བསྟན་འཛིན་ཐུབ་བསྟན། འཛིན་རིམ་དགུ་པ།
ལས་ཉོན་ལྕགས་སྒྲོག་དམ་པོས་བཅིངས་པ་ཡི།།
སྐྱབས་བྲལ་མགོན་མེད་ཉམ་ཐག་འགྲོ་བ་རྣམས།།
འཁོར་བའི་བཙོན་ར་ཆེ་ལས་སྒྲོལ་མཛད་པའི།།
བཅོམ་ལྡན་འདས་མ་སྙིང་རྗེའི་སེམས་ལ་འདུད།།
སྐུ་གསུམ་འདུ་འབྲལ་དབྱེར་མེད་རང་བཞིན་ལ།།
སྟོང་གསལ་འཕོ་འགྱུར་མེད་པའི་ཡེ་ཤེས་སྐུ།།
ཞི་བའི་དབྱིངས་ལས་སློང་བའི་འབྲས་བུ་ཅན།།
དེད་དཔོན་ཐུགས་རྗེ་ཆེན་པོ་ཁྱེད་ཉིད་ལགས།།
ཐམས་ཅད་མཁྱེན་པའི་མངའ་བདག་རྒྱལ་བ་ཀུན།།
ཐུགས་རྗེའི་གཟིགས་པ་དེ་དང་བྲལ་གྱུར་ན།།
བདེན་བཞི་ཆོས་ཀྱི་འཁོར་ལོ་མི་སྐོར་ཞིང་།།
གསུང་སྐྱེས་ཉན་རང་དག་ཀྱང་ག་ལ་འབྱུང་།།
དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་རྣམས།།
གཉིས་སུ་མེད་པའི་བློ་དང་བྱང་ཆུབ་སེམས།།
གཉིས་པོ་ཁོ་ནས་བྱུང་བ་མ་ཡིན་པས།།
རྒྱུ་ཡི་གཙོ་བོ་སྙིང་རྗེ་ཆེན་པོ་ལགས།།
ནུས་མེད་སྟོབས་དང་བྲལ་ཞིང་དབང་མེད་པའི།།
བཙས་མ་ཐག་པའི་ཉམ་ཐག་བྱིས་ཕྲུག་དག།
བྱམས་ལྡན་ཨ་མས་གཅེས་པར་སྐྱོང་བ་ཡི།།
སྐྱབས་མགོན་སྙིང་རྗེ་ཆེན་པོ་མ་ཡི་དྲིན།།
གསེར་དངུལ་རིན་ཆེན་གཏེར་ལ་དབང་འབྱོར་བའི།།
འཁོར་ལོས་སྒྱུར་བའི་སྟོབས་ལྡན་རྒྱལ་པོ་ཡང་།།
གཞན་ཕན་སྙིང་རྗེའི་སེམས་འདི་མེད་གྱུར་ན།།
ཉམ་ཐག་འབངས་རྣམས་དབུལ་ཕོངས་སྡུག་བསྔལ་མྱོང་།།
ཉན་ཐོས་སངས་རྒྱས་འབྲིང་གིས་མི་ལྕོགས་པའི།།
སངས་རྒྱས་འགྲུབ་པའི་ལམ་མཆོག་མ་ནོར་བ།།
བདག་པས་གཞན་གཅེས་བླ་མེད་བྱང་སེམས་ཀྱང་།།
ཐུགས་རྗེ་ཆེན་པོ་ཉིད་ལ་བརྟེན་ནས་བྱུང་།།
ཇི་ཙམ་བསམས་ཀྱང་སེམས་པས་མི་ཟིན་ཅིང་།།
བརྗོད་ཚེ་ཐ་སྙད་ཀུན་ཀྱིས་མི་འདང་བ།།
འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ།།
དྲི་མེད་སྙིང་རྗེ་དེ་ལས་གཞན་མ་མཆིས།།
དམིགས་པའི་དབང་གིས་སྐྱེ་ཚུལ་ཐ་དད་སྣང་།།
ངོ་བོའི་གནས་སུ་ཁྱད་པར་ཅང་མ་མཆིས།།
སྡུག་གིས་མནར་ལ་སྐྱོབ་པར་འདོད་པའི་བློ།།
བརྩེ་བའི་སྙིང་རྗེ་ཞེས་པ་དེ་ཡིན་སྙམ།།
བྱང་ཆུབ་སྒྲུབ་ལ་མེད་དུ་མི་རུང་ཞིང་།།
ཆོས་སྐུའི་དབྱིངས་ལས་སློང་བའི་རྒྱུ་གཅིག་པུ།།
འགྲོ་བ་སྡུག་ལས་སྐྱོབ་པའི་མཚན་ཉིད་ཅན།།
བཅོས་མིན་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག།