྷན་སྐྱེས་ཀྱི་སྒྲིབ་པ་སྤོང་སྟེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་གང་ཞིག་དེའི་ཚེ་ལྷན་སྐྱེས་ཀྱི་གང་ཟག་བདག་མེད་པར་མངོན་སུམ་དུ་གཟིགས་པའི་ཕྱིར། དེ་ཡང་ཡིན་ཏེ་རྟོགས་པའི་ཡེ་ཤེས་སྐྱེས་ན་དེའི་ངོ་སྐལ་གྱི་སྤང་བྱ་མི་སྤོང་བ་ཞིག་མེད་དེ་ངེས་ཤེས་དང་སྒྲོ་འདོགས་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་ཏེ། ངེས་ཤེས་སྒྲོན་མེ་ལས། [10]མ་རྟོགས་རྟོགས་པར་ཁས་བླངས་འགལ། །རྟོགས་ན་སྤང་བྱ་མི་སྤོང་འགལ། །ཉི་མ་ཤར་ཡང་མུན་པའི་དཔུང་། །འཇོམས་པ་གཞན་ལ་ལྟོས་པ་མཚར། །ཞེས་གསུངས་པ་ལྟར་རོ། །འོ་ན་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་དགོངས་པ་དང་འགལ་ཏེ། གྲུབ་མཐའ་མཛོད་དུ། [11]དེ་དག་ལས་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤང་ཡིན་ལ། ལྷན་སྐྱེས་ནི་སྒོམ་སྤང་ཡིན་ནོ། །ཞེས་དང་། དེ་ཉིད་ལས། [12]ཀུན་བརྟགས་གང་ཞིག་མཐོང་ལམ་གྱི་གནོད་བྱར་གྱུར་པའོ། །ཞེས་གསུངས་པ་དང་། ཡང་ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་དུ། [13]དེ་ལྟ་བུའི་བདག་འཛིན་དེ་ནི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤོང་བ་ཡིན་ལ། དེའང་མཐོང་ལམ་དུ་བདེན་པའི་ཆོས་ཉིད་མངོན་སུམ་དུ་གཟིགས་ཏེ་བདེན་དོན་ལ་ཕྱིན་ཅི་ལོག་པར་ཀུན་ཏུ་བཏགས་པ་ཐམས་ཅད་སྤོང་ལ། དེ་ཕན་ཆད་སྒོམ་ལམ་དུ་ལྷན་སྐྱེས་སྤོང་ངོ་། །ཞེས་གསུངས་པས་སོ་ཞེ་ན། དེ་ནི་ཀུན་བཏགས་དང་ལྷན་སྐྱེས་རྫོགས་པར་སྤོང་བའི་དབང་དུ་བྱས་པ་ཡིན་ཏེ། ཀུན་བཏགས་མ་ལུས་པ་མཐོང་ལམ་གྱིས་རྫོགས་པར་སྤོང་བ་དང་། ལྷན་སྐྱེས་མ་ལུས་པ་སྒོམ་ལམ་གྱིས་རྫོགས་པར་སྤོང་བའི་ཕྱིར་རོ།།

