ལོ་རིམ་བདུན་པའི་སློབ་གཉེར་བ། ཐུབ་བསྟན་དབང་གྲགས།
ལ་ལུང་ཐང་ཆེན་རྒྱབ་ཀྱི་དུ་བ་སྔོན་མོ།།
ཁ་སང་སྨུག་པའི་གསེང་དུ་རྣམ་ཤེས་ཐིམ་སོང་།།
དེ་རིང་ཆུ་དང་ཆར་པ་འབབ་ས་དེ་ནས།།
ལུས་ཀྱི་རྨུ་ཐག་སྐྱ་བོ་མཁའ་རུ་འཐེན་སོང་།།
ཆུ་ཕྲན་ཀྱག་ཀྱོག་འབབ་སའི་ལུང་པའི་མདོ་ན།།
ཉ་མོ་ཁེར་འགྲོ་ཞིག་གི་སེམས་ཁམས་མཐོང་བའི།།
འདམ་གྱི་ལྦ་བ་ཁྱུ་གཅིག་ངལ་གསོ་འདི་ཡིས།།
ང་དང་ཁོང་ཚོས་ཁྱོད་ལ་ལྟ་སྟངས་མཚོན་ཡོད།།
རི་བོ་མིག་གིས་རྒྱང་ནས་འཚོལ་སྙེག་བྱས་ན།།
རྐང་སྣེ་རྡོ་ལ་འདྲེད་པའི་གོམ་ཁ་ལྷོད་པོ།།
སེམས་དང་བསམ་པའི་བར་གྱི་མྱོང་ཚོར་མིན་ན།།
གཉུག་མའི་སེམས་པ་དམར་པོ་དམར་རྗེན་མཐོང་སོང་།།
དགུང་གི་ཨ་སྔོན་གནམ་ལ་སྤྲིན་པ་མེད་སྐབས།།
ཁ་བ་སིབ་སིབ་བབས་པའི་རྫུན་ཚིག་རྔ་ལོ།།
གནས་ལུགས་ཕུ་ཐག་ཅི་ཡོད་ངས་ཀྱང་རྟོགས་ཡོད།།
སྐད་ཆ་ཡང་གཅིག་བཤད་ན་བཟློས་སྐྱོན་ཡིན་འགྲོ།།
རྒན་པོ་དུག་གིས་ཤི་བ་དངོས་གནས་ཡིན་ཡང་།།
རྨ་བྱའི་སྒྲོ་མདོངས་མཛེས་པ་སུ་ཡིས་སྙོན་ནུས།།
གནས་ལུགས་མདུན་རྒྱབ་ཡོད་པ་གོ་ཐོས་བྱུང་ན།།
ལུང་སྟོང་རྫི་བོའི་སྐད་ཆ་ངས་ཀྱང་གོ་མྱོང་།།