རྩོམ་སྒྲིག་པ།
ཐོག་མའི་སྐད་ཆ།
རང་རེའི་ཀློག་པ་པོ་ཕལ་ཆེ་བར་སྙན་ངག་གི་ངོས་ནས་བཤད་ན་རྒྱ་གར་གྱི་སྙན་གཞུང་མེ་ལོང་མའི་ལུགས་སུ་བྲིས་པའི་སྙན་ངག་དག་ལ་མྱོང་རོལ་བྱེད་པའི་ཆུ་ཚད་ཡོད་ལ་མེད་ལ་ཞིག་དང་། བརྩམས་སྒྲུང་གི་ངོས་ནས་ཀྱང་སྲོལ་རྒྱུན་གྱི་བརྩམས་སྒྲུང་ལྟ་བུ་གཏམ་རྒྱུད་སྙན་པོ་ཡོད་པ་དག་ལ་དགའ་བའི་གོམས་གཤིས་དེའི་དབང་གིས། དེང་རབས་ཀྱི་ལུགས་སུ་བྲིས་པའི་སྙན་ངག་དང་བརྩམས་སྒྲུང་གསར་པའི་བརྩམས་ཆོས་རྣམས་གོ་དཀའ་བའི་སྣང་ཚུལ་ཞིག་འབྱུང་གིན་ཡོད། སྣང་ཚུལ་དེ་འདྲ་ཞིག་གི་འོག་ནས་མི་ཁ་ཤས་ཀྱིས་སྙན་ངག་དང་བརྩམས་སྒྲུང་སོགས་ལ་ལོག་པར་ལྟ་བའི་ནད་ཡམས་ཤིག་བྱུང་བ་ལའང་ཁག་ཁྱོན་ནས་མི་འདུག
མ་གཞི་བོད་ཀྱི་རྩོམ་རིག་ནི་འབྲི་ཐབས་སམ་རྣམ་པ་ཆིག་རྐྱང་བ་ཞིག་གཏན་ནས་མིན་པར། སྙན་ངག་ལྟ་བུར་མཚོན་ན་བོད་རང་སའི་ཁྱད་ཆོས་ཡོད་པའི་དམངས་གླུ་དང་མགུར་གྱི་འབྲི་ཐབས། རྒྱ་གར་གྱི་སྙན་གཞུང་མེ་ལོང་མའི་ལུགས་ཀྱི་འབྲི་ཐབས། ནུབ་ཕྱོགས་དེང་རབས་རིང་ལུགས་འབྲི་ཐབས་བཅས་སྒྱུ་རྩལ་དང་མཚོན་ཐབས་སྣ་མང་གི་རང་བཞིན་ཡིན་པ་བཞིན། བོད་ཀྱི་བརྩམས་སྒྲུང་ལའང་དེ་མཚུངས་ཀྱིས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕལ་ཆེ་བ་ནི་དངོས་ཡོད་རིང་ལུགས་ཀྱི་ལུགས་སུ་བྲིས་ཡོད་པ་དང་། པདྨ་ཚེ་བརྟན་དང་། སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་མང་པོ་ཞིག་ནི་དེང་རབས་ཀྱི་འབྲི་སྟངས་ལྷུར་བླངས་ཡོད་པས། བརྩམས་སྒྲུང་ཞིག་ཡིན་ན་གཏམ་རྒྱུད་སྙན་པོ་ཞིག་ཡོད་དགོས་པའི་ལྟ་སྟངས་ཆིག་རྐྱང་བ་དེ་དོར་དགོས་པ་ནི་དུས་རབས་ཀྱིས་བརྡ་བསྟན་ཚར་བ་རེད།
དེ་བས་ཀློག་པ་པོ་རྣམ་པའི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་དེ་མཐོར་འདེགས་ཡོང་ཆེད་ཐོག་མར་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་བྱུང་རིམ་དང་དེའི་སྐོར་ངོ་སྤྲོད་སྟབས་བདེ་ཞིག་བྱ་སྟེ།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་འབྱུང་རྐྱེན།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་ནི། ནུབ་ཕྱོགས་ཀྱི་རྩོམ་རིག་གྲུབ་མཐའ་མང་པོ་ཞིག་འདུས་པའི་ཚོགས་སྤྱིའི་མིང་ཡིན་ཞིང་། གྲུབ་མཐའ་དེ་དག་གིས་སྲོལ་རྒྱུན་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་ལ་སུན་འབྱིན་བྱེད་ཀྱི་ཡོད། འོ་ན་གྲུབ་མཐའ་དེ་དག་ཇི་ལྟར་བྱུང་བ་ཡིན་སྙམ་ན། ནུབ་ཕྱོགས་སུ་མ་རྩ་རིང་ལུགས་[1]དེ་བཙན་རྒྱལ་རིང་ལུགས་སམ་སྒེར་སྡེམ་མ་རྩ་རིང་ལུགས་སུ་འགྱུར་བའི་གོ་རིམ་ནང་། མ་རྩ་རིང་ལུགས་རྒྱལ་ཁབ་ནང་ཉིན་རེ་བཞིན་ནང་འཁྲུག་གི་འགལ་བ་རྣོ་ངར་ཇེ་ཆེར་ཕྱིན་ཏེ། སྒེར་སྡེམ་འབྱོར་ལྡན་གྲལ་རིམ་དང་མི་མང་བར་དང་། ལྷག་པར་བཟོ་པ་གྲལ་རིམ་གྱི་དབར་འགལ་བ་ཛ་དྲག་ཏུ་གྱུར་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་གྱི་ཉམས་ཉེས་ཆེས་ཆེར་བྱུང་ཞིང་། དབུལ་ཕྱུག་མཐའ་གཉིས་སུ་གྱེས་པའི་གནས་ཚུལ་ཚབས་ཆེར་དང་། ཆབ་སྲིད་ཀྱི་རྣམ་པ་ཡམ་ཡོམ་ཆེ་ཞིང་ལྷིང་འཇགས་མེད་པ། མ་རྩ་རིང་ལུགས་རྒྱལ་ཁབ་དབར་དུ་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱེད་པའི་གནད་དོན་བསྟུད་མར་བྱུང་བ་བཅས་ཀྱིས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཏུ་ནང་བསམ་པའི་ཉམས་ཉེན་བསླངས་པ་ལ་བརྟེན་ནས། དངོས་ཡོད་གནས་ཚུལ་དེ་ལྟའི་མདུན་དུ་ཤེས་ཡོན་ཅན་མང་པོར་ཕུགས་བསམ་ཡལ་ཞིང་། འཚོ་བར་སྙིང་པོ་མེད་པ། ནང་བསམ་པར་གདུང་བས་ནོན་པ་བཅས་ཀྱིས་སྐྱོ་སྣང་གི་རིང་ལུགས་ཤིག་ཏུ་གྲུབ། འབྲིང་རིམ་དང་དམའ་རིམ་གྱི་ཤེས་ཡོན་ཅན་མང་པོ་ཞིག་ནི་མཐོང་ཆོས་སུ་གྱུར་པའི་དངོས་དོན་དེ་ཚོར་ཡིད་ཐང་ཆད་དེ་མདུན་ལམ་ཉག་ཕྲ་ཞིང་མདུན་སྐྱོད་ཀྱི་ལམ་བུར་ཡིད་ཐང་ཆད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་རིང་ལུགས་ལ་གོ་བ་མི་ལོན་ཅིང་ཡིད་མི་ཆེས་པར་མ་ཟད། བཟོ་པའི་གསར་བརྗེའི་ལས་འགུལ་ལ་སྐྲག་སྣང་དང་བཅས་སེམས་གཙོ་རིང་ལུགས་ཀྱི་ལང་ཕྱོགས་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་དེ་དག་ནི་གོ་བ་ལེན་ཐབས་བྲལ་བ་དང་ཁུངས་ལུང་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཁོང་ཚོར་སྲིད་གཞུང་མེད་པའི་རིང་ལུགས་དང་དོན་སྟོང་རིང་ལུགས་ཀྱི་ཤུགས་རྐྱེན་ཕོག་སྟེ་སྲོལ་གསར་ལུགས་གཞན་གཏོད་རྒྱུར་དགའ་བས། དེ་སྔའི་རྩོམ་རིག་གི་ཤུལ་དངོས་ཡོད་ཚད་ཁས་མི་ལེན་པར་འབྱུང་འགྱུར་རམ་དངོས་ཡོད་ལས་བརྒལ་བའི་རྩོམ་རིག་གསར་གཏོད་བྱེད་དགོས་ཚུལ་ཁ་གཡང་ཆེན་པོ་སྒྲོག་པ་བཅས་ཀྱི་གནས་ཚུལ་འོག་ཏུ་ད་གཟོད་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་འབྱུང་འགོ་ཚུགས་པ་ཡིན།
འཛམ་གླིང་གི་དམག་ཆེན་དང་པོའི་[2]སྔ་རྗེས་སུ་ནུབ་ཕྱོགས་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཇེ་ཆེར་ཕྱིན་པ་དང་སྦྲགས་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་སྣ་མང་སྔ་རྗེས་སུ་ཐོན་ཏེ། དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུར་སླེབས་སྐབས་མཐོ་རླབས་ཤིག་འཕྱུར་ནའང་། ལོ་རབས་སུམ་ཅུ་ནས་བཞི་བཅུའི་དུས་འགོའི་བར་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་དར་འཕེལ་བྱུང་སྟེ་དེང་རབས་རིང་ལུགས་རྩོམ་རིག་གི་མཐོ་རླབས་དེ་རེ་ཞིག་མར་འཇགས་ནའང་། འཛམ་གླིང་དམག་ཆེན་གཉིས་པའི་[3]རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཉམས་དམས་བསམ་བློ་སླར་མགོ་བཏེགས་པ་དང་། སྤྱི་ཚོགས་ཐོག་གང་སར་ངན་སེམས་དང་སྐྱོ་ཤས་ཀྱི་རྣམ་པས་ཁེངས་པ། གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་[4]བསམ་བློ་གང་སར་མཆེད་པ་བཅས་ཀྱིས་དེང་རབས་རིང་ལུགས་རྩོམ་རིག་གི་མཐོ་རླབས་ཤིག་ཡང་བསྐྱར་འཕྱུར་ཡོད།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་བྱུང་བའི་དུས།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་བྱུང་བའི་དུས་གང་ནས་ངོས་འཛིན་བྱེད་དགོས་ཚུལ་ཐད་ནས་མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་བ་བྱུང་བར་སྣང་སྟེ། ཨ་རིའི་སྙན་ངག་པ་དང་རྩོམ་རིག་སྨྲ་བ་ཁ་ཅིག་གིས་སྤྱི་ལོ་ ༡༨༧༠ དང་ ༡༨༨༠ སོགས་ངོས་འཛིན་བྱེད་ཚུལ་མི་འདྲ་བ་དང་། ཡང་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་ཞིབ་འཇུག་པ་མང་པོ་ཞིག་གིས་ཌེན་མཱརྐ་ (Denmark) ཀྱི་རིག་རྩལ་སྐྱོན་བརྗོད་པ་ཞིག་གི་ལྟ་བར་རྒྱབ་སྐྱོར་གྱིས་སྤྱི་ལོ་ ༡༨༩༠ ལོར་ངོས་འཛིན་བྱེད། ཡང་མཁས་པ་འགའ་ཞིག་གིས་སྤྱི་ལོ་ ༡༨༥༧ ལོར་ངོས་འཛིན་ཏེ། ལོ་དེར་ཧྥ་རན་སིའི་སྙན་ངག་པ་བྷོ་དི་ལེར་གྱི་སྙན་དེབ་ «སྡིག་པའི་མེ་ཏོག»[5]ཅེས་པ་དེ་འགྲེམས་སྤེལ་བྱས་ཤིང་། དེ་ནི་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཁག་ལས་མཚོན་རྟགས་རིང་ལུགས་[6]ཀྱི་ལུགས་སུ་བརྩམས་ཡོད། གྲུབ་མཐའ་དེ་ནི་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཐོག་མ་དེ་ཡིན། སྐབས་འདིར་ཡང་ཕྱི་མའི་ལུགས་ལྟར་ངོས་འཛིན་བྱེད་དེ། རྒྱུ་མཚན་ནི། དང་པོ། «སྡིག་པའི་མེ་ཏོག» ནི་མཚོན་རྟགས་རིང་ལུགས་ཀྱི་དཔེར་མཚོན་འོས་པའི་བརྩམས་ཆོས་དང་པོ་དེ་ཡིན་ལ། ཕྱོགས་ཡོངས་ནས་སྲོལ་རྒྱུན་སྙན་ཚིག་གི་སྒྱུ་རྩལ་གཏོར་ཏེ་ལམ་བུ་གསར་པ་བཏོད་པའི་བརྩམས་ཆོས་དང་པོ་དེའང་ཡིན་པས། དེས་མཚོན་རྟགས་རིང་ལུགས་དར་འཕེལ་དང་དེང་རབས་རིང་ལུགས་རྩོམ་རིག་དངོས་སུ་འགོ་ཚུགས་པ་མཚོན་ཡོད། གཉིས་པ། «སྡིག་པའི་མེ་ཏོག» ནི་དེ་རྗེས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་རིང་ཐོན་པའི་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་སྣ་ཚོགས་དང་རྩོམ་དེབ་ཀྱི་སྤྱིའི་འབྱུང་རྩ་ཡིན་ལ། དེང་རབས་རིང་ལུགས་ཀྱི་བརྩམས་ཆོས་མང་ཆེ་བའི་ནང་དེའི་ཤུགས་རྐྱེན་དང་རྗེས་ཤུལ་མཐོང་རྒྱུ་ཡོད། གསུམ་པ། བརྗོད་བྱའི་ཐད་ནས་མིའི་ནང་བསམ་པའི་གཏིང་རིམ་དུ་གནས་པའི་འཇིག་རྟེན་དེ་ཉིད་སྔོག་འདོན་བྱ་བའི་ལས་སུ་ཞུགས་ཏེ་«སྡིག་པའི་མེ་ཏོག»གིས་རྩོམ་ཚུལ་ཐད་འཕོ་འགྱུར་ཆེན་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད་དེ། སྤྱི་ཚོགས་ནང་གི་མི་གཤིས་ངན་པའི་རིགས་སྒྱུ་རྩལ་གྱི་མཛེས་པ་རུ་བཞག་ནས་འབྲི་འགོད་བྱས་པ་དང་། སྒྱུ་རྩལ་གྱི་ཐབས་རྩལ་ཐད་ནས་ཤུགས་བསྟན་དང་། བསྡུས་བརྗོད། འབྲེལ་དྲན། ཆོས་ཕན་ཚུན་དཔྱད་སྡུར། བློ་ཁམས་སོགས་ཀྱི་འབྲི་སྟངས་ལྷུར་བླངས་ནས་མིའི་ནང་སེམས་ཀྱི་གསང་བ་ཕྱིར་སྔོག་འདོན་བགྱིས་ཏེ། དེང་རབས་རིང་ལུགས་རྩོམ་རིག་གི་གཞི་རྩའི་ཁྱད་ཆོས་ལྡན་པར་བྱས་ཡོད་དོ།།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་བསམ་བློའི་ནང་དོན།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་བསམ་བློའི་ནང་དོན་ཐད་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ། དང་པོ། བླང་དོར་མེད་པར་སྨྲ་བའི་རིང་ལུགས་སྒྲོག་སྤེལ་བྱེད་པ་སྟེ། དེ་ནི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་གཉིས་ཀྱི་མི་འདྲ་སའི་ཁྱད་ཆོས་ཆེ་ཤོས་དེ་རེད། ཡོ་རོབ་ཏུ་རིག་རྩལ་སྐྱར་དར་སྐབས་ཀྱི་མི་ཆོས་རིང་ལུགས་ཀྱི་རྩོམ་རིག་ནས་དུས་རབས་བཅུ་དགུ་དང་ཉི་ཤུའི་བར་གྱི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་བཅས་ཚང་མས་བྱུང་རིམ་དང་། མི་སྣ། ཁོར་ཡུག་སོགས་བླང་དོར་དང་གདམས་གསེས་ཀྱིས་རང་གི་བརྩམས་ཆོས་སུ་བཀོད་དེ་བླང་དོར་སྨྲ་བ་དར་སྤེལ་དང་། བླང་དོར་སྨྲ་བའི་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཡོད། འོན་ཀྱང་དེང་རབས་རིང་ལུགས་རྩོམ་རིག་གིས་དེ་ལས་ལྡོག་སྟེ་བླང་དོར་གྱི་འཇུག་ལྡོག་ཁས་མི་ལེན་པ་དང་། ཕྱི་རོལ་གྱི་འཇིག་རྟེན་དང་ཆོས་ཉིད་ཁས་ལེན་གྱི་མེད། མ་ཟད་འཛམ་གླིང་དམག་ཆེན་གཉིས་པའི་སྔ་རྗེས་ཀྱི་སེམས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་[7]ཤུགས་རྐྱེན་ཐེབས་ཏེ། བླང་དོར་སྨྲ་བར་སུན་འབྱིན་གྱིས་རྟོག་པ་འོག་འགྱུའི་ནུས་པ་ནན་བཤད་བྱེད་པ་སྟེ། སྒྱུ་རྩལ་གྱི་བརྩམས་ཆོས་ནི་རྟོག་པ་འོག་འགྱུ་ལས་བྱུང་ཞིང་། བརྩམས་ཆོས་ཀྱི་ནང་དུ་རྩོམ་པ་པོའི་སེམས་ནང་གི་རྟོག་པ་འོག་འགྱུ་དེ་མངོན་གསལ་ཅན་དང་གཟུགས་འགྱུར་བྱས་པ་ཞིག་ཏུ་འདོད་ཅིང་། འཇིག་རྟེན་ནི་ཁུངས་ལུང་མེད་པ་དང་། མི་ཚེ་ནི་སྡུག་བསྔལ་དུ་འདོད་པའི་རང་སྣང་སེམས་གཙོ་རིང་ལུགས་དང་ཉམས་དམས་རིང་ལུགས་ཀྱི་བསམ་བློ་དེ་དེང་རབས་རིང་ལུགས་རྩོམ་རིག་གི་རྩོམ་ཡིག་ཁྲོད་དུ་སིམས་ཤིང་བསྲེས་པར་བྱུང་ཡོད།
གཉིས་པ། བདག་ཉིད་མངོན་པར་མཚོན་དགོས་པ་ནན་བཤད་བྱེད་པ་སྟེ། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་ཁོར་ཡུག་འབྲི་འགོད་བྱ་རྒྱུར་མཐོང་ཆེན་མི་བྱེད་པར་མི་སྣའི་རང་སྣང་འཇིག་རྟེན་མངོན་པར་མཚོན་པ་བྱ་རྒྱུར་གཙོ་བོར་འཛིན་གྱི་ཡོད། དེང་རབས་རིང་ལུགས་རྩོམ་རིག་གི་རྩོམ་པ་པོ་ཚོས་མིའི་སེམས་ནང་གི་འཚོ་བ་དེ་བརྩམ་བྱའི་གཙོ་གནད་དུ་བརྩིས་ནས་མིའི་སེམས་ཁམས་ཀྱི་འགུལ་སྐྱོད་ཞིབ་འགོད་ལེགས་འབྲི་དང་། མི་སྣའི་སེམས་ཤུགས། འབྲེལ་དྲན། འཆར་སྒོ། འཁྲུལ་སྣང་། དེ་བཞིན་བརྩེ་གདུང་གི་འགྱུར་བ་ཕྲ་མོ་སོགས་མཚོན་ཐབས་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་རྟག་ཏུ་མི་སྒེར་གྱི་ནང་སེམས་འཚོ་བ་བརྗོད་བྱ་གཙོ་བོར་འབྲི་བ་དང་། ཁོ་པ་ཚོས་ཡིན་མིན་གོ་ལྡོག་དང་ཉ་ཉུང་མཉམ་བསྲེ་བྱེད་པའི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཁྲོད་དུ་མི་ནི་མི་མ་ཡིན་པར་གྱུར་ཟིན་ལ། མི་རང་ཉིད་ཀྱི་ངོ་བོ་ཡང་འགྱུར་ཟིན་པའི་ངོས་འཛིན་བྱེད་པར་བརྟེན། ཁོང་ཚོའི་གསར་རྩོམ་དེའང་བདག་ཉིད་འཚོལ་བའི་རྩོམ་རིག་ཏུ་གྱུར་ཅིང་། དེར་བརྟེན་ཁོ་ཚོའི་སོར་མོའི་སྨྱུག་ཁ་ནས་ཐོན་པའི་མི་སྣ་རྣམས་ཀྱང་མ་རབས་ཐ་ཤལ་དང་། ཡ་མ་གཟུགས། ཐ་ན་སྤྱི་ཚོགས་ཀྱི་ཕྱི་རོལ་དུ་གནས་འཆའ་བའི་ལྗོངས་རྒྱུ་བ་བཅས་རེད།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས།
སྒྱུ་རྩལ་རྩོམ་རིག་ཅིག་ཡིན་པའི་ཆ་ནས་དེ་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ནི་ངེས་པར་ཡོད་པ་བཞིན། ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་ལའང་གཤམ་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་དག་ཡོད་དེ།
གཅིག སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་ལ་སུན་འབྱིན་དང་། དཔེ་མཚོན་ཁོར་ཡུག་ཁྲོད་ཀྱི་དཔེ་མཚོན་མི་སྣ་འབྲི་འགོད་བྱ་རྒྱུར་སུན་ཕྱུང་སྟེ། སྒྱུ་རྩལ་གྱི་རྣམ་པའི་ཐད་ནས་བློ་རྒྱ་ཆེན་པོས་གསར་གཏོད་བྱ་དགོས་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དེང་རབས་རིང་ལུགས་ཀྱི་རྩོམ་པ་པོ་ཚོས་རྣམ་པའི་ཐད་སྲོལ་གསར་ལུགས་གཞན་འཛུགས་རྒྱུ་ཁོ་ན་དོན་གཉེར་བྱེད་པས། རྣམ་པ་རིང་ལུགས་ཀྱི་འཆིང་རྒྱར་ཚུད་རྒྱུ་ནི་གཡོལ་ཐབས་མེད་པའི་སྣང་ཚུལ་ཞིག་ཡིན། ཁོང་ཚོའི་བརྩམས་ཆོས་འགའ་ཞིག་གི་མི་སྣའི་སྣང་བརྙན་དེ་ཁ་ཐོར་ཡ་བྲལ་དང་རབ་རིབ་ཟང་ཟིང་གིས་རྐྱེན་པས་ཀློག་པ་པོས་མི་སྣ་གཙོ་བོ་ཡང་སྙིང་ཕོ་མོ་གང་ཡིན་ཤེས་རྟོགས་མི་ཐུབ་པ་དང་། བརྩམས་ཆོས་འགའ་ཞིག་གི་ཁྲོད་དུ་མིང་གཅིག་པ་ཡིན་པ་གཞིར་བཞག་ལ། སྐབས་རེར་དེ་སྐྱེས་པར་གོ་ལ། ཡང་སྐབས་རེར་བུད་མེད་ལ་ཟེར་བ་ལྟ་བུ་རྣམ་པ་དཔེ་གསར་ཡིན་ལ་ནང་དོན་རབ་རིབ་ཏུ་བཟོས་ནས་ཅི་ཡིན་ཆ་མི་འཚལ་བ་ལྟ་བུའི་སྣང་ཚུལ་འབྱུང་བཞིན་ཡོད།
གཉིས། དེང་རབས་རིང་ལུགས་ཀྱི་རྩོམ་པ་པོ་ཚོས་རྟག་ཏུ་རང་གི་བརྩམས་ཆོས་ནང་མཚོན་རྟགས་ཀྱི་འབྲི་ཐབས་སྤྱོད་ཀྱི་ཡོད། མཚོན་རྟགས་རིང་ལུགས་ཀྱི་རྩོམ་པ་པོས་མཚོན་རྟགས་དེ་མཚོན་བྱེད་གཙོ་བོ་ཞིག་ཏུ་བརྩི་བར་མ་ཟད། མངོན་མཚོན་རིང་ལུགས་ཀྱི་རྩོམ་པ་པོ་དང་། ཚུལ་འཆལ་སྨྲ་བའི་ཟློས་གར་བས་ཀྱང་འབྲི་ཐབས་དེ་རིགས་སྤྱོད་རྒྱུར་དགའ་པོ་བྱེད། ཁོང་ཚོས་རང་མཚན་གྱི་གཟུགས་བརྙན་ལ་བརྟེན་ཏེ་སྤྱི་མཚན་གྱི་གོ་དོན་མཚོན་པར་བྱེད་པ་དང་། དངོས་པོའི་ཚོར་བ་ཡོད་པའི་གཟུགས་བརྙན་ལ་བརྟེན་ཏེ་དཔོག་དཀའ་བ་དང་ཁོང་དུ་སྦས་པའི་བསམ་བློའི་བརྩེ་གདུང་མཚོན་པར་བྱེད་ཀྱི་ཡོད། དེང་རབས་རིང་ལུགས་ཀྱི་རྩོམ་པ་པོས་མཚོན་རྟགས་ཀྱི་འབྲི་ཐབས་སྤྱོད་སྐབས་ག་དུས་ཡིན་རུང་རང་གི་ཐད་ཀའི་ཚོར་བ་དང་དམིགས་བསལ་གྱི་མྱོང་གོམས་ལ་བརྟེན་གྱི་ཡོད་པས་རང་སྣང་གང་བསམ་གྱི་རང་བཞིན་ཤིན་ཏུ་ཆེན་པོ་ཡོད་པ་སྟེ། དཔེར་ན་གཤག་བཅོས་སྟེགས་བུའི་ཐོག་སྦྲིད་སྨན་བརྒྱབས་ཏེ་བཞག་པའི་ནད་པས་ས་སྲོས་ཀྱི་དུས་མཚོན་པར་བྱེད་པ་ལྟ་བུ་ཀློག་པ་པོས་གོ་བ་ལེན་ཐབས་བྲལ་བ་དང་། ཁོང་ཚོས་དངོས་ཡོད་རིང་ལུགས་ཀྱི་དཔེ་མཚོན་ཅན་གྱི་འབྲི་ཐབས་ལ་སུན་འབྱིན་པར་མ་ཟད། འཆར་ཡན་རིང་ལུགས་ཀྱི་བརྩེ་གདུང་ཐད་ཀར་སྟོན་པའི་མཚོན་ཐབས་ལའང་སུན་འབྱིན་གྱིས་རང་མཚན་གྱི་གཟུགས་བརྙན་ལ་བརྟེན་ནས་སེམས་གཏིང་གི་བསམ་པའི་བརྩེ་གདུང་མཚོན་དགོས་པར་འདོད་པ་དཔེར་ན། ཁོང་ཚོའི་སྙན་ཚིག་ཅིག་ཏུ་ “ང་ཚོའི་ཁྲག་དྲོན་ལ་བརྟེན་ནས། ད་གཟོད་རྒྱ་སེའི་སྡོང་པོ་གསོ་ཐུབ་”ཅེས་པའི་རྒྱ་སེའི་སྡོང་པོ་ནི་སྐབས་འདིར་རྩོམ་པ་པོས་དགའ་ཞེན་བྱེད་པའི་རང་གི་མེས་རྒྱལ་གྱི་མཚོན་རྟགས་ཡིན་པ་ལྟ་བུའོ།།
གསུམ། རྟོག་པ་རང་ཡན་པའི་འབྲི་ཐབས་སྤྱོད་པ་སྟེ། འདི་ནི་དེང་རབས་རིང་ལུགས་ཀྱི་རྩོམ་པ་པོ་ཚོས་ཡོངས་ཁྱབ་ཏུ་སྤྱོད་པའི་སྒྱུ་རྩལ་གྱི་འབྲི་ཐབས་ཤིག་རེད། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་རང་སྣང་འཇིག་རྟེན་མཚོན་རྒྱུ་གཙོ་ཆེར་འཛིན་པར་བརྟེན་སེམས་ཁམས་འབྲི་འགོད་བྱ་རྒྱུར་མཐོང་ཆེན་བྱེད་ཅིང་། ཁོང་ཚོས་བསམ་པའི་ཆིག་ལབ་དང་རང་མོས་འབྲེལ་དྲན་ལ་བརྟེན་ཏེ་མི་སྣའི་རྙོག་འཛིང་ཆེ་ལ་དཔོག་དཀའ་བ་དང་། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་སེམས་ཁམས་ཀྱི་འགུལ་སྐྱོད་མཚོན་པར་བྱེད་ལ། མི་སྣའི་རྟོག་པ་འོག་འགྱུ་འགུལ་སྐྱོད་འཚོལ་ཞིབ་ཀྱིས་མི་སྣའི་རྟོག་པ་དང་རྟོག་པ་འོག་འགྱུའི་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་པའི་རྣམ་པ་མཚོན་ཐབས་བྱེད་ཀྱི་ཡོད། རང་སྣང་རྟོག་པའི་འགུལ་སྐྱོད་འདིའི་རིགས་ལ་རང་འདོད་ཀྱི་རང་བཞིན་དང་། མཆོང་སྐྱོད་ཀྱི་རང་བཞིན་ཤུགས་ཆེར་ལྡན་ཡོད། རྟོག་པ་རང་ཡན་པའི་འབྲི་ཐབས་ཀྱིས་རང་མོས་འབྲེལ་དྲན་བྱ་རྒྱུ་གཙོ་བོར་བཟུང་སྟེ་དངོས་ཡོད་དང་རྨི་ལམ་འཁྲུལ་སྣང་དང་། དེ་རིང་དང་སང་ཉིན། རྟོག་པ་དང་རྟོག་པ་འོག་འགྱུ་བཅས་ཟུང་འབྲེལ་བྱེད་པ་དང་། ཡུལ་དུས་ཀྱི་ཐད་ལ། རྟག་ཏུ་དུས་ཚོད་ཀྱི་གོ་རིམ་གོ་ལྡོག་དང་། ཡུལ་དུས་ཀྱི་དབྱེ་མཚམས་མཉམ་བསྲེས་བྱེད། འབྲི་ཐབས་འདིའི་རིགས་ཀྱིས་མིའི་སེམས་གཏིང་གི་གསང་བ་དང་བང་རིམ་མང་བའི་སེམས་ཁམས་ཀྱི་འགུལ་སྐྱོད་མཚོན་ཐུབ་ལ། སེམས་ཁམས་འབྲི་འགོད་ཀྱི་འཁོར་རྒྱ་ཆེས་ཆེར་བསྐྱེད་པས། དེ་ནི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ཁྱད་ཆོས་ཆེན་པོ་ཞིག་ཏུ་གྲུབ་ཡོད།
བཞི། ཚུལ་འཆལ་གྱི་འབྲི་ཐབས་སྤྱོད་པ་སྟེ། འབྲི་ཐབས་འདི་ནི་བྱ་དངོས་དེ་ཉིད་དཔེ་མེད་ཀྱི་ཡ་མཚན་ཞིག་ཏུ་སྒྲོ་འདོགས་བྱེད་ཐབས་ཤིག་རེད། རྩོམ་པ་པོས་ཐབས་མཁས་ཀྱིས་ཚུལ་འཆལ་གྱི་འབྲི་ཐབས་འདི་སྤྱད་པ་བརྒྱུད་ནས་བྱ་དངོས་ཀྱི་ངོ་བོ་གསལ་སྟོན་བྱེད་ཐུབ་པ་དཔེར་ན། «རྐུབ་སྟེགས་»[8]ཞེས་པར་མཚོན་ན། སྡིངས་ཆའི་ཐོག་རྐུབ་སྟེགས་ཀྱིས་ཁེངས་པའི་བར་མཚམས་སུ་རྒད་པོ་གཉིས་དཀའ་སྡུག་ཆེན་པོས་དལ་བུར་འགུལ་སྐྱོད་བྱེད་པ་དེ་ནི། རྩོམ་པ་པོས་ཚུལ་འཆལ་གྱི་བྱ་ཐབས་སྤྱད་པ་བརྒྱུད་དངོས་པོས་མིར་གཉའ་གནོན་གཏོང་བའི་བརྗོད་བྱ་གཙོ་བོ་དེ་གསལ་སྟོན་བྱས་པ་ལྟ་བུ་ཡིན། སྒྱུ་རྩལ་གྱི་བྱེད་ཐབས་འདིའི་རིགས་བེད་སྤྱོད་ལེགས་པོ་གཏོང་ཐུབ་ན། ཐབས་མཁས་ཀྱི་སྒོ་ནས་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་གསལ་སྟོན་དང་། ཀློག་པ་པོའི་སྤྲོ་བའང་སྲིང་ཐུབ་པ། ཁོང་ཚོའི་མནོ་བསམ་ལ་སྐུལ་འདེད་གཏོང་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད་དོ།།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཁག་དང་དེ་དག་གི་ཚབ་མཚོན་བརྩམས་ཆོས།
ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་མང་པོ་ཞིག་ཡོད་ནའང་། དེ་དག་རེ་རེ་ནས་ངོ་སྤྲོད་བྱེད་པའི་ལས་སུ་མི་འཇུག་པར་ཐེངས་འདིར་གྲུབ་མཐའ་དེ་དག་ལས། འཛམ་གླིང་གི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ཁག་ལ་ཤུགས་རྐྱེན་ཆེ་བའི་གྲུབ་མཐའ་ཁག་འགའ་ངོ་སྤྲོད་བྱ་རྒྱུ་དང་། གཞན་རྣམས་མིང་ཙམ་སྨོས་པས་ཆོག་པར་བྱ་རྒྱུ་ཡིན། ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཐོག་མ་དེ་མཚོན་རྟགས་རིང་ལུགས་ཡིན་པ་ནི་དེང་རབས་རིང་ལུགས་རྩོམ་རིག་བྱུང་བའི་དུས་ངོས་འཛིན་བྱེད་པའི་སྐབས་ཟུར་ཙམ་གླེངས་པ་བཞིན། འདིར་ཐོག་མར་མཚོན་རྟགས་རིང་ལུགས་ཀྱི་གྲུབ་མཐའི་སྐོར་དང་དེའི་ཚབ་མཚོན་བརྩམས་ཆོས་འགའ་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན།