མདོར་ན་ཀུན་བཏགས་མཐོང་ལམ་གྱི་སྤང་བྱར་གསུངས་པ་དང་། ལྷན་སྐྱེས་སྒོམ་ལམ་གྱི་སྤང་བྱར་གསུངས་པ་དག་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། མཐོང་ལམ་གྱི་སྤང་བྱར་ཀུན་བཏགས་ཁོ་ན་དང་། ལྷན་སྐྱེས་སྒོམ་ལམ་གྱི་སྤང་བྱ་ཁོ་ན་ཡིན་ནོ་ཞེས་གསུངས་པ་མེད་དོ། །གཞན་དུ་ན་ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་དུ། [14]དབུ་མའི་རིགས་པས་ཕུ་ཐག་བཅད་ཚེ་ཆོས་དང་གང་ཟག་གཉིས་ལ་སྟོང་གཞི་ཆོས་ཅན་གྱི་དབྱེ་བ་ཙམ་མ་གཏོགས་སྟོང་ཚུལ་ལ་ཁྱད་པར་གང་ཡང་མེད་པས་ཕུང་པོར་བཟུང་བ་ལ་བརྟེན་ནས་བཏགས་པའི་ངའོ་སྙམ་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་མ་ཕྱུང་ན། རྟག་བདག་ཙམ་སྤངས་པས་ཉོན་མོངས་སྤོང་མི་ནུས་པར་རིགས་པས་གྲུབ་པ་ཡིན་ལ། ཞེས་གསུངས་པ་དང་འགལ་ཞིང་། དེ་ལྟར་ན་མཐོང་ལམ་གྱིས་རང་གི་ངོ་སྐལ་དུ་གྱུར་པའི་སྒྲིབ་པ་རྣམས་མངོན་གྱུར་པ་ཙམ་སྤོང་བར་འགྱུར་ལ། གཉེན་པོ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱང་སྦྱོར་ལམ་དང་མཚུངས་པར་ཐལ་བས་དེ་ལྟར་འདོད་པར་མི་བྱའོ། །རྟག་བདག་ཙམ་ནི་སྦྱོར་ལམ་གྱིས་ཀྱང་སྤངས་པས་མཐོང་ལམ་གྱིས་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་མ་ཕྱུང་ན་ལམ་དེ་གཉིས་ཀྱི་སྤང་བྱ་ལ་ཁྱད་པར་མེད་པར་འགྱུར་ལ། ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་ཕྱུང་ན་དེ་ལ་བརྟེན་ནས་སྐྱེས་པའི་ལྷན་སྐྱེས་ཀྱི་སྒྲིབ་པ་ཡང་ཅིའི་ཕྱིར་མི་སྤོང་སྟེ་ལྷན་སྐྱེས་ཀྱི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པས་དེའི་ངོ་སྐལ་གྱི་སྤང་བྱའང་སྤོང་དགོས་པའི་ཕྱིར་རོ།།

ཡང་མཐོང་སྒོམ་གྱིས་བདག་མེད་མངོན་སུམ་རྟོགས་པ་ལ་ཁྱད་པར་མེད་པས་ལྷན་སྐྱེས་ཀྱི་སྒྲིབ་པ་དེ་དག་མཐོང་ལམ་གྱིས་སྤངས་ན། མཐོང་སྒོམ་གྱི་སྤང་བྱར་ཁྱད་པར་མེད་པར་འགྱུར་ཞིང་། དེ་ལྟར་ན་རྟོགས་པའི་ཡེ་ཤེས་ལའང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྤྱིར་ཡུལ་ཆོས་དབྱིངས་མངོན་སུམ་དུ་རྟོགས་ཚུལ་ལ་དེ་གཉིས་ཁྱད་པར་མ་མཆིས་ཀྱང་། སྤང་བྱ་དང་གཉེན་པོ་ཡེ་ཤེས་ལ་ཁྱད་པར་མེད་པར་ཇི་ལྟར་འགྱུར་ཏེ་བདག་མེད་ཀྱི་དོན་ལ་མངོན་སུམ་ཡིན་པར་མཚུངས་ཀྱང་མཉམ་གཞག་གི་སྐབས་ནས་གསལ་སྣང་ཐོབ་ཚུལ་ལ་ཁྱད་པར་དུ་མ་ཡོད་པའི་ཕྱིར་རོ། །དེའང་མདོ་རྣམས་སུ་མཉམ་གཞག་གི་སྐབས་ན་གསལ་སྣང་ཐོབ་ཚུལ་གྱི་སྐོར་དངོས་སུ་གསལ་ཁ་མི་སྣང་ཡང་། དོན་དུ་དེ་ལྟར་འདོད་དགོས་ཤིང་། གཞན་དུ་ན་མཐོང་སྒོམ་གྱི་ཡེ་ཤེས་ལ་ཁྱད་པར་མེད་པ་གཅིག་ཏུ་འགྱུར་ལ། འཕགས་པ་རྣམས་ལམ་རིམ་གྱིས་བགྲོད་པའང་དོན་མེད་པར་ཐལ་ལོ། །དེས་ན་བདག་མེད་རྟོགས་པ་ལ་ཁྱད་པར་མེད་ཀྱང་གསལ་སྣང་གི་སྟོབས་ཀྱིས་མཐོང་ལམ་དུ་སྤོང་བའི་ལྷན་སྐྱེས་དེ་དག་ལམ་དེའི་ངོ་སྐལ་དུ་གྱུར་པ་རྣམས་སྤངས་པ་ཡིན་གྱི། སྒོམ་ལམ་གྱི་སྤང་བྱ་སྤོང་བ་ག་ལ་ཡིན། རྟོགས་པའི་ཡེ་ཤེས་ལའང་ཁྱད་པར་མེད་པར་ཇི་ལྟར་འགྱུར་ཏེ། དཔེར་ན་རྒྱང་ཉེ་རིང་གི་ཁྱད་ཞུགས་པས་ཡུལ་བུམ་པ་ལྟ་བུ་ཞིག་ལ་མིག་གིས་མངོན་སུམ་དུ་མཐོང་བ་ལ་ཁྱད་པར་མེད་ཀྱང་གསལ་བར་མཐོང་ཚུལ་ལ་ཁྱད་ཞུགས་པ་བཞིན། བདག་མེད་མངོན་སུམ་རྟོགས་པ་ལ་ཁྱད་མེད་ཀྱང་ལམ་རང་རང་གི་གསལ་སྣང་ཐོབ་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་བས་ལམ་གོང་མའི་གོང་མས་འོག་མ་རྣམས་རིམ་གྱིས་ཟིལ་གྱིས་གནོན་པར་འགྱུར་ཏེ། སྤྱོད་འཇུག་ལས། [15]རྣལ་འབྱོར་པའང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར་རོ།།

འདིར་ཁོ་བོས་མཐོང་ལམ་གྱིས་སྒྲིབ་པ་ལྷན་སྐྱེས་ཅུད་ཟད་ཅིག་སྤོང་ཞེས་པ་ནི། སྤྱིར་རྟག་བདག་ཙམ་སྤངས་པས་ཉོན་མོངས་སྤོང་མི་ནུས་པ་ནི་སྔོན་གྱི་རྒྱ་བོད་མཁས་པ་རྣམས་ཞལ་འཆམས་ཏེ། དབུ་མ་ལ་འཇུག་པ་ལས། [16]བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེའི་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ། །ཞེས་དང་། ངེས་ཤེས་སྒྲོན་མེ་ལས། [17]གང་ཕྱིར་རྟག་བདག་སྤངས་ཀྱང་ནི། །གདགས་གཞིར་བརྟེན་ནས་བཏགས་པའི་བདག །ལྷན་སྐྱེས་ཞེན་ཡུལ་མ་བཀག་ཕྱིར། །ངར་འཛིན་སྐྱེ་ལ་གེགས་མེད་ཉིད། །ཅེས་གསུངས་པ་ལྟར་ཡིན་ལ། མཐོང་ལམ་དུ་བདག་མེད་ཀྱི་དོན་མངོན་སུམ་དུ་གཟིགས་པས། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་གདགས་གཞི་ཕུང་པོ་རིལ་པོར་འཛིན་པ་ལ་བརྟེན་ནས་བཏགས་པའི་བདག་དེ་ཉིད་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ཡིན་ལ། དེ་ལྟར་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་ན་དེ་ལ་བརྟེན་ནས་སྐྱེས་པའི་བདག་འཛིན་ལྷན་སྐྱེས་ཀྱང་ཁེགས་པར་རིགས་པས་གྲུབ་སྟེ། བུམ་པ་མེད་པར་རྟོགས་ན་དེར་བརྟེན་སྐྱེས་པའི་བུམ་འཛིན་མིག་ཤེས་ཀྱང་ཁེགས་པ་བཞིན་ནོ། །དེ་ཡང་དབུ་མ་ལ་འཇུག་པ་ལས། [18]མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །དེས་ན་མཐོང་ལམ་དུ་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་ཕྱུང་བས་དེ་ལ་བརྟེན་ནས་སྐྱེས་པའི་ངར་འཛིན་ལྷན་སྐྱེས་ཀྱང་རང་གི་ངོ་སྐལ་དུ་གྱུར་པ་དག་སུན་ཕྱུང་བ་ཡིན་ཞིང་། དེའི་སྐབས་ན་སྒོམ་ལམ་གྱི་ཡེ་ཤེས་མ་སྐྱེས་པས་ལམ་གོང་མའི་ངོ་སྐལ་དུ་གྱུར་པའི་སྒྲིབ་པ་རྣམས་སྤང་བྱ་མིན་པར་འཁུམས་སོ།།

ཞར་བྱུང་དུ་ངེས་ཤེས་དང་སྒྲོ་འདོགས་ལ་བརྟག་པ།

དེ་ལ་མཁས་པ་ཁ་ཅིག་གིས། ངེས་ཤེས་དང་སྒྲོ་འདོགས་ལྷན་ཅིག་མི་གནས་ཞེས་པའི་དོན་ནི་མངོན་གྱུར་སྤོང་བ་ལ་བཞེད་པས། སྤང་བྱ་མངོན་གྱུར་དང་དེའི་གཉེན་པོ་གཉིས་འཕྲད་པ་མེད་པས་དངོས་སུ་གནོད་པ་བྱེད་མི་ནུས་པའི་ཕྱིར་ན་སྣང་མུན་ལྟར་ཡིན་ཞིང་། ས་བོན་དང་ཕྲད་དེ་རྒྱུན་བཅད་པའི་ཚུལ་གྱིས་སྤོང་ངོ་ཞེས་ཟེར་ཡང་། སྤང་བྱ་ས་བོན་དང་གཉེན་པོ་ཡེ་ཤེས་གཉིས་འཕྲད་པ་མེད་དེ་ངེས་ཤེས་དང་སྒྲོ་འདོགས་ཡིན་པའི་ཕྱིར། མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་ཆོས་ཅན། རང་གི་དངོས་གཉེན་ཡེ་ཤེས་དང་ལྷན་ཅིག་ཏུ་འཕྲད་པ་མེད་དེ། ངེས་ཤེས་དང་སྒྲོ་འདོགས་ཡིན་པ་གང་ཞིག་གཉེན་པོ་ཡེ་ཤེས་སྐྱེས་པ་ན་སྤང་བྱ་འགགས་ཟིན་པའི་ཕྱིར། གལ་ཏེ་གཉེན་པོ་ཡེ་ཤེས་དེ་སྐྱེ་བཞིན་དུ་དེའི་ངོ་སྐལ་གྱི་སྤང་བྱ་ས་བོན་ཡང་དུས་མཉམ་དུ་ཡོད་ན་གཉེན་པོ་དེ་ཉིད་སྤང་བྱ་དེའི་དངོས་གཉེན་མིན་པར་ཐལ་ཏེ། དེས་སྒྲོ་འདོགས་མ་ཆོད་པའི་ཕྱིར། དེ་ལྟར་ན་གང་ཟག་གཅིག་གི་རྒྱུད་ལ་སྒྲ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ངེས་ཤེས་སྐྱེ་བཞིན་དུ་སྒྲ་རྟག་འཛིན་རྟོག་པའི་སྒྲོ་འདོགས་ཡོད་པར་ཁས་ལེན་དགོས་ན་གཟུར་གནས་མཁས་པའི་མིག་ལ་གཟན་པར་འགྱུར་བས་དེ་ལྟར་འདོད་པར་མི་བྱའོ། །རང་ལུགས་ནི་བླ་མ་མི་ཕམ་པས་ཇི་ལྟར་གསུངས་པ་བཞིན་ངེས་ཤེས་དང་སྒྲོ་འདོགས་གཉིས་དུས་མི་གཅིག་པས་དེ་གཉིས་ནམ་དུའང་འཕྲད་མི་སྲིད་ཀྱང་། བློའི་རྒྱུན་གཅིག་ལ་དང་པོ་སྒྲོ་འདོགས་སྐྱེས་ཤིང་ཕྱིས་ངེས་ཤེས་སྐྱེས་ནས་སྒྲོ་འདོགས་ཀྱི་རྒྱུན་སྐྱེ་མ་ནུས་པ་ལ་སྒྲོ་འདོགས་བསལ་ཞེས་ཐ་སྙད་བཏགས་ཤིང་། དེས་ན་བློའི་ངོ་བོར་གྱུར་པའི་སྤང་གཉེན་ཐམས་ཅད་དེ་དང་འདྲ་སྟེ། གཉེན་པོ་དེས་སྤང་བྱའི་རྒྱུན་མ་འོངས་པ་འཕྲོ་མཐུད་དུ་སྐྱེ་བའི་གེགས་བྱས་པ་ལ་བསལ་བྱ་སེལ་བྱེད་ཅེས་བཏགས་སོ། །མདོར་ན་སྤང་གཉེན་གཉིས་ཕྲད་དེ་ལྷན་ཅིག་གནས་ན་དེས་དེ་བསལ་བར་ག་ལ་ནུས། བྱང་འཕགས་རྒྱུད་ཀྱི་གཉེན་པོ་ཡེ་ཤེས་དང་དེའི་སྤང་བྱ་ནི་ནམ་དུའང་འགྲོགས་པ་མེད་ལ། དེའི་རྒྱུད་ལ་ཡོད་པའི་གཟུང་འཛིན་འཁྲུལ་བའི་བག་ཆགས་ཕྲ་མོ་ནི་ཡེ་ཤེས་དེ་དག་གི་སྤང་བྱ་ག་ལ་ཡིན་ཏེ་རྡོར་ཏིང་གི་ངོ་སྐལ་དུ་གྱུར་པའི་སྤང་བྱ་ཁོ་ན་ཡིན་པའི་ཕྱིར་རོ།།

གཟུར་གནས་སྐྱེ་བོ་འཚོགས་པའི་སྤྱན་ལམ་དུ། །བླུན་པོས་ཚིག་གི་འགྱིངས་བག་བསྒྱུར་པ་འདི།།

མཁས་རྣམས་ཁྲེལ་བའི་གནས་སུ་འགྱུར་ངེས་ཀྱང་། །རང་བློ་ཤེས་རབ་གོམས་ཕྱིར་མི་སྟོ་སྙམ།།

འོན་ཀྱང་རྒྱལ་བའི་གསུང་གི་ཆུ་ཀླུང་ཀུན། །ཟབ་རྒྱས་གཅིག་ཏུ་འཁྱིལ་བའི་མ་དྲོས་མཚོར།།

རྟོག་པའི་དབའ་ཀློང་གཡོ་བའི་ནོངས་པ་དག །མི་སྦེད་ལྷ་དང་བླ་མའི་སྤྱན་སྔར་བཤགས།།

འདིར་བརྩོན་གྲགས་འདོད་སྤྲིན་ཕུང་མ་འཐིབས་པར། །རང་བློ་གོམས་ཕྱིར་འབད་པའི་ལེགས་བཤད་འོད།།

བློ་གསར་པདྨོ་རྒྱས་པའི་ཆ་མཆིས་ན། །རྣམ་གྲོལ་ཞི་བའི་ལམ་དུ་གཞོལ་གྱུར་ཅིག།

དགེའོ། །དགེའོ། །དགེའོ།།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༤ པར་གསལ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༦༧ པར་གསལ།

[3]  ཐཱའི་ཝན་པར་མ། པོད། ༡༥ དེབ་གཟུགས། ཤོག་གྲངས། ༡༧༨ པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༡༦༤ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༦༧ པར་གསལ།

[6]  ཐཱའི་ཝན་པར་མ། པོད། ༡༥ དེབ་གཟུགས། ཤོག་གྲངས། ༡༧༩ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༧༥ པར་གསལ།

[8]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༣ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༧༣ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༣ པར་གསལ།

[11]  ཐཱའི་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༩ པར་གསལ།

[12]  ཐཱའི་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༩ པར་གསལ།

[13]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༧༧ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༨༥ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༥ ཤོག་གྲངས། ༩༤ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༣༢ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༥ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༡ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།