མཁན་པོ་བསོད་ནམས་དབང་ཆེན།
མཚུངས་མེད་བླ་མ་དགུང་གི་ཉི་མ་མཆོག།
བཟང་ངན་འབྱེད་པའི་རྟོག་པས་མ་བཅིངས་ཀྱང་།།
ཉམ་ཆུང་ས་ཁད་དམའ་བའི་ཡུལ་དག་ཏུ།།
བྱམས་བརྩེའི་དྲོད་ཤུགས་ཆེ་བ་ངང་གི་གཤིས།།
འཁོར་ཚོགས་དགའ་སྤྲོའི་འདུ་བ་འཛུམ་མུལ་མུལ།།
ཟབ་གསང་ཆོས་ཀྱི་སྒྲ་དབྱངས་སྙན་འཇེབས་འཇེབས།།
རྫོགས་ལྡན་ལྟ་བུའི་དུས་དེ་དྲན་ངོགས་འདིར།།
འཆར་ཐེངས་རེ་བཞིན་དབང་མེད་འཁུན་པ་འཆོར།།
རྒྱན་དྲུག་མཆོག་གཉིས་རྗེ་འབངས་ཉེར་ལྔ་སོགས།།
གཏན་དུ་བཞུགས་པ་སུ་ཡང་མ་མཆིས་ཕྱིར།།
ཡབ་ཆེན་ཁྱེད་ལ་གདུང་འབོད་མི་འོས་ཀྱང་།།
དྲན་པའི་ཕྲེང་ཐག་ནམ་ཡང་ཆད་དུས་བྲལ།།
ཁྱེད་ཀྱི་སྐུ་པར་མེད་ན་སེམས་མི་བདེ།།
འཛུམ་པའི་ཞལ་རས་མཇལ་དུས་ཨུ་ཤུ་ཤོར།།
དགའ་སྐྱོ་འདྲེས་མའི་ཚོར་འདུ་ཐུན་གཅིག་གིས།།
མི་ལོ་ཧྲིལ་པོ་བཅུ་ལྷག་འདས་ནས་སོང་།།
ད་ཆ་བཞུགས་ཁྲི་དར་གྱིས་གཡོགས་ན་ཡང་།།
ཐུགས་རྗེ་སྟོབས་དང་སྨོན་ལམ་མཐུ་བཙན་ཞིང་།།
འཛིན་སྐྱོང་ཚགས་ཚུད་སློབ་ཚོགས་དམ་གཙང་བས།།
བཤད་སྒྲུབ་ལས་ཀྱི་བྱ་བ་རྒྱས་ལགས་སོ།།
རང་གཤིས་ཐུར་དུ་ཕྱོགས་པའི་མི་འཁྱམས་བདག།
རྣམ་གཡེང་ཆང་གིས་བཟི་བའི་གོམ་ཁ་དེ།།
དབང་མེད་རྒྱ་མཚོའི་ཕ་རོལ་འཆོར་བའི་རྗེས།།
མཆེད་ལྕམ་འདུས་པའི་ཞལ་རས་ཟིན་དུས་དབེན།།
འོན་ཀྱང་རིགས་བདག་བླ་མའི་གདན་ས་དེར།།
འཆད་རྩོད་རྩོམ་དང་སྒོམ་ལ་བརྩོན་པ་འམ།།
ཇ་བཀོལ་ཟས་གཡོས་གད་དར་བྱེད་པ་ཀུན།།
བདག་གི་སྙིང་དང་རོ་གཅིག་འདྲེས་ནས་ཡོད།།
བྱ་ཕྲན་མཁའ་ལ་ལྡིང་བའི་གཤོག་འགྱུ་ལས།།
ཐང་དཀར་རྒོད་ཚང་བཟུང་བ་ཟིལ་ཆེ་བས།།
རིགས་བདག་བླ་མའི་རིགས་རྒྱུད་ཡོད་ཟེར་ན།།
རྒོད་ཚང་བསྐྱུར་ནས་བྱིའུ་ཚང་འཛིན་མི་རིགས།།
ཆུ་ཕྲན་ལ་ལུང་བརྒལ་ཏེ་བརྒྱུགས་ན་ཡང་།།
ནམ་ཞིག་རྗེས་ཤུལ་མེད་པར་ཡལ་འགྱུར་ཞིང་།།
འགྱུར་མེད་བརྟན་པར་གནས་པའི་རྒྱ་མཚོ་ཆེས།།
འཛམ་གླིང་མཛེས་པར་བྱེད་པའི་ཚུལ་ལ་གཟིགས།།
འདུར་བས་འཇིག་རྟེན་ཟིན་པ་ལོས་ཡོད་ཀྱང་།།
རྒྱལ་ཐབས་ཆོས་ཀྱི་ཁྲི་འཕང་དེ་ལྟར་མིན།།
སློབ་ཚོགས་འདུས་པའི་སེམས་ལ་སུ་བཞུགས་ན།།
དེས་ནི་གཏན་གྱི་རྒྱལ་སྲིད་ཟིན་པ་ལགས།།
བླ་མ་ང་ཡིན་ཞལ་ནས་མ་གསུང་དང་།།
བླ་མ་སུ་ཡིན་སློབ་མས་ཐག་བཅད་ཡོང་།།
རིན་ཆེན་དང་པོའི་མཛེས་པ་འབར་བའི་ཚེ།།
འཆིང་བུ་ཡོད་ཚད་ངང་གིས་ལོད་པར་འགྱུར།།
ནམ་མཁའི་འཇའ་ལ་གཡེང་ཤུགས་ཆེ་སོང་ན།།
རྐང་པའི་གོམ་སྟབས་འདམ་དུ་ཤོར་ཉེན་ཆེ།།
དོན་ཆེན་བསྐྱུར་ཏེ་དོན་ཆུང་འདེད་པ་དག།
བློ་ལྡན་མཁས་པའི་གྲལ་དུ་ཇི་ལྟར་བགྲང་།།
ལྷག་བསམ་གཙང་མ་ལགས་པས་ཞུ་ཐལ་ལོ།།
རང་དོན་ཁོག་བཅུག་མེད་པས་ཞུམ་པ་བྲལ།།
གཟས་པའི་མདའ་མོ་སུ་ལ་ཕོག་པ་དེ།།
གཏམ་འདིའི་གདུལ་བྱ་ཡིན་པས་གྲོལ་བར་ཤོག།