མཚོན་རྟགས་རིང་ལུགས་ཀྱི་གྲུབ་མཐའ།
མཚོན་རྟགས་ཞེས་པ་ནི། སའིམ་བྷོལ་ (symbol) ཞེས་པའི་མིང་ཚིག་འདི་ལས་བྱུང་ཞིང་། མིང་ཚིག་འདི་ལ་མཚོན་རྟགས། མཚོན་བྱེད། བསྡུས་བརྗོད་སོགས་སྒྱུར་ཚུལ་ཅི་རིགས་ཡོད། དེའི་ཐོག་མའི་གོ་དོན་ནི་གྷི་རི་སིའི་(Greece) ཡི་གེའི་ཐོག་པང་ལེབ་གཅིག་དུམ་བུ་གཉིས་སུ་བགོས་ནས་གང་ཟག་ཕྱོགས་གཉིས་པོ་རེ་རེས་འཁྱེར། སླར་ཐུག་འཕྲད་སྐབས་གཅིག་ཏུ་བསྒྲིགས་ནས་མཛའ་འབྲེལ་མཚོན་པར་བྱེད་པའི་དངོས་དཔང་དུ་ཟེར་གྱི་ཡོད། རྗེས་སུ་འགྱུར་བ་སྣ་ཚོགས་བརྒྱུད་དེ། གོ་དོན་དང་བྱ་དངོས་ག་གེ་མོ་ཞིག་གི་ཚབ་བྱེད་པའི་དོན་དུ་གོ ལྟ་བ་དང་བྱ་དངོས་ག་གེ་མོ་ཞིག་མཚོན་པར་བྱེད་པའི་བརྡ་རྟགས་སམ་དངོས་པོར་མཚོན་རྟགས་ཞེས་འབོད་པར་བྱེད། གོ་དོན་དེ་དང་ནམ་རྒྱུན་མི་རྣམས་ཀྱིས་ཆོས་གང་ཡང་རུང་བ་ཞིག་མཚོན་དཔེར་འཇོག་པ་དེ་གཉིས་མི་མཚུངས་ཏེ། མཚོན་རྟགས་འདིས་ནི་གང་མཚོན་པར་བྱ་བའི་བྱ་དངོས་དེའི་ངོ་བོར་ཁྱབ་པ་ཞིག་དགོས་པས་སྔ་མ་ལས་ཀྱང་གོ་དོན་ཤིན་ཏུ་ཟབ་པ་ཡོད།
མཚོན་རྟགས་རིང་ལུགས་དེ་ནི་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་ཁྲོད་ཐོན་སྔ་ཤོས་དང་། ཤུགས་རྐྱེན་དང་ཁྱབ་ཚད་ཆེ་ཤོས་བཅས་ཡིན་པའི་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན། དེ་ལ་སྔར་དར་མཚོན་རྟགས་རིང་ལུགས་དང་ཕྱི་དར་མཚོན་རྟགས་རིང་ལུགས་བཅས་གཉིས་སུ་དབྱེ་ཡི་ཡོད། མཚོན་རྟགས་རིང་ལུགས་ཀྱི་ཐོག་མའི་གྲུབ་མཐའི་སྲོལ་གཏོད་པ་པོ་ནི་བྷོ་དི་ལེར་[9]ཡིན་ཏེ། ཁོང་གི་བརྩམས་ཆོས་ «སྡིག་པའི་མེ་ཏོག» ཅེས་པའི་སྙན་ངག་དེབ་དེ་སྤྱི་ལོ་ ༡༨༥༧ ལོར་འགྲེམས་སྤེལ་བྱས་པ་ནས་བཟུང་། སྙན་དེབ་དེ་ཡ་མཚན་ཅན་གྱི་དངོས་པོ་ཞིག་དང་འདྲ་བར་ཧྥ་རན་སིའི་སྙན་ངག་ལས་རིགས་ཀྱི་ཁྲོད་དུ་ཐོན་ཅིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རྩོམ་རིག་ཏུ་གྱུར་པ་མ་ཟད། འཛམ་གླིང་རྩོམ་རིག་ལོོ་རྒྱུས་ཐོག་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར། རྩོམ་རིག་ལས་རིགས་ཐོག་བྷོ་དི་ལེར་གྱི་མཚན་སྙན་གྱིས་ཁྱབ་རྗེས་ཁོང་ཉིད་ལྟེ་བར་བྱེད་པའི་རྩོམ་རིག་གི་གྲུབ་མཐའ་གསར་པ་ཞིག་ཀྱང་མགྱོགས་མྱུར་ངང་བྱུང་བ་མ་ཟད། ཁོང་གི་རྗེས་སུ་འབྲངས་པའི་རྐང་འཛིན་སྙན་ངག་པ་གསུམ་ཞེས་པ་བྱུང་ནས་གྲུབ་མཐའ་གསར་པ་དེ་ཉིད་དུས་རབས་བཅུ་དགུའི་དུས་མཇུག་ཏུ་ཧྥ་རན་སིའི་རྒྱལ་མཚམས་ལས་བརྒལ་ཏེ་ཡོ་རོབ་ནུབ་མ་དང་། ཨ་མེ་རི་ཀ་བྱང་མ་སོགས་ལ་ཁྱབ་འཕེལ་བྱུང་། སྤྱི་ལོ་ ༡༨༩༨ ཡན་མན་ལ་གོང་གི་རྩོམ་པ་པོ་རྣམས་རེ་རེ་ནས་འདས་གྲོངས་སུ་གྱུར་ཏེ་རེ་ཞིག་མཚོན་རྟགས་རིང་ལུགས་ཀྱི་གྲུབ་མཐའ་དེ་འཐོར་ཞིག་ལྟ་བུར་སོང་བས། དེ་རྣམས་ལ་སྔར་དར་མཚོན་རྟགས་རིང་ལུགས་ཟེར་བ་ཡིན།
ཕྱི་དར་མཚོན་རྟགས་རིང་ལུགས་ནི་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུ་ནས་བཞི་བཅུའི་བར་ཡོ་རོབ་དང་ཨ་མེ་རི་ཀ་གླིང་སོགས་ལ་དར་ཁྱབ་ཆེན་པོ་ཡོད་པའི་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་ལ་ཟེར། སྔར་དར་མཚོན་རྟགས་རིང་ལུགས་ཀྱི་གྲགས་ཅན་སྙན་ངག་པ་ཚོའི་ནུས་པས་མཚོན་རྟགས་རིང་ལུགས་དེ་ཉིད་དུས་རབས་བཅུ་དགུའི་མཇུག་ཏུ་ཧྥ་རན་སིའི་རྒྱལ་མཚམས་ལས་བརྒལ་ཏེ་ཡོ་རོབ་སོགས་སུ་རྒྱ་བསྐྱེད་བྱུང་བའི་ཉེར་ལེན་ལས། དུས་རབས་ཉི་ཤུ་པར་ཕྱི་དར་མཚོན་རྟགས་རིང་ལུགས་ཤིན་ཏུ་དར་འཕེལ་བྱུང་སྟེ་དབྱིན་ཇི་དང་། ཨ་མེ་རི་ཀ འཇར་མན། ཨུ་རུ་སུ། ཨི་ཊ་ལི་སོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་ཐེབས་ནས་འཛམ་གླིང་ཁྱབ་ཁོངས་སུ་བག་ཆགས་ཆེ་ཤོས་འཇོག་ཐུབ་པའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་གྱུར།
མཚོན་རྟགས་རིང་ལུགས་ཀྱི་གྲུབ་མཐའི་ཁྱད་ཆོས་ནི། གཅིག མཚོན་རྟགས་རིང་ལུགས་པས་དངོས་ཡོད་རིང་ལུགས་པ་ལྟར་དོན་བརྗོད་ཀྱི་ཐབས་རྩལ་བརྒྱུད་ནས་ཕྱི་རོལ་དངོས་པོའི་འཇིག་རྟེན་ཁོ་ན་བྲི་རྒྱུ་མཐོང་ཆེ་བྱེད་པ་ལས་ལྡོག་ནས། ཁོང་ཚོས་མིའི་ནང་བསམ་པའི་འཇིག་རྟེན་དེ་ཉིད་མཚོན་རྟགས་དང་། གབ་དཔེ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་མི་རྣམས་ཀྱི་རྙོག་འཛིང་ཆེ་བའི་བསམ་བློ་དེ་ནུས་ཤུགས་ཡོད་རྒུས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱེད་ཀྱི་ཡོད།
གཉིས། མཚོན་རྟགས་རིང་ལུགས་ཀྱིས་ནང་བསམ་པའི་འཇིག་རྟེན་དེ་ཐད་ཀར་མཚོན་རྒྱུར་སུན་ཕྱུང་སྟེ་མཚོན་རྟགས་དང་ཤུགས་བསྟན་ནན་བཤད་བྱེད་དེ། ཁོང་ཚོས་བརྗོད་བྱ་གཙོ་བོ་དང་བྱ་དངོས་གཞན། རྩོམ་པ་པོའི་བརྩེ་གདུང་བཅས་མཚོན་རྟགས་རང་བཞིན་གྱི་དངོས་པོའི་སྣང་ཚུལ་སྤྱད་དེ་ཐབས་མཁས་ཀྱིས་མཚོན་པར་བྱེད།
གསུམ། མཚོན་རྟགས་རིང་ལུགས་ཀྱིས་སྙན་ཚིག་གི་རོལ་དབྱངས་རང་བཞིན་ལ་ནན་བཤད་བྱེད་དེ། ཁོང་ཚོས་དཔོག་པར་དཀའ་བའི་སེམས་ནང་གི་གསང་བ་འབྲི་བའམ་སྤྱིར་བཏང་བྱ་དངོས་ཀྱི་རྒྱབ་ཏུ་ཡིབ་པའི་བདེན་དོན་ཉག་གཅིག་མཚོན་པར་བྱེད་ཅིང་། དམིགས་ཡུལ་དེ་འགྲུབ་ཆེད་མཚོན་རྟགས་རིང་ལུགས་པས་སྙན་ངག་གི་རྗོད་བྱེད་ལ་བསྒྱུར་བཅོས་ཆེན་པོ་བཏང་བ་དཔེར་ན། རྒྱུན་སྤྱོད་ཀྱི་ཡི་གེ་དང་མིང་ཚིག་ལ་དམིགས་བསལ་གྱིས་བསམ་ཡུལ་ལས་འདས་པའི་གོང་འོག་ཕན་ཚུན་སྡེབ་དཀྲུག་བྱས་ཏེ་གོ་དོན་གསར་པ་ཞིག་ཐོན་ཐུབ་པར་འབད་ཀྱི་ཡོད། ཁོང་ཚོས་སྙན་ངག་ཚིག་སྦྱོར་གྱི་གཏན་ཚིགས་ཁ་གསལ་རང་བཞིན་གཏོར་དགོས། སྒྲ་དབྱངས་ཀྱི་ལྐོག་གྱུར་དོན་སྙིང་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་འབོད་ཚིག་སྒྲོག་པ་དང་། སྒྱུ་རྩལ་ནི་རོལ་དབྱངས་ཡིན་པ་དང་། རོལ་དབྱངས་ཁོ་ནས་ད་གཟོད་བྱ་དངོས་ཀྱི་ངོ་བོར་ཟབ་འཇུག་བྱེད་ཐུབ་པར་འདོད་པའི་ལྟ་ཚུལ་འཛིན་གྱི་ཡོད།
བཞི། མཚོན་རྟགས་རིང་ལུགས་ལ་ལྐོག་གྱུར་གྱི་ཁྱད་ཆོས་ལྡན་ཡོད་དེ། སྔར་དར་མཚོན་རྟགས་རིང་ལུགས་ཀྱིས་མཚོན་སྟངས་ཐད་ནས་གཙོ་བོ་རབ་རིབ་ཟ་ཟིར་གྱི་ཁྲོད་ནས་གསལ་ལ་མི་གསལ་བ་ཞིག་མཚོན་ཐབས་སུ་ལྷུར་ལེན་པ་དང་། ཕྱི་དར་མཚོན་རྟགས་རིང་ལུགས་པས་གསལ་ལ་མི་གསལ་བ་དེ་ཙམ་མཛེས་པ་རུ་མི་རྩི་བར། ཁོང་ཚོས་ཆོས་ལུགས་དག་གི་ཐུན་མིན་གྱི་མཚོན་བྱེད་རྣམས་མཚོན་རྟགས་ཀྱི་ཐབས་རྩལ་དུ་ཤུགས་ཆེར་སྤྱོད་པ་སྟེ། དཔེར་ན་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱ་གྲམ་སོགས་ལ་མཚོན་རྟགས་ཀྱི་གོ་དོན་ལྡན་པར་བརྟེན། སྙན་ངག་པ་དེ་ཚོས་ཆོས་ལུགས་ཀྱི་ལྐོག་གྱུར་རིང་ལུགས་ཁྲོད་ནས་ཐབས་རྩལ་དེའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་འཚོལ་གྱི་ཡོད་པ་རེད། ཁོང་ཚོས་མི་ཚེའི་དོན་སྙིང་ངོ་མ་ནི་རང་གིས་ཚོར་སྣང་ཐུབ་པའི་འཇིག་རྟེན་གྱི་ཁྲོད་དུ་མེད་པར་མིག་གིས་མཐོང་རྒྱུ་མེད་ལ། རྣ་བས་གོ་རྒྱུ་མེད་ཅིང་། ཚོར་སྣང་ལས་འདས་པའི་ལྐོག་གྱུར་གྱི་ཁྲོད་དུ་གནས་ཡོད་ཅེས་བཤད་ཡོད།
ལྔ། མཚོན་རྟགས་རིང་ལུགས་ཀྱིས་དམིགས་བསལ་གྱིས་མཛེས་པའི་མཚན་ཉིད་བཏོན་ཡོད་དེ། ཁོང་ཚོའི་མཛེས་པ་ནི་སྐྱུག་བྲོ་བའི་ཅ་དངོས་དང་། མ་རུང་བ་དང་སྤྱོད་ངན་གྱི་སྤྱི་ཚོགས་དོན་དངོས་རྣམས་མིའི་འདྲེན་བྱེད་དུ་བཤམས་ཡོང་བ་དང་། སྲང་ལམ་ཁྲོད་ཀྱི་ཐ་མལ་བའི་སྐད་ཆ་དག་སྙན་ཚིག་གི་ལམ་དུ་འདྲེན་པ། ད་ཡོད་སྤྱི་ཚོགས་ནི་སྐྱུག་བྲོ་ཞིང་ངན་རུལ་གྱི་སྣང་ཚུལ་གང་སར་ཁྱབ་པ་ཞིག་དང་། མི་རྣམས་ཀྱི་བསམ་པའི་གནས་སྟངས་ནི་ཤིན་ཏུ་གསོབ་རྫུ་དང་ཡུལ་པོ་ཡིན་པའི་ངོས་འཛིན་བཅས་ཀྱི་སྟེང་ནས་མངོན་ཐབས་བྱེད་ཀྱི་ཡོད།
དྲུག མཚོན་རྟགས་རིང་ལུགས་པས་བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེར་བཏང་ཡོད་དེ། མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་གིས་མ་རྩ་རིང་ལུགས་སྤྱི་ཚོགས་ཁྲོད་ཀྱིི་མི་དང་སྤྱི་ཚོགས། མི་དང་མི། མི་དང་རང་བྱུང་སོགས་ཀྱི་བར་ཡ་མ་གཟུགས་སུ་མངོན་པའི་གནས་སྟངས་ཀྱི་འབྲེལ་བ་དང་དེ་ལས་གྲུབ་པའི་ལྐོག་གྱུར་རིང་ལུགས་ཀྱི་བསམ་པ་དང་། ཉམས་སྨད་དུ་གྱུར་པའི་སེམས་ཤུགས། ཚུལ་འཆོས་ཀྱི་སེམས་ཁམས་སོགས་མཚོན་ཐབས་བྱེད་ཀྱི་ཡོད་སྟབས། ཁོང་ཚོས་ངེས་པར་དུ་སྲོལ་རྒྱུན་སྙན་ངག་གི་བཀག་རྒྱ་ལས་བརྒལ་ཏེ་དོ་སྣང་བྱ་ཡུལ་དེ་མུན་ནག་འཐིབས་པའི་སྲང་ལམ་དང་། རིམ་པ་དམའ་གྲས་ཀྱི་ཨར་ཁང་། དབུལ་པོའི་སྡོད་གནས་དང་སྨད་འཚོང་ཁང་། ལྗན་ལྗིན་གྱིས་ཁེངས་པའི་མཚོ་ཁུག་དང་གཙང་པོ། གྱོན་པ་ཧྲལ་ཧྲུལ་གྱོན་པའི་དབུལ་པོ། བརྙས་བཅོས་ཕོག་པའི་སྨད་འཚོང་མ། འཁོས་ཀ་ཞན་པའི་གྲོང་མི་ཐ་མལ་པ། འདོད་རྔམ་ཆེ་བའི་མི། ཐ་ན་ཁྲག་གིས་ཚོས་པའི་མི་རོ་དང་སྐྱི་གཡའ་བའི་ཀེང་རུས་སོགས་བརྗོད་བྱར་འཇོག་པས། དེའི་ཐོག་ནས་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་གི་བརྗོད་བྱ་ནི་ཐ་མལ་རྩག་རྩིག་དང་། ཐ་ན་མི་རྣམས་ཞེན་ལོག་དང་འཇིགས་སྣང་སྐྱེ་དགོས་པའི་དངོས་པོ་དེ་དག་ཡིན་པར་བསྟན་ཡོད།
མཚོན་རྟགས་རིང་ལུགས་གྲུབ་མཐའི་ཚབ་མཚོན་བརྩམས་ཆོས་ལ། «སྡིག་པའི་མེ་ཏོག»[10] «མ་དབྱངས།»[11]«མྱོས་གྲུ།»[12] «འབྲོག་ལྷའི་ཕྱི་དྲོ།»[13] «མཚོ་འགྲམ་གྱི་དུར་ས།»[14] «འབྲོག་སྟོང་།»[15]«བྱ་སྔོན།»[16]«དམག་མི་བཅུ་གཉིས།»[17] སོགས་ཡོད་དོ།།
རྟོག་པ་རང་ཡན་པའི་གྲུབ་མཐའ།
རྟོག་པ་རང་ཡན་པའི་གྲུབ་མཐའ་ནི། མཚོན་རྟགས་རིང་ལུགས་ཀྱི་རྗེས་སུ་དུས་རབས་བཅུ་དགུ་པའི་དུས་མཇུག་དང་། ཉི་ཤུ་པའི་དུས་འགོར་དར་འཕེལ་བྱུང་བའི་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་ནས་བཞི་བཅུའི་རིང་ཁྱབ་འཕེལ་ཆེན་པོ་བྱུང་སྟེ་ཡོ་རོབ་དང་ཨ་མེ་རི་ཀ་གླིང་གི་རྒྱལ་ཁབ་ཁག་ཏུ་དར་འཕེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་མང་པོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
རྟོག་པ་རང་ཡན་པ་ཞེས་པའི་ཐ་སྙད་འདི་ནི་སེམས་ཁམས་རིག་པ་ཞིག་གི་ཐ་སྙད་གཡར་བའི་ཚིག་ཡིན། ཨ་རིའི་དངོས་སྤྱོད་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་དང་སེམས་ཁམས་རིག་པ་བ་ཝེ་ལེམ་ཀྲན་མུའུ་སིས་ «རང་ཞིབ་སེམས་ཁམས་རིག་པས་དོ་སྣང་མ་བྱུང་བའི་གནད་དོན་འགའ་ཞིག་སྐོར་གླེང་བ།»[18] ཞེས་པ་དང་ཡང་«སེམས་ཁམས་རིག་པའི་རྩ་བའི་རིགས་པ།»[19] ཞེས་པ་གཉིས་ཀྱི་ནང་རྟོག་པ་རང་ཡན་པ་ཞེས་པ་ཐ་སྙད་དེ་བཀོལ་ཡོད།
རྩོམ་རིག་གི་གྲུབ་མཐའ་འདིའི་ཁྱད་ཆོས་ནི། ༡༽ རྩོམ་པ་པོ་བརྩམས་སྒྲུང་ནས་ཕྱིར་འཐེན་གྱིས་མི་སྣ་གཙོ་བོའི་རྟོག་འགྱུའི་འགུལ་སྐྱོད་མཚོན་དགོས་རྒྱུའི་འདོད་ཚུལ་འཛིན་པ། ༢༽ མི་སྣའི་རྟོག་པ་ལ་བརྟེན་ནས་མི་སྣ་འབྲི་བ་ལས་དཔེ་མཚོན་མི་སྣའི་རང་གཤིས་འབྲི་འགོད་བྱ་རྒྱུར་དོ་སྣང་མི་བྱེད་པ། ༣༽ གཏམ་རྒྱུད་ཀྱི་དོན་རྐྱེན་བྱུང་རིམ་གྱིས་གྲུབ་ཆ་མི་བྱེད་པར་སེམས་ཁམས་ཀྱི་དུས་ཚོད་དེ་བརྩམས་ཆོས་ཀྱི་བསམ་པའི་མི་སྣར་བརྩི་བ། ༤༽ རང་མོས་འབྲེལ་དྲན་དང་། ནང་སེམས་ཆིག་ལབ་ཀྱི་བྱེད་ཐབས་སྤྱོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
རྩོམ་རིག་གི་གྲུབ་མཐའ་འདིའི་ཚབ་མཚོན་རྩོམ་པ་པོ་དང་བརྩམས་ཆོས་ནི། སྤྱི་ལོ་ ༡༩༡༣ ལོར་ཧྥ་རན་སིའི་རྩོམ་པ་པོ་མར་སེལ་པྲོའུསཊ་ (Marcel Proust)[20] ཀྱིས་པར་དུ་བསྐྲུན་པའི་རྟོག་པ་རང་ཡན་པའི་བརྩམས་སྒྲུང་གི་ཚབ་མཚོན་བརྩམས་ཆོས་རིང་པོ། «ཆུ་འགྲོས་ལང་ཚོའི་དྲན་གསོ་» ཡི་ཁག་དང་པོ་«སི་ཝན་གྱི་ཁྱིམ་དེར།»ཞེས་པ་དེ་རྟོག་པ་རང་ཡན་པའི་བརྩམས་སྒྲུང་གི་སྲོལ་འབྱེད་བརྩམས་ཆོས་སུ་ངོས་འཛིན་བྱེད་པ་དང་། ༡༩༡༥ ལོར་དབྱིན་ཇིའི་བུད་མེད་བརྩམས་སྒྲུང་རྩོམ་པ་པོ་རི་ཅཱརཌ་སོན་ཌོ་རོ་ཐི་ (Richardson, Dorothy)[21]ཡིས་བམ་པོ་བཅུ་གཉིས་ཡོད་པའི་«གནས་མཇལ།» ཞེས་པའི་བརྩམས་སྒྲུང་གི་ཁག་དང་པོ་ «ཐོག་རྩེ་སྙུང་སྙུང་།» ཞེས་པ་པར་དུ་བསྐྲུན་རྗེས་རྟོག་པ་རང་ཡན་པའི་བརྩམས་སྒྲུང་དེ་ཧྥན་རན་སི་དང་། དབྱིན་ཇི། འཇར་མན། ཨི་ཊ་ལི། ཨ་རི་སོགས་སུ་དར་ཁྱབ་བྱུང་། གོང་གི་བརྩམས་སྒྲུང་དག་གི་རྗེས་སུ་ «ཡིའུ་ལི་ཞི་སི།»[22] «སྒྲོན་སྟེགས་སུ་བསྐྱོད་པ།»[23] «ཀུ་ཅོ་དང་ཟིང་སློང་།»[24] སོགས་རྟོག་པ་རང་ཡན་པའི་བརྩམས་སྒྲུང་དང་། གཞན་ཡང་ཟློས་གར། གློག་བརྙན། སྙན་ངག་བཅས་ཀྱང་བྱུང་ཡོད།
སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གྲུབ་མཐའ།
སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གྲུབ་མཐའ་ནི། དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུའི་ནང་ལེ་ཊིན་ཨ་མེ་རི་ཀ་གླིང་དུ་བྱུང་ཞིང་། འཛམ་གླིང་གི་རྩོམ་རིག་ཁྲོད་ཤུགས་རྐྱེན་ཆེ་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན།
སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཞེས་པའི་ཐ་སྙད་དེ་ཐོག་མར་ཡོ་རོབ་ཏུ་བྱུང་ཡོད། ༡༩༢༥ ལོར་འཇར་མན་གྱི་རིག་རྩལ་དཔྱད་བརྗོད་པ་ཞིག་གིས་དུས་མཇུག་གི་མངོན་མཚོན་སྨྲ་བའི་རི་མོར་ཞིབ་འཇུག་བྱས་པ་གཞིར་བཟུང་ «སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་། དུས་མཇུག་གི་མངོན་མཚོན་སྨྲ་བ། མིག་སྔའི་ཡོ་རོབ་ཀྱི་རི་མོ་བཅས་ཀྱི་གནད་དོན་འགའ་ཞིག» ཅེས་པའི་ཆེད་རྩོམ་ཞིག་པར་དུ་བསྐྲུན་པ་དེ་སི་པེན་ (Spain) རྒྱལ་ཁབ་ཀྱི་«ནུབ་ཕྱོགས།» དུས་དེབ་ཁང་ནས་ཁོང་ཚོའི་སྐད་དུ་ཕབ་སྒྱུར་བྱས་རྗེས་སི་པེན་ (Spain) སྐད་ཀྱི་རྩོམ་རིག་ལས་རིགས་ཐོག་ཤུགས་རྐྱེན་ཐེབས། མི་རྣམས་ཀྱིས་ལེ་ཊིན་ཨ་མེ་རི་ཁ་གླིང་དུ་བྱུང་བའི་རྩོམ་རིག་གི་གྲུབ་མཐའ་གསར་པ་དེར་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཞེས་འབོད་པ་དེ་ནི་གྲུབ་མཐའ་འདིའི་མིང་གི་འབྱུང་ཁུངས་ཡིན།
རྩོམ་རིག་གི་གྲུབ་མཐའ་འདིའི་ཁྱད་ཆོས་ནི། དངོས་ཡོད་དང་སྒྱུ་འཕྲུལ་ཟུང་འབྲེལ་བྱེད་པ་སྟེ། གཅིག་ནས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་ཤུགས་རྐྱེན་ཐེབས་པ་དང་། གཉིས་ནས་ལེ་ཊིན་ཨ་མེ་རི་ཀ་གླིང་གི་དམངས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ཤོད་རྒྱུན་དང་ལྷ་སྒྲུང་དང་ཡང་འབྲེལ་ཡོད་པ་ཞིག་ཡིན། རྩོམ་པ་པོ་ཚོས་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་སྐབས་རྟག་ཏུ་ཚུལ་འཆལ་དང་འཆར་སྣང་གི་བྱེད་ཐབས་སྤྱད་དེ་ཡ་མཚན་ཆེ་བའི་མི་སྣ་དང་། གདོན་གེགས། རྫུ་འཕྲུལ། སྒྱུ་མའི་ཡུལ་ལྗོངས་སྣ་ཚོགས་དང་རང་བྱུང་ལས་འདས་པའི་སྣང་ཚུལ་ཐོན་པར་བྱེད་ཀྱི་ཡོད།
རྩོམ་རིག་གི་གྲུབ་མཐའ་འདིའི་ཚབ་མཚོན་རྩོམ་པ་པོ་དང་བརྩམས་ཆོས་ནི། ཀོ་ལམ་བྷིའ་ (Columbia) ཡི་རྩོམ་པ་པོ་ Gabriel García Márquez[25]ནི་གྲུབ་མཐའ་འདིའི་ཆེས་ཕུལ་བྱུང་གི་ཚབ་མཚོན་རྩོམ་པ་པོ་ཡིན་ཞིང་། ༡༩༨༢ ལོར་ནོ་བྷེལ་རྩོམ་རིག་གི་བྱ་དགའ་ཐོབ། ཁོའི་ཚབ་མཚོན་བརྩམས་ཆོས་ལ་«ལོ་བརྒྱའི་རིང་གྲོགས་མེད་ཁེར་རྐྱང་།»[26]དང་། གཞན་ཡང་བརྩམས་ཆོས་ལ་སྒྲུང་རིང་འབྲིང་ཐུང་གསུམ་ཕྱོགས་བསྒྲིགས་བཅས་ཡོད། གཞན་ཡང་གྲུབ་མཐའ་འདིའི་ཚབ་མཚོན་བརྩམས་ཆོས་ལ་ «ཙུང་ཐུང་སྐུ་ཞབས།»[27]«མ་རྨོས་ལོ་ཏོག་འདེབས་མཁན།»[28] སོགས་ཡོད།
གཞན་ཡང་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ལ། «འབྱུང་འགྱུར་རིང་ལུགས།» «མངོན་མཚོན་རིང་ལུགས།» «ཏ་ཏ་རིང་ལུགས།» «དངོས་ཡོད་བརྒལ་བའི་རིང་ལུགས།» «གཞི་གྲུབ་རིང་ལུགས།» «བརྩམས་སྒྲུང་གསར་པ་སྨྲ་བ།» «ཚུལ་འཆལ་སྨྲ་བའི་ཟློས་གར།» «ཁ་མཚར་ནག་པོ།» སོགས་ཡོད་དོ།།
མཇུག་གི་གསལ་བཤད།
ངོ་སྤྲོད་འདིའི་ཁུང་གཏུག་སའི་ཡིག་ཆ་ནི། «ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ།» སྟོད་སྨད་ཆ་གཉིས་དང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་ནང་གི་ «ལོ་སྟོང་ལྔའི་རིང་གི་འཛམ་གླིང་རྩོམ་རིག» ཅེས་པའི་བསྒྱུར་རྩོམ། ༢༠༠༩ ལོའི་«གངས་རྒྱན་མེ་ཏོག» འདོན་ཐེངས་གསུམ་པ། གཞན་ཡང་དྲ་རྒྱའི་ནང་གི་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་པ་པོ་སོ་སོའི་ངོ་སྤྲོད་དང་ལོ་རྒྱུས་སོགས་གཞི་རྩར་བཟུང་ཡོད།
[1] སྨོན་ལམ་ཚིག་མཛོད་ལས། (Capitalism) མ་རྩའི་རིང་ལུགས། མ་རྩའི་བདག་པོ་སོ་སོར་ཟོག་ཐོན་གྱི་དགོས་མཁོ་སྒྲུབ་པའི་རང་དབང་དང་། མ་རྩ་སྒེར་བདག་གི་ཁྱད་ཆོས་ལྡན་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག
[2] སྤྱི་ལོ་ ༡༩༡༤ ནས་ ༡༩༡༨ བར་དམག་ཆེན་དང་པོ་བྱུང་།
[3] སྤྱི་ལོ་ ༡༩༣༩ ནས་ ༡༩༤༥ བར་དམག་ཆེན་གཉིས་པ་བྱུང་།
[4] གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པ་ནི། དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུའི་དུས་མཇུག་དང་བཞི་བཅུའི་དུས་འགོར་ཧྤ་རན་སི་ནས་དར་འཕེལ་བྱུང་བའི་མཚན་ཉིད་རིག་པ་ཞིག་ཡིན་ཞིང་། དེའི་མཚན་ཉིད་རིག་པ་སྨྲ་བ་པོ་དཔེར་མཚོན་འོས་པ་ནི་པེ་རིས྄་ (Paris) ཀྱི་མཚོ་དམག་དམག་དཔོན་ཞིག་གི་ཁྱིམ་དུ་ (༡༩༠༥-༡༩༨༠) སྐྱེས་པའི་ Jean-Paul Sartre ཡིན། ཁོང་གི་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་བསམ་བློའི་རྩ་དོན་གསུམ་ནི། ངོ་བོ་ལས་གཞི་སྒྲུབ་སྔ་བ། རང་མོས་གདམ་ག འཇིག་རྟེན་ནི་ཁུངས་མེད་དང་མི་ཚེ་ནི་སྡུག་བསྔལ་བཅས་གསུམ་ཡིན། དེའི་མཚན་ཉིད་རིག་པའི་བསམ་བློ་ནི་རིམ་བཞིན་ཨ་རི་སོགས་སུ་མཆེད་དེ་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་གྲུབ་མཐའ་ཁག་ལ་ཤུགས་རྐྱེན་ཆེ་ཤོས་སྟེར་བའི་གྲས་ཤིག་ཡིན།
[5] Charles Baudelaire «The Flowers of Evil»
[6] གྲུབ་མཐའ་འདིའི་སྐོར་འོག་ཏུ་རྩོམ་རིག་གྲུབ་མཐའ་སོ་སོའི་ངོ་སྤྲོད་སྐབས་བཤད་ཡོད།
[7] Jean-Paul Sartre ཡི་མཚན་ཉིད་རིག་པའི་བསམ་བློ་སྟེ་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པ། འདིའི་སྐོར་གོང་དུ་མཆན་བཞི་པའི་ནང་བཀོད་ཡོད།
[8] «རྐུབ་སྟེགས།» ནི་འཁྲབ་གཞུང་ཞིག་ཡིན་ཞིང་ཧྥ་རན་སིའི་རྩོམ་པ་པོ་ (༡༩༠༩-༡༩༩༤) Eugene Ionesco ཡིས་སྤྱི་ལོ་ ༡༩༥༡ ལོར་བརྩམས་ཏེ་ ༡༩༥༢ ལོར་ Paris སུ་འཁྲབ་སྟོན་བྱས།
[9] Charles Baudelaire ནི་ཧྥ་རན་སིའི་རྒྱལ་ས་པེ་རིས་ (Paris) ཞེས་པའི་ས་ཆ་རུ་ (༡༨༢༡-༡༨༦༧) སྐྱེས། ཁོང་གི་སྐོར་ལ་ངོ་སྤྲོད་སྟབས་བདེ་ཞིག་པདྨའི་རང་མདངས་སུམ་ཅུ་པའི་ནང་བཀོད་ཡོད།
[10] Charles Baulaire 1821-1867
[11] Rimbaud, Arthur, 1854 -1891
[12] Rimbaud, Arthur, 1854-1891
[13] Mallarmé, Stéphane, 1842-1898
[14] Ambroise Paul Toussaint Jules Valéry 1871-1945
[15] Thomas Stearns Eliot (T.S.Eliot) 1888-1965
[16] Maeterlinck, Maurice, 1862-1949
[17] Alexander Alexandrovich Blok 1880-1921
[18] སྤྱི་ལོ་ ༡༨༨༤ ལོར་འགྲེམས་སྤེལ་བྱས།
[19] སྤྱི་ལོ་ ༡༨༩༠ ལོར་འགྲེམས་སྤེལ་བྱས།
[20] Proust, Marcel, 1871-1922
[21] Richardson, Dorothy 1873–1957
[22] James Joyce, 1882-1941
[23] Virginia Woolf 1882-1941
[24] William Cuthbert Faulkner 1897 – 1962
[25] Gabriel García Márquez 1927-2014
[26] (One Hundred Years of Solitude)
[27] Asturias, Miguel Ángel 1899-1974
[28] Asturias, Miguel Ángel 1899-1974